བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དང་འབྲེལ་བའི་གླེང་མོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༨ཉིན། བོད་རྒྱའི་སྐུ་ཚབ་རྣམ་པས་རྒྱ་ནག་ཏུ་བོད་རྒྱའི་གནད་དོན་ཐད་ལ་འབྲེལ་མོལ་གནང་འགོ་ཚུགས་ཡོད་པ་དང་སྟབས་བསྟུན། འདི་ག་གསར་ཁང་གིས་བཙན་བྱོལ་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་ཁག་ཅིག་ལ་བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བར་རེ་བ་དང་དགོངས་ཚུལ་ཅི་ཡོད། དེ་བཞིན་ཐེངས་འདིའི་འབྲེལ་མོལ་འདི་རྒྱ་གཞུང་གིས་ཉེ་ལམ་བསྐངས་ཚར་བའི་བོད་ལྗོངས་ལས་དོན་ཐད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་ཟེར་བ་དེ་དང་འབྲེལ་བ་ཡོད་མེད། གཞན་ཁ་སང་ཞོགས་པར་རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་རྒྱ་ནག་ཕྱི་འབྲེལ་ལས་དོན་བློན་ཆེན་གྱི་མགྲིན་ཚབ་པ་མཱའ་ཀྲའོ་ཞུའུ་ཡིས་ཏཱ་ལའི་བླ་མའི་རེ་སྐུལ་ལྟར་ཁོང་སྐུ་སྒེར་གྱི་སྐུ་ཚབ་མི་སྣ་རྒྱ་ནག་ལ་ཡོང་སྟེ་རྒྱ་ནག་གཞུང་དང་ལྷན་དུ་གོ་བསྡུར་གནང་བའི་ལས་རིམ་འདི་གོ་བསྒྲིགས་ཞུས་པ་ཡིན། ཏཱ་ལའི་བླ་མས་ཐེངས་འདིའི་གོ་སྐབས་གཅེས་སྤྲས་བྱས་ཏེ་རྒྱ་ནག་དབུས་གཞུང་གི་རེ་འདོན་དག་ལ་བཟང་ཕྱོགས་ཀྱི་ལན་འདེབས་གནང་བའི་རེ་བ་ཡོད་ཅེས་དང༌། དེ་མིན་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་སྲིད་བྱུས་དང་ལངས་ཕྱོགས་ལ་འགྱུར་བ་མེད་ཅེས་སྤེལ་བའི་གསལ་བསྒྲགས་ཐད་མཐོང་ཚུལ་ཅི་ཡོད། བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་འབྲེལ་མོལ་ལ་གྲུབ་འབྲས་སོན་གྱིན་མེད་བཞིན་དུ་ཨུ་ཚུགས་ངང་ཕར་ལ་སྐུ་ཚབ་གཏོང་དོན་ཅི་ཡིན་སོགས་ཀྱི་ཐད་བཅར་འདྲི་ཞུས་ཡོད། 

སྤྱི་འཐུས་ཚོགས་གཞོན་རྒྱ་རི་བློ་གྲོས་སྒྲོལ་མ་མཆོག་གིས་གསུངས་དོན།
སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་མོས་ཀྱི་གྲོས་ཆོད་ཀྱིས་བརྟན་ལ་ཕབ་དོན་ནི། རྒྱ་བོད་ཀྱི་གནད་དོན་འདིའི་ཐོག་ལ་མང་མོས་བསམ་ཚུལ་འོས་བསྡུ་བྱས་ཏེ་གཅིག་མཐུན་གྱི་ཐོག་ནས་མཐའ་མ་དེ་ལ་གྲོས་ཆོད་བཞག་སྟེ། གནད་དོན་འདི་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་ལེགས་ཉེས་དབྱེ་འབྱེད་ཀྱི་ཐོག་ནས་དུས་དང་ཆབ་སྲིད་ཀྱི་འགྱུར་བ་ལ་གཟིགས་ཏེ་ག་རེ་གནང་བ་ཡིན་ཡང༌། ང་ཚོས་དེ་གར་རྒྱབ་སྐྱོར་ཡོད་ཅེས་ཞུས་ཡོད་པ་རེད། དེའི་ཐད་ལ་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད། དེ་ཡིན་ཙང༌། རྒྱ་བོད་འབྲེལ་ལམ་གྱི་གནད་དོན་འདིའི་ཐད་ལ་ང་ཚོའི་ཐོག་ནས་ཐག་གཅོད་དེ་གཙང་མ་ཞིག་དང་གསལ་བོ་ཞིག་ཡིན། ང་ཚོ་སྤྱི་འཐུས་ལྷན་ཚོགས་ཀྱི་ཐོག་ནས་ཡིན་ནའང་འདྲ། དེ་བཞིན་དུ་གཙོ་བོ་ྋགོང་ས་སྐྱབས་མགོན་རིན་པོ་ཆེས་དབུས་པའི་བཙན་བྱོལ་གཞུང་གི་ངོས་ནས་བོད་ཆོལ་གསུམ་ཟེར་བ་དེ་ཁ་བྲལ་ཐབས་མེད་པའི་རྩོད་མེད་ཀྱི་གནས་སྟངས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། དེ་ང་ཚོའི་སྔོན་འགྲོའི་ཆ་རྐྱེན་རེད་ཅེས་ངས་ཞུ་གི་མེད། དེ་བོད་ཀྱི་ལོ་རྒྱུས་དང་ལྡན་པའི་བོད་ཆོལ་ཁ་གསུམ་དེ་རང་བཞིན་གྱིས་ཡིན་དགོས་གི་རེད།

