དཀའ་ཉེན་འོག་གི་རིག་གཞུང་གཅེས་སྲུང་བྱེད་རྒྱུ་དམིགས་འབེན་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༤ཉིན། ༼T.A.C.T.I.C ༽ཞེས་པ་ནི་བཞུགས་སྒར་དྷ་སར་གསར་དུ་འགོ་ཚུགས་མ་ཐག་པའི་ཁེ་མེད་སྒེར་གཉེར་ཚོགས་པ་ཞིག་རེད་ཅིང༌། ཚོགས་པ་དེས་དང་བླངས་འབྲེལ་མཐུད་དང་མ་དངུལ་བསྡུ་སློང་གི་ལས་གཞི་གཙོ་གནད་དུ་བཟུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་རྨང་ཚུགས་ཟིན་པའི་ཚོགས་པ་དང་ལས་རིམ་ཁག་ལ་རོགས་འདེགས་དང་སྐུལ་འདུད་གཏོང་འཆར་ཡོད་འདུག དེ་ཡང་ཚོགས་པ་དེ་གསར་དུ་འཛུགས་མཁན་ནམ་འགན་འཛིན་སྐུ་ཞབས་ཌི་རེ་བི་སི་ལགས་ལ་འདི་ག་གསར་ཁང་གི་གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད་ཚོགས་པ་དེའི་ངོ་སྤྲོད་དང༌། སྐབས་བབས་ཀྱི་ལས་འཆར། དེ་བཞིན་མ་འོངས་རྒྱ་སྐྱེད་སོགས་ཀྱི་ཐད་ལ་རྒྱུས་ལོན་རགས་ཙམ་བྱུང་བ་གཤམ་གསལ།

༡༽སྐུ་ཞབས་ཌི་རེ་བི་སི་ལགས། ཐོག་མར་ཁྱོད་ཀྱི་ཚོགས་པ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས། 
ཚོགས་པའི་མིང་ལ་༼ T.A.C.T.I.C ༽ཟེར་ལ། ཚོགས་པ་འདིས་དཀའ་ཉེན་འོག་ཚུད་པའི་སྲོལ་རྒྱུན་རིག་གཞུང་རིགས་སོར་ཆུད་དང་གཅེས་སྲུང་བྱེད་རྒྱུ་དམིགས་འབེན་དུ་བཟུང་ཡོད། ང་ཚོས་དང་བླངས་འབྲེལ་མཐུད་དང་མ་དངུལ་བསྡུ་སློང་གི་ལས་གཞི་བརྒྱུད་དེ་སྤྱི་ཚོགས་ནང་རྨང་ཚུགས་ཟིན་པའི་ཚོགས་པ་སྐྱིད་སྡུག་ཁག་ལ་རོགས་འདེགས་བྱེད་རྒྱུ་ཡིན་ཞིང༌། ཚོགས་པ་དེ་དག་ལ་ཕྱི་རྒྱལ་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་གཅིག་པུ་མ་ཡིན་པར་བོད་མི་རྣམས་ལ་ཤེས་ཡོན་དང་སྦྱོངས་བརྡར་མཁོ་སྤྲོད་བྱས་ཏེ། བོད་མི་དང་བླངས་སྤྱི་ཚོགས་ཞབས་ཞུ་བ་གསོ་སྐྱོང་བྱ་རྒྱུ་ཡིན། འདི་ལྟར་བྱས་ན་བོད་རིགས་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཕན་འབྲས་ཆེན་པོ་ཡོད་པ་རེད།

༢༽ཁྱོད་ཚོགས་པས་ཉེ་ཆར་འགོ་བརྩམས་མ་ཐག་པའི་དབྱིན་ཇི་དང་གློག་ཀླད་འཛིན་གྲྭ། དེ་བཞིན་རྐང་རྩེད་སྤོ་ལོ་རུ་ཁག་སོགས་ཀྱི་སྐོར་རགས་ཙམ་བརྗོད་རོགས།
རྐང་རྩེད་སྤོ་ལོ་རུ་ཁག་འདི་ནི་ངེད་ཚོགས་པའི་ལས་འཆར་གྱི་སྣ་གཞན་ཞིག་ཡིན། ང་ཚོས་སྤྱི་ཚོགས་ཐོག་ལས་མེད་དུ་ལྷག་མཁན་དང༌། སྐྱབས་བཅོལ་ལག་དེབ་མེད་མཁན། དེ་མིན་དུ་ཆང་འཐེན་མཁན་གྱི་ན་གཞོན་དག་སྐོང་འགུགས་བྱས་ཏེ་རྐང་རྩེད་སྤོ་ལོ་རྩེད་དུ་འཇུག་གིན་ཡོད། དེ་དང་ཆབས་གཅིག་ཁོ་ཚོར་དབྱིན་ཇི་དང་གློག་ཀླད་ཀྱི་ཤེས་བྱ་ཡོན་ཏན་འཆད་ཁྲིད་བྱེད་ཀྱིན་ཡོད། ང་ཚོའི་དམིགས་ཡུལ་ནི་ཁོ་ཚོའི་ནང་ཤེས་ཡོན་གོང་སྤེལ་དང་ཕྱི་ལུས་པོ་བདེ་ཐང་དུ་གཏོང་བར་ཤུགས་སྣོན་བྱས་ཏེ། ཁོ་ཚོ་སྤྱི་ཚོགས་ཐོག་རང་རྐྱ་འཕེར་བའི་འཚོ་བ་རོལ་ཐབས་ཀྱི་ལམ་ལ་ཁྲིད་པར་བརྩོན་བཞིན་ཡོད།

