བོད་རྒྱ་འབྲེལ་མོལ་ཐེངས་དགུ་པའི་རྗེས་གསར་འགོད་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༢ཉིན། བོད་རྒྱ་འབྲེལ་མོལ་ཐེངས་༩པ་གྲུབ་ནས་༧གོང་ས་མཆོག་གི་སྐུ་ཚབ་རྣམས་ཕྱིར་རྒྱ་གར་དུ་འབྱོར་ཡོད་པ་དང༌། དེའི་ཕྱི་ཉིན་བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྤྱི་ཐབ་ཀྱི་ཚོགས་ཁང་ནང་བོད་རྒྱ་འབྲེལ་མོལ་ཐེངས་༩དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌། གསར་འགོད་གསལ་བསྒྲགས་དེ་ནི་དབྱིན་སྐད་ཀྱི་ལམ་ནས་དྲི་བ་དང་དྲིས་ལན་སོགས་གནང་སོང་ལ། སྐབས་དེར་བཙན་བྱོལ་བོད་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང༌། རྒྱ་གར་གྱི་གསར་འགོད་པ། དེ་བཞིན་ཀོ་རི་ཡ་དང༌། ཉི་ཧོང༌། ཨ་རི་སོགས་ཀྱི་གསར་འགོད་པ་སོགས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་ཕེབས་འདུག

དེ་རྗེས་གསར་འགོད་པ་ཁག་ཅིག་གིས་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ལ་བོད་སྐད་ཀྱི་ལམ་ནས་ཟུར་དུ་བཅར་འདྲི་ཞུས་པར་ཁོང་གིས།

ད་ལན་ལྷག་པར་དུ་ང་ཚོའི་ཚོགས་འདུ་ནང་ལ་བོད་རང་སྐྱོང་ལྗོངས་ནས། བོད་རང་སྐྱོང་ལྗོངས་ས་གནས་ཀྱི་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཙོ་གཞོན་པ་ཉི་མ་ཚེ་རིང་ལགས་ཕེབས་ཡོད་པ་ཡིན་དུས། ངས་གོ་སྐབས་དེ་བཟུང་ནས་གསལ་པོ་ག་རེ་ཞུ་རྒྱུ་བྱུང་ཟེར་ན། སྐབས་རེ་རྒྱ་ནག་གཞུང་གིས་འཁྱོག་བཤད་བྱེད་ནས། ཧ་ལམ་༧སྐྱབས་མགོན་རིན་པོ་ཆེས་སྤྱི་ཚོགས་རྙིང་པ་དེ་སླར་གསོ་བྱེད་ཀྱི་ཡོད་རེད་ཟེར་བ་དེ་དང༌། བཙན་བྱོལ་དུ་ཡོད་པའི་སྒྲིག་འཛུགས་དེ་ཕར་ཡོང་ནས་བོད་ནང་ལ་དབང་སྒྱུར་བྱེད་ཀྱི་རེད་ཟེར་བ་སོགས་རྒྱུ་མཚན་མང་པོ་ཞིག་བཤད་ཀྱི་འདུག་ཨ། དེ་ཚོ་ང་ཚོས་ཐེངས་འདིར་གསལ་པོ་བྱས་ནས། གཅིག་ནི་སྤྱི་ཚོགས་རྙིང་པ་དེ་རོ་ལང་རྒྱག་རྒྱུར་ང་ཚོའི་རྨི་ལམ་ནང་ལ་ཡང་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་ནང་ལ་ཁྱེད་རང་ཚོས་མིག་གི་མཐོང་ཐུབ་ཀྱི་རེད། ༧རྒྱལ་བ་རིན་པོ་ཆེས་སྤོབས་པ་དང་ལྡན་པའི་ཐོག་ནས་མང་གཙོ་ཚད་དང་ལྡན་པའི་སྒྲིག་འཛུགས་ཤིག་བཟོས་གནང་ཡོད་པ་རེད། དེ་དང་ཆབས་ཅིག་བཙན་བྱོལ་གཞུང་གི་དབང་འཛིན་པ་དེ་ཚོ་ཕར་ཡོང་ནས་དབང་ཆ་བཟུང་རྒྱུའི་འཆར་གཞི་རྩ་བ་ཉིད་ནས་མ་རེད། ང་གཉིས་སྐུ་ཚབ་གཉིས་ཀྱིས་རྒྱུན་དུ་༧རྒྱལ་བ་རིན་པོ་ཆེ་ལ་རྒྱ་ནག་དང་བོད་ཀྱི་ས་ཁུལ་ཁག་དེ་ཚོར་བོད་རིགས་འཇོན་ཐང་ཅན་དང་ཤེས་ཡོན་ཅན་དེ་འདྲ་དང་འདི་འདྲ་འདུག་ཅེས་ཞུ་དུས་ཧ་ཅང་གི་ཐུགས་མཉེས་པོ་གནང་གི་འདུག་ལ། གང་ཉིད་ཀྱིས་འགྲིགས་ཀྱི་འདུག གཙོ་བོ་གཙོ་བོ་དེ་ཁྱེད་རང་ཚོ་བོད་ནང་ལ་ཡོད་པའི་ལྷ་ས་ཡིན་ནའང་འདྲ། དེ་བཞིན་མར་ཁམས་དང་ཨ་མདོའི་ལུང་པ་དེ་ཚོ་ཡིན་ན་འདྲ། བོད་རིགས་ཀྱི་ལས་བྱེད་པ་འཇོན་ཐང་ཡོད་པ་དང་ཤེས་ཡོན་ཅན། གཙོ་བོ་མ་འོངས་པ་བོད་དེ་འགན་གཙོ་བོ་འཁུར་མཁན་ཁྱེད་རང་ཚོ་རྒྱལ་ནང་དུ་ཡོད་པའི་བོད་རིགས་ཚོས་འཁྱེར་རྒྱུ་རེད་མ་གཏོགས། ང་ཚོ་ཕྱི་ལོགས་སུ་ཡོད་པ་ཉུང་ཤས་དེ་ཕར་ཡོང་ནས་དབང་ཆ་ཟིན་རྒྱུ་རྩ་བ་ནས་མ་རེད། དེ་བཞིན་སྤྱི་ཚོགས་རྙིང་པ་རོ་ལང་རྒྱག་གི་འདུག་ཟེར་བ་དེ་ནི་གཞི་མེད་པའི་སྐད་ཆ་ཞིག་རེད། དེ་དང་ཆབས་ཅིག་ད་ལྟ་བོད་ནང་ལ་ཡིན་ན། བློ་ཁ་མ་ཚིམས་པའི་མི་དེ་སུ་ཆགས་ཡོད་པ་རེད་ཟེར་ན། ཉམ་ཐག་མི་མང་ཁྱེད་རང་ཚོའི་ངོས་ནས་བཅིངས་བཀྲོལ་བཏང་ཡོད་ཟེར་བའི་མི་དེ་ཚོ་ཆགས་བསྡད་ཡོད་པ་རེད་ལ། ང་ཚོ་བཙན་བྱོལ་ནང་ལ་ཚུར་བོད་ནང་ནས་ཡོང་མཁན་དེ་ཚོ་དཀའ་ལས་རྒྱག་ནས་སྲོག་ལའང་ཉེན་ཁ་ཡོད་བཞིན་དུ་བྲོས་ཡོང་མཁན་དེ་ཚོའི་ནང༌། བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་མང་ཆེ་བ་དེ་ཁྱེད་རང་ཚོས་ཞིང་བྲན་ལམ་ལུགས་དང༌། ཁྱེད་རང་