བོད་མི་ཞེས་ཟེར་དུས་རང་བཞིན་གྱིས་བོད་ཆོལ་ཁ་གསུམ་ཁྲོད་ཀྱི་བོད་མི་ཞིག་རེད། དེ་མ་ཡིན་པའི་ཐབས་ཤེས་བྱེད་ཡ་དེ་ང་ཚོས་ངོས་ལེན་བྱེད་ཡ་རྩ་བ་ནས་ཡོད་པ་མ་རེད་ལ། འདི་ནི་གཞི་རྩའི་དམ་བཅའ་འང་རེད། དེ་དང་འདྲ་བར་གནད་དོན་མང་པོ་ཞིག་ཡོད་པ་རེད། དཔེར་ན་བོད་ཀྱི་ལོ་རྒྱུས་ཀྱི་ཐོག་ནས་གནད་དོན་བཤད་པ་ཡིན་ན། བོད་དང་རྒྱ་དེ་ཐ་དད་ཀྱི་རྒྱལ་ཁབ་གཉིས་རེད། ཡིན་ནའང་ང་ཚོའི་ད་ལྟའི་སྐབས་འདིར། སྤྱི་ནོརྋགོང་ས་སྐྱབས་མགོན་རིན་པོ་ཆེའི་དགོངས་གཞི་དང་དབུ་ཁྲིད་འོག བོད་ཀྱི་བདེན་མཐའ་སེལ་ཐབས་ཀྱི་ཆེད་དང༌། བོད་ལ་བདེ་སྐྱིད་ཡོང་བའི་ཆེད་དུ། བོད་མི་རིགས་མུ་མཐུད་དུ་འཇིག་རྟེན་འདིའི་ཐོག་གནས་པའི་ཆེད་དུ། དེ་བཞིན་དུ་འཛམ་གླིང་སྤྱི་ཡོངས་ཀྱི་ཞི་བདེ་དང་བཅས་དེ་ཚོ་ཚང་མར་དགོངས་པ་བཞེས་ཏེ་ང་ཚོ་འདས་པའི་ལོ་རྒྱུས་ཀྱི་སྒང་ལ་འགྲོ་མི་དགོས་པར་བྱས་ཏེ། མ་འོངས་པའི་སྒང་ལ་ཕེབས་བསྡད་ཀྱིན་ཡོད་པ་རེད།

རྒྱ་གཞུང་གིས་ཀྱང་དངོས་གནས་དྲང་གནས་བརྟན་འཇགས་དང་ཞི་བདེ། དྲང་བདེན་དགོས་པ་ཡིན་ན་ཏན་ཏན་རང་བསམ་བློ་གཏོང་དགོས་པའི་དུས་ཚོད་ཅིག་ཆགས་བསྡད་ཡོད་པ་རེད། ཕྱི་ན་མ་གཏོགས་སྔ་མེད། དུས་ཚོད་རྒྱུན་རིང་པོ་ཞིག་གི་རྗེས་ལ་ང་རང་ཚོའི་སྐུ་ཚབ་ཡང་བསྐྱར་རྒྱ་ནག་ལ་ཕེབས་པ་རེད། ཕེབས་པ་དེའི་ཐོག་ལ་འདས་པའི་གནས་སྟངས། དེ་བཞིན་དུ་ཁྱིམ་མཚེས་རྒྱལ་ཁབ་དང་གནད་ཡོད་རྒྱལ་ཁབ་མང་པོ་ཞིག་ལ་བལྟ་ཡོང་དུས། ཆབ་སྲིད་ཀྱི་གནད་དོན་དེ་དག་ལམ་སེང་ཐག་གཅོད་པར་ཁག་པོ་ཡིན་པ་ངོས་འཛིན་ཞུ་གི་ཡོད། ཡིན་ནའང་བརྒྱུད་ལམ་ཞིག་ངེས་པར་དུ་དགོས་པ་རེད། ད་ལྟའི་བརྒྱུད་ལམ་དེ་ད་ལྟའི་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་པའི་བཀག་ཤག་ཕེབས་ནས་བྱུང་པ་རེད། དེ་ཚོའི་ཐོག་ལའང་དགའ་བོ་ཡོད།

ཡིན་ནའང་རྒྱ་མིའི་ངོས་ནས་ང་ཚོས་ཉིས་སྟོང་གཉིས་ནས་བཟུང་འབྲེལ་བ་སླར་གསོ་བྱས་ཚར་བའི་རྗེས་ལའང་རྣམ་འགྱུར། དེ་བཞིན་དུ་བྱེད་སྟངས། ྋསྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་སྟངས། ང་རང་ཚོའི་མི་མང་ལ་དངོས་གནས་དྲང་གནས་དུད་འགྲོ་ལས་སྡུག་པའི་བྱེད་སྟངས་བྱེད་བཞིན་ཡོད་པ་རེད། ཉིས་སྟོང་བརྒྱད་ནང་གནས་ཚུལ་གང་བྱུང་ཡོད་པ་དེ་དག་ཡོངས་གྲགས་རེད། དེ་ཚོ་ཚང་མར་བལྟ་ཡོང་དུས་རྒྱ་མིས་དངོས་གནས་ང་ཚོ་ལ་ཡག་པོ་ཞིག་བྱེད་ཐུབ་ཀྱི་འདུག་ཟེར་བ་ཞིག་དྲན་ཐུབ་ཀྱི་མི་འདུག རྒྱ་མིས་བསམ་བློ་ཞིག་བཏང་ས་རེད་ཟེར་བའི་ངོས་པ་ཞིག་རྙེད་ཀིན་མི་འདུག ཡིན་ནའང་ག་དུས་ཡིན་ཡང༌། རེ་བ་དེ་བློས་བཏང་ཡ་ཡོད་པ་མ་རེད། ཡིན་ནའང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་ཀྱི་ཡོད་པ་རེད།

ང་རང་གི་ངོས་ནས་ཀྱང་ལམ་སེང་ཡོང་གི་རེད་དྲན་གྱིན་མེད། མི་བྱུང་བ་ཡིན་ནའང་ང་ཚོ་བཙན་བྱོལ་ནང་ཡོད་མཁནན་ནམ་བོད་ནང་ཡོད་མཁན་ཡིན་ན་འདྲ། ང་རང་ཚོ་སོ་སོས་གྲ་སྒྲིག་ཅིག་བྱེད་དགོས་པ་ཞིག་དང༌། ང་རང་ཚོ་སོ་སོའི་རང་ཚུགས་བརྟན་པོ་བསྡད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། སྤྱིར་གནད་དོན་འདིའི་ཐོག་ལ་གོང་དུ་ཞུས་པ་བཞིན། ྋསྐྱབས་མགོན་རིན་པོ་ཆེ་མུ་མཐུད་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པའི་ངོས་ནས་དེའི་ཐོག་ལ་དུས་དང་ཆབ་སྲིད་ཀྱི་བསྒྱུར་བཅོས་ག་རེ་གཏོང་དགོས་པ་ཡིན་ན་དེ་གནང་རོགས་ཞུས་པ་དེའི་སྒང་ལ་ང་ཚོས་འགྱུར་བ་གང་ཡང་མེད། ཡིན་ནའང་མི་མང་གིས་འོས་འདེམས་བྱས་ཡོད་པའི་སྐུ་ཚབ་དང༌། བཙན་བྱོལ་གཞུང་ནང་ལ་ཡོད་པའི་མང་གཙོའི་སྒྲིག་འཛུགས་ཀྱི་ནང་གི་ཁྲིམས་བཟོ་ལྷན་ཚོགས་གལ་ཆེན་པོ་ཡིན་པ་ཞིག་ལ་སྤྱི་འཐུས་ཀྱི་ངོས་ནས་ངོས་འཛིན་ཞུ་བཞིན་ཡོད་ལ། དེ་ཚོའི་ཐོག་ལ་དོ་སྣང་བྱེད་བཞིན་ཡོད།