༣༽ཁྱོད་ཀྱིས་ད་ཆར་ལག་ལེན་བསྟར་བཞིན་པའི་ལས་གཞི་དང་རིག་གཞུང་གཅེས་སྲུང་དབར་འབྲེལ་བ་གང་ཡོད་དམ།
བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཡོང་རྒྱུ་ནི་ང་ཚོ་ཚང་མའི་རེ་འདུན་རེད། འོན་ཀྱང་བོད་ཀྱི་རིག་གཞུང་མི་ཉམས་ཡུན་གནས་ཡོང་དགོས་ན་རིག་གཞུང་དེ་དེང་རབས་ཅན་དུ་བསྒྱུར་རྒྱུའང་ཁ་ཚ་དགོས་གཏུགས་རེད། ད་ལྟའི་དུས་རབས་༢༠པའི་ནང་སྔར་གྱི་དུས་རབས་༡༦པའི་འགྲོ་ལུགས་སྡོད་སྟངས་དེ་ཉར་ཚགས་བྱེད་རྒྱུ་ཡོད་པ་མ་རེད་ལ། སྐྱེས་ཡུལ་སྐྱེས་ཁུངས་དང༌། གསར་འབྱོར་རྙིང་འབྱོར། དེ་བཞིན་གྲལ་རིམ་སོགས་ཀྱི་དབྱེ་འབྱེད་རིགས་དོར་ཏེ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་རེད། ང་ཚོས་བོད་རིགས་ན་གཞོན་འདི་དག་རུབ་གཅིག་ཏུ་བསྡུས་ཏེ་སྦྱོངས་བརྡར་དང་ཤེས་ཡོན་སློབ་གསོ་མཁོ་སྤྲོད་བྱས་པ་བརྒྱུད། ཁོ་ཚོའི་གསར་གཏོད་ཀྱི་ནུས་པ་དང་འཇོན་ཐང་ཕྱིར་འདོན་ཐབས་ཐད་ཤུགས་རྒྱག་གིན་ཡོད།

༤༽ཁྱོད་ཚོགས་པའི་མ་འོངས་རྒྱ་སྐྱེད་སྐོར་ཅུང་ཙམ་བརྗོད་རོགས།
སྤྱི་ཚོགས་ནང་རྐང་ཚུགས་ཟིན་པའི་ཚོགས་པ་དག་གི་དམིགས་ཡུལ་དང་དགོས་འདུན་ཁག་རྒྱ་སྐྱེད་གོང་སྤེལ་གཏོང་རྒྱུ་ནི་ངེད་ཚོགས་པའི་འཕྲལ་ཕུགས་གཉིས་ཀྱི་དམིགས་བརྟེན་ཡིན། ད་ལྟའི་ཆར་ངེད་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཨ་རིའི་ནང་ཁེ་མེད་ཚོགས་པའི་ཁེ་དབང་ཐོབ་ཐང་རག་ཐབས་ཐད་རོགས་རམ་བྱེད་བཞིན་པའི་སྒང་ཡིན། ངེད་ཚོགས་པའི་མ་འོངས་པའི་རེ་དམིགས་ནི་འདི་ག་མེག་ལོ་གྷན་ཇིའི་རྐང་རྩེད་སྤོ་ལོ་རུ་ཁག་སྲ་ཐག་ཐག་ཏུ་བཏང་རྗེས། མ་ན་ལི་དང་སིམ་ལ་སོགས་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ས་ཁུལ་དུ་རྐང་རྩེད་སྤོ་ལོ་རུ་ཁག་གསར་འཛུགས་བྱས་ཏེ་རྐང་སྤོ་རྩེད་འགྲན་བཀོད་སྒྲིག་བྱེད་རྒྱུ་ཡིན། དེའི་ཞོར་དུ་ན་གཞོན་རྩེད་འགྲན་པ་རྣམས་ལ་དབྱིན་ཡིག་དང་གློག་ཀླད་ཀྱི་ཤེས་ཡོན་ལག་རྩལ་མཁོ་སྤྲོད་བྱ་རྒྱུ་དེ་ཡིན། དེ་ཡང་ངེད་ཚོགས་པའི་མ་འོངས་ལས་འཆར་གཞན་ཞིག་ནི་བོད་ཀྱི་བུད་མེད་ལྷན་ཚོགས་དང་མཉམ་འབྲེལ་སྒོས་བཙན་བྱོལ་ནང་གི་བོད་རིགས་ཨ་ནེ་རྣམས་ཀྱི་སྡོད་ཤག་གི་དཀའ་ངལ་སེལ་རྒྱུར་མ་དངུལ་གྱི་རོགས་འདེགས་བསྡུ་རུབ་བྱེད་རྒྱུ་དེ་ཡིན།

ཤམ་བྷ་ལའི་ཕོ་ཉའི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཁྱེད་ལ་སྙིང་དབུས་ནས་བཀྲིས་བདེ་ལེགས་ཞུ།
1 ༠༥༢༠༡༠༡༤༤༡
ཁྱོད་ཀྱི་བསམ་འདུན་ཡོངས་སུ་འགྲུབ་པའི་སྨོན་འདུན་ཞུ། ཁྱོད་ཀྱིས་ཀྱང་དེའི་ཕྱོགས་སུ་འབད་པ་མུ་མཐུད་གྱིས།



བརྗོད་གཞི་གཞན་ཁག་ལ་གཟིགས།