ཚོའི་ངོས་ནས་བཅིངས་བཀྲོལ་བཏང་ཡོད་ཟེར་བ་དེ་ཚོ་རེད་མ་གཏོགས། བླ་དྲག་དང་མི་དྲག་དེ་འདྲ་མ་རེད། དེ་ཚོ་ང་ཚོས་ག་དུས་ཡིན་རུང་གནད་འགག་ཧ་ཅང་ཆེན་པོ་བརྩི་བཞིན་ཡོད་ལ། ལྷག་པར་དུ་ན་ནིང་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ས་གནས་དཔོན་རིགས་ཤིག་ཚོགས་འདུ་ནང་ཞུགས་རྒྱུའི་སྒྲོམ་གཞི་ཞིག་བཟོས་ཡོད་པའི་དབང་གིས། དེ་ཚོ་ང་ཚོས་གསལ་པོ་ཐོག་བང་བསྒྲིགས་ནས་བཤད་རྒྱུ་བྱུང་སོང༌། དེ་བཞིན་རྣམ་པ་ཚོས་བོད་སྐད་ཀྱི་ཐོག་ནས་རྒྱང་སྲིང་གནང་གི་ཡོད་པ་ཡིན་དུས། མ་ཚད་ངས་ད་སྔོན་དབྱིན་ཇིའི་ནང་ལ་ཞུས་སོང་ཨ། བོད་མི་མང་གི་ཚབ་སུས་བྱེད་ཐུབ་མིན་དེ་འདྲ་ཁོང་ཚོས་བཤད་ཀྱི་འདུག སྐབས་དེར་ངས་ཁོང་ཚོར་ཁྱེད་རང་ཚོ་སེམས་ལ་མ་ཕོག་ཨ། ང་ཚོ་བོད་རིགས་སྤུན་ཟླ་རེད། ང་ཚོས་ཁྱེད་ཚོར་གུས་ཞབས་ཆེན་པོ་ཡོད། བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་ཐུབ་མཁན་དེ་༧རྒྱལ་བ་བསྟན་འཛིན་རྒྱལ་མཚོ་ལས་ལྷག་མེད་པ་དེ་དངོས་ཡོད་གནས་ཚུལ་རེད། ཁྱེད་རང་ཚོས་ཁྲིམས་དང་འགྲོ་ལུགས་ཟེར་བ་དེ་ཚོ་ནི་གནས་ཚུལ་ཐ་དད་ཅིག་རེད། དེ་ཚོའི་ཐོག་ལ་ང་ཚོས་ཐེངས་འདིར་གོ་སྐབས་བཟུང་ནས་དངོས་ཡོད་གནས་ཚུལ་རེད་ལ། ཧ་ཅང་གི་གསལ་པོ་བཤད་རྒྱུ་བྱུང་སོང༌། ཉེ་ཆར་རྒྱ་ནག་གི་དབུ་ཁྲིད་ཚོས་ཚོགས་འདུ་འཚོགས་ནས་ཐག་གཅོད་བྱས་པའི་ནང་ལ། ཐེངས་འདི་སྔར་དང་མི་འདྲ་བ་བྱས་ནས། བོད་རིགས་ས་ཁུལ་ཡོངས་རྫོགས་ཀྱི་མི་སྐད་བཏང་བ་དང༌། ཁོ་རང་ཚོས་མ་འོངས་པ་ཡིན་ནའང་དཔེར་ན། ཤེས་ཡོན་སློབ་གསོ་སྐོར་དང༌། ཁོར་ཡུག་སྐོར་ཐག་གཅོད་བྱེད་པའི་ལམ་སྟོན་དེ་བོད་རིགས་ཡོངས་ཁྱབ་ལ་བྱས་པ་དེ། ངས་བལྟས་པ་ཡིན་ན། ༧སྐྱབས་མགོན་རིན་པོ་ཆེ་དང་བཙན་བྱོལ་དབུ་ཁྲིད་ཚོའི་ཐོག་ནས་འདས་པའི་ལོ་མང་པོ་ཅིག་རིང་ལ། ང་ཚོ་གཙོ་བོ་དགོས་གནད་དེ་རེད། བོད་རིགས་ཡོངས་རྫོགས་སྲིད་ཇུས་གཅིག་གི་འོག་ལ་དེ་དང་ཆབས་ཅིག་འཛིན་སྐྱོང་གཅིག