བོད་རྒྱའི་དབར་གྱི་འབྲེལ་མཐུད་དེ་ཉིས་སྟོང་གཉིས་ལོ་ནས་འགོ་བཙུགས་པ་རེད། བར་སྐབས་ཤིག་ལ་ང་ཚོའི་སྐུ་ཚབ་རྣམ་པ་ཕེབས་ཡོད་པ་མ་རེད། ཕེབས་པའི་གནས་སྟངས་བྱུང་ཡོད་པ་མ་རེད། ད་ལྟ་གནས་སྟངས་དེ་བྱུང་བ་རེད། དུས་ཚོད་རྒྱུན་རིང་པོ་ཞིག་ལ་ཕེབས་མ་ཐུབ་པའི་རྗེས་ལ་ཕེབས་པ་རེད། རྒྱ་གཞུང་གིས་གསལ་བསྒྲགས་ག་རེ་བྱས་ཡོད་མེད་ལ་ད་ལྟའི་སྐབས་འདིར་ངས་འདི་ལ་བསམ་ཚུལ་འདི་ཡིན་ཞེས་ཞུས་ན་ཏག་ཏག་བསྡད་མི་འདུག གང་ཡིན་ཟེར་ན། ང་ཚོའི་སྐུ་ཚབ་ད་ལྟ་ཕར་གར་ཡོད་དང་ཡོད་བཞིན་པ་ཆགས་བསྡད་ཡོད་པ་རེད། དེ་བས་ཁོ་རང་ཚོ་ཚུར་ཕེབས་པའི་རྗེས་ནས་དེའི་སྐོར་ལ་བཀའ་མོལ་ཞུ་ཡ་ཆགས་ཀྱིན་འདུག་བསམ།

འབྲེལ་མཐུད་ཀྱི་རིམ་པ་འདིའི་རིགས་འདི། སྤྱི་ཡོངས་ནས་འཛམ་བུ་གླིང་གང་ལ་བལྟས་ཀྱང་ལམ་སེང་སེལ་ཐུབ་ཀྱིན་མི་འདུག དེ་ཡིན་ཙང་ད་རེས་ཕར་ཕེབས་པ་འདིས་འགྱུར་བ་ཆེན་པོ་ལམ་སེང་འགྲོ་ཐུབ་གི་རེད་བསམ་ནས་རེ་བ་རྒྱབ་ན་ཏག་ཏག་བསྡད་ཀྱི་འདུག་གམ་བསམ་གྱི་འདུག གང་ལྟར་ང་རང་ཚོ་སོ་སོའི་དམ་བཅའ་དེ་དང༌། ང་རང་ཚོ་སོ་སོའི་གནས་སྟངས་དེ་གསལ་བོ་དང་གཙང་མར་སྡོད་ཐུབ་དགོས་པ་དེ་གལ་ཆེན་པོ་རེད། དེ་ཚོ་ཚང་མ་ང་ཚོའི་ཐུགས་འགན་བཞེས་དགོས་པ་ཆགས་འདུག

བཀའ་ཟུར་ཨ་ལགས་འཇིགས་མེད་ལྷུན་གྲུབ་རིན་པོ་ཆེ་མཆོག་གིས་གསུངས་དོན།
འབྲེལ་མོལ་གནང་མཁན་གྱི་ཚོགས་པ་དེ་ཕེབས་ཚར་བའི་གནས་ཚུལ་དེ་རླུང་འཕྲིན་སོགས་ཀྱི་ནང་ཁྱབ་བསྒྲགས་བྱེད་བཞིན་འདུག གཞུང་གི་ངོས་ནས་ཀྱང་གསལ་བསྒྲགས་གནང་འདུག ཕར་ལ་ཐེངས་མང་པོ་ཞིག་ལ་བཀའ་མོལ་གནང་ཡོད་པ་རེད། གྲུབ་འབྲས་ག་རེ་ཞིག་ཡོང་གི་རེད་ཟེར་བ་ད་ལྟ་ཧ་ཅང་གིས་བཤད་ཚོད་མ་ཐུབ་པ་ཞིག་རེད་བསམ་གྱི་འདུག དེ་སྔ་ནས་བཟུང་ད་ལྟ་བར་དུ་བོད་གཞུང་གིས་དངོས་གནས་དྲང་གནས་འབྲེལ་མོལ་གྱི་ལམ་ནས་ྋསྐྱབས་མགོན་རིན་པོ་ཆེའི་དགོངས་བཞེས་ཀྱང་རེད། བོད་གཞུང་གི་ལངས་ཕྱོགས་ཀྱང་རེད། འབྲེལ་མོལ་དང་ཞི་མོལ་གྱི་ལམ་ནས་ཕར་ལ་བཀའ་མོལ་གནང་བའི་དགོངས་གཞི་དེ་གཞིར་བཟུང་ནས་སྐུ་ཚབ་རིམ་པ་ཕར་བཏང་གནང་བ་རེད། བཏང་གནང་བ་རེད་མོད། ཡིན་ནའང་རྡོག་རྡོག་ཅིག་རྩ་བའི་འབབ་ས་ངོ་མ་དེའི་ཐོག་ལ་འབབ་མ་ཐུབ་པར་ད་ལྟ་ཡིན་ནའང་ཁ་ཉེར་ཁོ་ནས་བྱས་ཏེ་བསྡད་བསྡད་པ་དེ་ཚང་མས་མཁྱེན་གསལ་རེད། རྡོག་རྡོག་ཅིག་གི་ཐོག་ལ་འབབ་ཐུབ་ཀྱིན་ཡོད་པ་མ་རེད། ཡིན་ནའང་འབབ་ཐུབ་ཀྱིན་མི་འདུག་ཅེས་བཞག་ཡའང་ཡོད་པ་མ་རེད།

