ལོ་གསར་ལ་སྤྲོ་སྐྱིད་ཀྱི་ལས་རིམ་མེད་པ་དགོས་པའི་བཀོད་ཁྱབ།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༥ཉིན། དྷ་རམ་ས་ལར་བཙན་བྱོལ་བོད་གཞུང་བཀའ་དྲུང་ཡིག་ཚང་ནས་འདི་ལོའང་བཙན་བྱོལ་དུ་གཞུང་འབྲེལ་ལོ་གསར་དུས་སྟོན་མེད་པའི་སྐོར་གསལ་བསྒྲགས་སྤེལ་འདུག་ལ། གསལ་བསྒྲགས་དེ་བཙན་བྱོལ་བོད་གཞུང་གི་སྡེ་ཚན་ཁག་སོ་སོ་ནས་ཡོངས་ཁྱབ་བྱས་ཡོད་པ་རེད་འདུག གསལ་བསྒྲགས་དེའི་ནང་གཙོ་བོ་བཙན་བྱོལ་བོད་གཞུང་གི་ལས་བྱེད་རྣམས་ཀྱིས་ལོ་གསར་སྐབས། ཆོས་ལུགས་ཆོ་ག་དང་འབྲེལ་བའི་མཆོད་པ་སོགས་ལས། གཞན་རྒྱས་སྤྲོས་ཀྱི་འདུ་འཛོམས་ཐེ་བའི་གླུ་ལེན་བྲོ་འཁྲབ་སོགས་ཀྱི་བྱེད་སྒོ་ནང་མི་ཞུགས་རྒྱུའི་རེ་སྐུལ་བྱས་འདུག རྒྱུ་མཚན་ནི་དེ་སྔོན་ཕྱི་ལོ་༢༠༠༨ས་བྱི་ཞི་རྒོལ་ཆེན་མོ་སྐབས། རྒྱ་གཞུང་གིས་བོད་མི་སྟོང་ཕྲག་མང་པོ་བསད་རྨས་བཏང་ཡོད་པས་མ་ཚད། ད་དུང་གཞིས་ལུས་བོད་མི་རྣམས་ལ་མུ་མཐུད་ནས་སྡུག་རྩུབ་དང་གཉའ་གནོན་བྱེད་བཞིན་ཡོད་པའི་རྐྱེན་གྱིས། བཙན་བྱོལ་བོད་གཞུང་གིས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་གཞུང་འབྲེལ་ལོ་གསར་སྐབས་དུས་སྟོན་མི་བྱེད་རྒྱུ་ཐག་གཅོད་བྱས་པ་ཞིག་རེད་འདུག
བཙན་བྱོལ་བོད་གཞུང་བཀའ་དྲུང་ཡིག་ཚང་གིས་ལོ་གསར་ལ་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་པའི་བཀོད་ཁྱབ།
༄༅། །མཚུངས་མེད་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ།
མཁྱེན་གསལ་ལྟར་དེ་སྔོན་ས་བྱི་ལོའི་ནང་བོད་དུ་དྲག་གནོན་གྱི་གནས་ཚུལ་ཚབས་ཆེའི་འོག་བོད་མི་བརྒྱ་ཕྲག་མང་པོ་རྐྱེན་འདས་དང༌། སྟོང་ཕྲག་མང་པོ་བཙོན་འཇུག་བྱས་པ་མ་ཟད། ད་ལྟའང་བཙན་གནོན་དམ་བསྒྲགས་ཀྱི་གནས་ཚུལ་མཚམས་མ་ཆད་པར་ས་གླང་ལོའི་ནང་དུའང་རྒྱུན་མཐུད་བཞིན་པ་དང༌། བོད་ཀྱི་ས་གནས་མང་པོའི་ནང་དུ་ད་དུང་ལོ་གསར་གཏོང་རྒྱུ་མིན་པའི་ཐག་གཅོད་བྱེད་མཁན་བྱུང་འདུག་པར་བརྟེན། འཆར་ལོ་ལྕགས་སྟག་ལོའི་ལོ་གསར་སྐབས་གཞུང་འབྲེལ་གྱི་མཛད་སྒོ་རིམ་པའི་ནང་ཚེས་གཏོར་དང། བསང་གསོལ་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་རྣམས་སྲོལ་རྒྱུན་ལྟར་གནང་བ་མ་གཏོགས། གསོལ་སྟོན་དང༌། ཞབས་གཞས། ཤོག་པག་སྤར་བ་སོགས་བག་ཡངས་སྤྲོ་སྐྱིད་ཀྱི་ལས་རིམ་གཏན་ནས་མེད་པ་དགོས་རྒྱུ་མ་ཟད། གཞུང་ཞབས་ལས་བྱེད་རྣམས་ཀྱང་སྤྲོ་སྐྱིད་གསོལ་སྟོན་སོགས་སུ་ཕེབས་གནང་མེད་པ་དགོས་རྒྱུ་ཞེས་ཕེབས་འདུག་པ་དེ་གའི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཁག་དང། སྐུ་ཚབ་དོན་གཅོད་ལས་ཁང། སློབ་གྲྭ། སྨན་ཁང་བཅས་ལ་བརྡ་ཁྱབ་འཕྲལ་དུ་གནང་སྐྱོང་དགོས་པ་དགོངས་འཇགས་ཞུ།
བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཟླ་ ༢ ཚེས་ ༣ ལ་ཕུལ།།