འཛིན་སྐྱོང་གཅིག་ཟེར་བ་དེས་ཁོང་ཚོ་ཧ་ཅང་འདྲོགས་ནས་ཁ་བྲལ་བྱ་རྒྱུའི་འདོད་པ་འདུག ཕྱེད་རང་བཙན་ཟེར་བ་དེ་ཚོ་རེད། ཡིན་ན་ཡང་ཐེངས་འདིར་ལྟ་སྟངས་གཅིག་ནི་སྲིད་ཇུས་གཅིག་གི་འོག་ལ། ང་ཚོའི་མིས་རེ་འདོད་བྱེད་པ་ཡིན་ཙང་བྱས་པ་རེད་ཟེར་རུང་ཁྱད་པ་མི་འདུག ང་ཚོར་དོན་གྱི་ཐོག་ནས་ཕན་ཐོགས་ཤིག་བྱུང་བ་ཡིན་ན། མིང་ཁོ་རང་ཚོས་འཁྱེར་རུང་འགྲིག་གི་རེད། ༧རྒྱལ་བ་རིན་པོ་ཆེར་ཡིན་ཅིག་མིན་ཅིག་ངོ་སོ་དེ་རག་དགོས་པ་ཡོད་པ་མ་རེད། ༧རྒྱལ་བ་རིན་པོ་ཆེར་ག་རེ་རག་དགོས་པ་རེད་ཟེར་ན། ཁ་ཡོད་ལག་ཡོད་ཀྱིས་བོད་མི་ཚོར་ཕན་ཐོགས་ཡོད་པ་ཞིག་དགོས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ལ་ད་རེས་ང་ཚོས་ཐེངས་འདིར་ཁོང་ཚོས་ཁ་ཕྱོགས་འདྲ་པོ་དེ་མ་ནོར་བ་ལྟ་བུ་ཞིག་ལ་འགྲོ་ཡི་འདུག་བསམས་པ་ཞིག་བྱུང་སོང༌ཞེས་གསུངས་སོང་།

དེ་རྗེས་ཁོང་གིས་མ་འོངས་པའི་འབྲེལ་མོལ་ཐེངས་༡༠དེ་གནང་རྒྱུ་ཡིན་མིན་སྐོར་གསུངས་དོན། གཞི་རྩའི་མ་འོངས་པར་མུ་མཐུད་ནས་འབྲེལ་བ་གནང་རྒྱུ་དེ་ལ་འགྱུར་བ་གང་ཡང་ཡོད་པ་མ་རེད། དེ་ནི་༧རྒྱལ་བ་རིན་པོ་ཆེས་བརྟན་པོ་བཟུང་བཞིན་པའི་དམ་བཅའ་ཞིག་རེད། ཡིན་ན་ཡང༌། མ་འོངས་པའི་འབྲེལ་མོལ་དེ་ག་དུས་ཚོགས་མིན་དེ། གཅིག་ནི་ཁོ་རང་ཚོས་བཤད་པའི་སྐད་ཆ་དེ་ཚོར་ང་ཚོའི་ངོས་ནས་ཡིན་ནའང་གནད་འགག་ཆེན་པོ་བཟུང་ནས་ཡག་པོ་བལྟས་ནས་ཉམས་ཞིབ་བྱེད་དགོས་པ་རེད་ལ། དེ་དང་ཆབས་ཅིག་ང་ཚོའི་ངོས་ནས་ཡིན་རུང་བསམ་ཚུལ་མང་པོ་ཞིག་ཁོང་ཚོར་བཤད་ཡོད་པ་རེད། ཁོ་རང་ཚོའི་ངོས་ནས་ལང་སེང་རྣམ་འགྱུར་ནི་དེ་འདྲ་ཞིག་རེད་དེ། ཡིན་ན་ཡང་ད་དུང་ང་ཚོས་རེ་འདུན་ག་རེ་ཞུ་ཡི་ཡོད་ཟེར་ན། གང་ལྟར་ང་ཚོས་གསལ་པོ་ཞིག་ལབ་པ་ཡིན། བོད་ཀྱི་དཀའ་ངལ་ནི་ཁྱེད་རང་ཚོ་གཅིག་པུས་སེལ་ཐུབས་ཀྱི་མ་རེད། ཁྱེད་རང་ཚོའི་སྟོབས་དང་ནུས་པ་གཅིག་པུས་འདང་གི་མ་རེད། བོད་པ་མི་དེ་ཚོར་ཁ་ལ་ཟ་རྒྱུའི་ལྟོ་ཞིག་དང་རྒྱབ་ལ་གྱོན་རྒྱུའི་གོས་གཅིག་པུས་འགྲིག་གི་མ་རེད། སེམས་ནང་ལ་བདེ་སྐྱིད་ཅིག་རག་དགོས་ཀྱི་ཡོད་པ་རེད། དེ་རག་པ་ལ་༧སྐྱབས་མགོན་ཏཱ་ལའི་བླ་མ་དང་རྒྱ་ནག་དབུས་གཞུང་མཉམ་འབྲེལ་གྱི་ཐོག་ནས་ལས་ཀ་མ་བྱས་ན། དུས་ནམ་ཡང་ཡོང་གི་མ་རེད། དེ་འདྲ་ཡིན་དུས་ཁོ་རང་ཚོའི་ངོས་ནས་ཀྱང་བསམ་བློ་ག་རེ་གཏོང་གི་འདུག་བལྟ། ང་ཚོས་འབྲེལ་མོལ་ཐེངས་༡༠དེ་ག་དུས་ཚོགས་མི་ཚོགས་དེ་མ་འོངས་པར་བཀའ་མོལ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་སྒྲ་ཕབ་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༣༢༠༡༠༡༣༠༩
འབྲེལ་མོལ་ལ་སོང་ན་ཕན་ཚུན་ཁ་བརྡའམ་གསལ་བཤད་ཙམ་བྱས་ནས་ཕྱིར་ཡོང་ན། འབྲེལ་མོལ་ཞེས་པའི་མིང་དེ་ཙམ་གྱིས་ཕན་པ་ཅི་ཡོད་དམ། འབྲེལ་འཚམས་ཀྱི་སྐྱོན་དེ་སུ་ལ་ཡོད་པའང་གསལ་བོར་རྟོགས་དགོས། རྒྱ་རིས་གསལ་བཤད་དེ་དག་སུས་ཀྱང་ཤེས་ཤེས་རེད། བཤད་ཀྱང་སྟོང་བཤད་རེད།
2 ༠༣༢༠༡༠༠༩༤༩
ང་ཚོས་རང་རིགས་ཀྱི་དོན་དུ་མུ་མཐུད་འབད་དགོས།
ཁྱེད་ཚོའི་དྲྭ་ཚིག་དེ་དངོས་ནས་ལེགས་པོ་འདུག་བོད་ནང་གང་སར་མཁོ་ཁྱབ་བྱ་ཐུབ་གི་རེད་དམ། སྤུན་ཟླ་ལགས་ངས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ།
བོད་ནང་ལས་བྱེད་ཤེས་རིགས་བ་འཇོན་ཐང་ཡོད་པ་ཧ་ཅང་མང་བ་ཡོད་རེད། རང་ཡུལ་ཁ་བ་ཅན་གྱི་བདེ་སྡུག་དོན་དུ་རང་ནུས་སྲི་ཞུ་ཅུང་ཙམ་སྒྲུབ་ན་ཨེ་དགའ།
གངས་ཅན་པའི་རུས་པ་ཚོ།
1 ༠༢༢༠༡༠༢༢༠༧
རྣམ་པ་ཚོས་ཆ་འཕྲིན་དང་གསར་འགྱུར་གྱི་ལས་དོན་ལེགས་པོ་བསྒྲུབ་ཀྱི་འདུག་པར་དགའ་བསུ་དང་། ཁྱེད་ཅག་གིས་དྲ་བྱང་དེ་དྲ་ཚིགས་གཞན་གྱི་ནང་དུ་འགོད་ཐུབ་ན་ཁྱབ་རྒྱ་ཆེ་བར་ཕན་ངེས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།