གང་ལྟར་ང་ཚོ་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ྋསྐྱབས་མགོན་རིན་པོ་ཆེས་དེར་ཐུགས་འགན་བཞེས་ཏེ་བོད་མི་རིགས་ཀྱི་ཆེད་དང༌། བོད་ཀྱི་ཆོས་དང་རིག་གཞུང་དང་བཅས་པ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་བའི་ཆེད་དུ་ད་ལྟ་ཡིནའང་མ་ལས་མ་འགྱོད་པའི་ཐབས་ལམ་གནང་བ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེ་ཡིན་ཙང༌། ད་ལྟ་ཡིན་ནའང་བཀའ་མོལ་གྱི་བརྒྱུད་རིམ་གྱི་ཐོག་ནས་མ་གཏོགས་གང་ཡང་གནང་ཡ་མེད་པ་ཡིན་ཙང༌། རྒྱ་མའི་ངོས་ནས་ཁྱོད་ཡོང་ན་འགྲིག་གི་མི་འདུག་ཅེས་སྐད་ཆ་ཞིག་ལབ་ན་མ་གཏོགས་གཞན་གང་ཡོང་ཅི་ཡོང་ཞིག་གནང་དགོས་པ་དེ་གལ་ཆེན་པོ་རེད།

 རྩ་བའི་རྩ་དོན་གྱི་ཐོག་ལ་ང་ཚོའི་འདོད་པ་ཁེངས་མ་ཁེངས་ཟེར་བ་དེ་གནས་ཚུལ་ཐ་དད་རེད། དེ་འདྲ་མིན་འདྲ་བསམ་མཁན་ཡོང་གི་རེད། རིགས་གཅིག་ནི་རང་བཙན་མེད་ན་འགྲིག་གི་མ་རེད་ཟེར་མཁན་ཡང་མང་པོ་ཡོད་པ་རེད། དེའང་དངོས་གནས་རེད། ཁོ་རང་དངོས་ཡོད་གནས་ཚུལ་ཞིག་དང་ཁུངས་ལུང་རྒྱུ་མཚན་ཡོད་པ་ཞིག་བཤད་ཀྱིན་ཡོད་པ་རེད་མ་གཏོགས། ཁུངས་ལུང་རྒྱུ་མཚན་མེད་པ་ཞིག་བཤད་ཀྱི་ཡོད་པ་མ་རེད་མོད། རྒྱ་མིས་བསམ་བློ་རྩ་བ་ནས་མ་བཏང་དུས་ཕར་ཞི་འགྲིག་ཅིག་ཡོང་དགོས་པ་ཡིན་ཙང༌། མར་འབབ་གིན་འབབ་གིན་གནང་སྟེ་ད་ལྟའི་ཆར་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་གི་ཐོག་ལ་བཀའ་མོལ་གནང་གིན་ཡོད་པ་རེད། དེ་ཡིན་ཙང༌། དེའང་ད་ཆ་འདི་འདྲ་ཞིག་རེད་ཅེས་བཤད་ཐུབ་ཀྱིན་མི་འདུག་མོད། འབད་བརྩོན་གནད་དགོས་པ་དེ་མ་གནང་ཐབས་མེད་རེད་བསམ་གྱི་འདུག

ཁ་སང་སྔོན་མར་བོད་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཟེར་བ་དེ་ཚོགས་པ་དང༌། མང་པོ་ཞིག་མར་ཁྱབ་བསྒྲགས་བྱེད་ཀྱིན་འདུག དཔལ་འབྱོར་གྱི་ཐོག་ནས་ཡར་རྒྱས་གཏོང་གི་ཡིན་ཟེར་གྱིན་འདུག་མོད། དཔལ་འབྱོར་གྱི་ཐོག་ནས་དངོས་གནས་དྲང་གནས་ཡར་རྒྱས་གཏོང་གིན་ཡོད་ན། དེའི་འབྲས་བུ་དེ་བོད་མི་མང་ལ་སྨིན་པ་ཞིག་དང་ཕན་པ་ཞིག་དགོས་པ་རེད་མ་གཏོགས། རྒྱ་ནག་ནས་མི་འབོར་མང་པོ་ཞེ་དྲག་ཅིག་བོད་ནང་ལ་སྐྱེལ། དེ་ཚོ་གྲས་ཀྱིས་ཚོང་ཁང་དང་ཟ་ཁང་འཛིན་པ་སོགས་ཀྱི་ཚོང་ལས་གཉེར། གཏེར་ཁ་སྔོག་འདོན་བྱས་ཏེ་བོད་ཡར་རྒྱས་གཏོང་གིན་ཡོད་ཅེས་པ་དེས་ཕན་གྱིན་ཡོད་པ་མ་རེད། ཁ་ཡོད་ལག་ཡོད་ངང་བོད་མི་མང་གི་དཔལ་འབྱོར་གྱི་ཐོག་ལ་ཡར་རྒྱས་གཏོང་གིན་ཡོད་ན་ནི་དགོས་པ་དེ་རེད། གཙོ་བོ་བོད་མི་མང་ལ་ རང་དབང་དང་ཐོབ་ཐང་དེ་དགོས་པ་རེད། དེ་ཚོའི་ཐོག་ལ་ད་རེས་བཞུགས་མོལ་ཚོགས་འདུ་ཚོགས་ནས་མ་འདྲ་བ་ཞིག་བཟོ་བའི་བསམ་པ་ཡོད་ན་ད་རེས་སྐུ་ཚབ་ཚོ་མཇལ་དུས་ཏོག་ཙམ་ཧ་གོ་གི་བསམ་གྱི་འདུག དེ་མ་གཏོགས་ད་ལྟ་བཤད་ཚོད་ཟིན་གྱི་མི་འདུག

བོད་དོན་མ་སེལ་བར་དུ་བཞག་ཐུབ་ཡ་ཡོད་པ་མ་རེད། བོད་དོན་དེ་བོད་མི་ས་ཡ་དྲུག་གི་རྩ་དོན་རེད་མ་གཏོགས་བོད་མི་ཉུས་ཤས་ཤིག་གམ། བརྒྱ་ཕྲག་ཁ་ཤས་ཤིག་གི་རྩ་དོན་ཆགས་ཡོད་པ་མ་རེད། མི་རིགས་ཤིག་གི་འཐབ་རྩོད་རེད། ཆེ་ས་ནས་བཤད་ན་རྒྱལ་ཁབ་ཅིག་གི་འཐབ་རྩོད་རེད། དེ་ཡིན་ཙང༌། སྐབས་དང་བསྟུན་པའི་བསམ་བློ་གཏོང་ཡ་ག་རེ་ཡོད་པ་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚོས་སྐབས་དུས་སོ་སོ་ལ་བསམ་བློ་ཞིག་ངེས་པར་དུ་གཏོང་གི་རེད་བསམ་གྱི་འདུག

བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་དང་མགྲིན་ཚབ་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་གསུངས་དོན།
ང་ཚོས་གྲུབ་འབྲས་སོན་གྱི་རེད་བསམ་ནས་ཕར་ཕེབས་པ་རེད། རྒྱ་ནག་གཞུང་གི་མགྲིན་ཚབ་པས་དེ་གསུངས་པ་ནང་བཞིན་འབྲེལ་མོལ་གནང་བའི་གོ་སྐབས་དེ་ང་ཚོས་རྩ་ཆེན་པོ་བརྩིས་ཙང༌། ཕར་འབྲེལ་བ་ཞུས་ནས་ཕེབས་པ་རེད། ཡིན་ནའང་ང་ཚོའི་ཕྱོགས་ནས་ད་ལྟ་རྒྱ་ནག་གཞུང་ལ་ཞུ་ཡ་དེ་གྲོས་མོལ་ག་རེ་གནང་ཡང་ང་ཚོའི་སྙན་ཐོ༼བོད་རིགས་ཡོང་བ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར༽དེ་གཞིར་བཟུང་གནང་ན་ཡག་པོ་ཞེ་དྲག་འདུག གང་ཡིན་ཟེར་ན། རྒྱ་ནག་གི་མཁས་པ་དང་ཁྲིམས་དཔོན་རྣམས་ཀྱིས་སོ་སོ་ཉེན་ཁའི་འོག་ལ་བསྡད་ཡོད་ནའང༌། ད་ལྟའི་སྲིད་བྱུས་དེ་ལ་བོད་མི་མང་གིས་འདོད་བློ་ཁེངས་ཀྱི་མི་འདུག དེ་བས། སྲིད་བྱུས་དེ་བསྐྱར་ཞིབ་གནང་དགོས་ཀྱི་འདུག

རྒྱ་ནག་གཞུང་ཕྱོགས་ནས་བོད་ལ་སྲིད་བྱུས་ག་རེ་བཏིངས་པ་དེ་བོད་མི་མང་གི་འདོད་བློ་ཁེངས་པ་གཞིར་བཟུང་སྟེ་འདིང་དགོས་ཀྱི་འདུག་ཅེས་རྒྱ་མའི་མཁས་པ་རང་གིས་སོ་སོའི་རྒྱ་ནག་ལ་ཤ་ཚ་སྟེ་ལབ་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གི་བོད་ཀྱི་སྲིད་བྱུས་དེ་དྲང་བོ་མིན་པ། ཕན་གྱིན་མེད་པ་གཟིགས་མཁན་དེ་དག་གིས་སོ་སོའི་སྲོག་བློས་བཏང་ནས་ལབ་ཀྱིན་ཡོད་པ་རེད། དེའི་རྐྱེན་གྱིས་ང་ཚོའི་རེ་བ་ལ་རྒྱ་ནག་གཞུང་གི་ཕྱོགས་ནས་བོད་དོན་ཐད་ཀྱི་ལངས་ཕྱོགས་དེ་བསྐྱར་ཞིབ་ཡིན་གཅིག་མིན་གཅིག་གནང་དགོས་ཀྱི་རེད་ཅེས་ནས་ང་ཚོའི་སྐུ་ཚབ་ཕར་བཅར་ཡོད་པ་རེད།

རྒྱ་གཞུང་གིས་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཟེར་བ་ཞིག་ཉེ་འཆར་བསྐངས་ཚར་བ་རེད། དེ་ཐེངས་འདིའི་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་དང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་པ་རེད། ཡིན་ནའང་ཞིབ་ཕྲའི་གནས་ཚུལ་དེ་ངས་ཞུ་ཡ་མིན། འབྲེལ་བ་ཏན་ཏན་ཆགས་བསྡད་ཡོད་པ་རེད། ང་ཚོ་བོད་ཀྱི་དཀའ་ངལ་དེ་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་དཀའ་ངལ་བཅས་མགོ་རྙོག་པོ་ཞིག་རེད། དཀའ་ངལ་དེ་རིང་པོ་ཞིག་ལ་གནས་པ་རེད། དེ་ཡིན་ཙ་ན། འབྲེལ་མོལ་ཐེངས་བརྒྱད་ཡིན་འདྲ། དགུ་ཡིན་ན་འདྲ། ང་ཚོ་བོད་རྒྱ་མིའི་འོག་ལ་བསྡད་པའི་རྒྱལ་རབས་དེ་རྒྱུན་རིང་པོ་ཞིག་རེད། དཀའ་ངལ་མགོ་རྙོག་པོ་དེ་ལས་སླ་པོ་དང་དུས་ཚོད་ཐུང་ཐུང་ནང་སེལ་ཐུབ་ཡ་ཁག་པོ་རེད། ང་ཚོས་ཕུགས་རྒྱང་རིང་པོར་བལྟས་ཏེ་རྒྱ་ནག་གཞུང་གི་ཕྱོགས་ནས་དཀའ་ངལ་དེ་སེལ་བར་འདོད་པ་ཡོད་པ་ཡིན་ནའང་ཚོད་མ་ཐུག་པར་བསྡད་ཡོད་པར་བསམ་རོ།

རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་ལགས་ཀྱིས་གསུངས་དོན།
གཞི་རྩའི་རྒྱ་བོད་ཀྱི་འབྲེལ་བ་དེ་ཐོག་མར་རེ་བ་མ་བྱས་པའི་སྔོན་ལ་དཀའ་ངལ་དེ་ག་རེ་རེད་བསམ་བློ་གཏོང་དགོས་པ་རེད། དེ་འདྲ་ཡིན་དུས་ད་ལྟ་ང་ཚོའི་དཀའ་ངལ་དེ་རྒྱ་མིས་བོད་ནང་བཙན་འཛུལ་བྱས་ནས་མི་རིགས་རྩ་མེད་གཏོང་རྒྱུ་དང༌། རིག་གཞུང་རྩ་མེད་གཏོང་རྒྱུའི་གནས་ཚུལ་འདིའི་སྐབས་སུ་ང་ཚོས་ཕར་རེ་བ་བྱེད་པ་ཡིན་ན། ང་ཚོ་ཚུར་བསད་པར་ཡོང་མཁན་དེར་ཕར་རེ་བ་བྱས་པ་དེ་ང་ལྟ་བུ་ཞིག་ཡིན་ན་མི་དཀྱུས་མ་ཡིན་ཙང༌། གནད་དོན་དེ་སེམས་པའི་ནང་ཤོང་གི་མི་འདུག་ལ་གོ་ཡང་ཚུད་ཀྱི་མི་འདུག གཉིས་ནི་རྒྱ་བོད་འབྲེལ་ལམ་དེའི་ཐོག་ལ་ཏིང་ཞའོ་ཕིང་མི་གཡོ་སྒྱུ་ཚ་པོ་དེས་རང་བཙན་མ་གཏོགས་གཞན་ག་རེ་ཡིན་རུང་སྐད་ཆ་བྱེད་ཆོག་གི་རེད་ཟེར་བ་དེར། དབུ་ཁྲིད་རྣམ་པ་ཚོ་དབུ་འཁོར་ནས་ད་ལྟ་བར་དུ་ལོ་སྟོང་ནག་དེ་ང་ཚོ་བོད་ནང་གི་མི་མང་ཚོས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་ཤོགས་ཅེས་ཟེར་ན་ཡང༌། དམར་བསད་གཏོང་གི་ཡོད་པ་རེད་ལ་བཙོན་ནང་བཅུག་གི་ཡོད་པ་རེད། ད་དུང་ང་ཚོས་རེ་བ་རྒྱག་པ་ཡིན་ན། ང་ལྟ་བུ་ཞིག་ཡིན་ན་ཏག་ཏག་བསྡད་ཀྱི་མི་འདུག ཏག་ཏག་ཞིག་མཐོང་གི་མི་འདུག

ད་ལྟ་ཡང་བསྐྱར་སྐུ་ཚབ་ཚོགས་པ་དེ་རྒྱ་ནག་ལ་ཕར་ཞི་མོལ་གནང་བར་ཕེབས་ཡོད་པ་རེད་དེ། རྒྱ་མིས་ཁ་སང་གསར་འགྱུར་ནང་ལ་བོད་ཀྱི་ཐོག་ལ་ང་ཚོར་འགྱུར་བ་མེད་ཅེས་གསལ་པོ་བཤད་སོང་ཨ། དེ་འདྲ་ཡིན་དུས་ད་དུང་ང་ཚོས་རེ་བ་ག་རེ་རྒྱག་རྒྱུ་ཡོད་པ་རེད་དེ་ངས་གོ་ཚུད་ཀྱི་མི་འདུག གཉིས་ནི་ང་ལྟ་བུ་ཞིག་གི་དབུ་མའི་ལམ་དེ་ཡང་འགྲིགས་ཀྱི་མི་འདུག གཞིས་ལུས་མི་མང་ཚོས་རང་བཙན་གྱི་ཆེད་དུ་རང་སྲོག་ཡང་བློས་གཏོང་གི་ཡོད་པ་དེ་དང་ཏག་ཏག་མཐུན་གྱི་མི་འདུག

གཞི་རྩ་ངས་དབུ་མའི་ལམ་འགྲིག་གི་མི་འདུག་ཟེར་བ་དེ། དབུ་མིའི་ལམ་ཡག་པོ་མི་འདུག་ཟེར་གྱི་ཡོད་པ་མ་རེད། དྲག་པོ་རྒྱ་མི་ལ་རེ་བ་བཅོལ་བ་དེ་འགྲིགས་ཀྱི་མི་འདུག ཡིན་ནའང་དབུ་མའི་ལམ་ཡག་པོ་ཡིན་ན་སྐུ་མཁྱེན་གང་མགྱོགས་མགྱོགས་ལེན་རོགས་གྱིས་མ་གཏོགས། གང་འཚམས་ཞིག་ལ་བོད་ནང་རྒྱ་མིའི་ཁེངས་ནས་བོད་མི་རིགས་དང་བོད་ཀྱི་རིགས་གཞུང༌། བོད་ཀྱི་ཆོས་ཟེར་བ་དེ་རྩ་མེད་འགྲོ་རྒྱུའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་ཡིན་དུས་སྐུ་མཁྱེན་ང་ནོར་བ་ཡིན་ན་ནོར་བ་ཡིན་པའི་ཁུངས་སྐྱེལ་ཞིག་གནང་རོགས་གནང༌།

དྲི་བ། རྒྱ་མིས་གསལ་བསྒྲགས་ནང་ཏཱ་ལའི་བླ་མས་རེ་སྐུལ་བཞིན་དེ་འདྲ་ལབ་ཡོད་ན་ཡང༌། ད་དུང་བཙན་བྱོལ་གཞུང་གི་སྐུ་ཚབ་དེ་འདྲ་ཕར་གཏོང་དགོས་པའི་རྒྱུ་མཚན་ག་རེ་ཡིན་ནམ།

ལན། ང་ལྟ་བུ་ཡིན་ན་རྒྱུ་མཚན་གང་ཡང་མཐོང་གི་མི་འདུག རྒྱ་མི་ལ་རྒྱུ་མཚན་མང་པོ་ཡོད་པ་རེད། སྐབས་རེ་རྒྱལ་སྤྱིས་ནས་བོད་ཀྱི་ཐོག་ལ་དོ་སྣང་ཡོང་གི་འདུག་བསམ་པ་དང༌། ཡང་གཞིས་ལུས་མི་མང་ཚོ་ཡར་ལང་བྱེད་ས་རེད་བསམས་པའི་དེ་འདྲའི་གནས་ཚུལ་སོགས་རེད། དེ་འདྲ་ཡིན་དུས་དབྱིན་ཇིའི་ནང་ལ་དཔེ་ཡོད་པ་རེད། ཉ་ཆེན་པོ་ཞིག་འཛིན་རྒྱུ་ཡིན་ན་ཐག་པ་རིང་པོ་ཞིག་དགོས་ཀྱི་ཡོད་པ་རེད་ཟེར། དེ་བཞིན་ཁོང་ཚོས་ང་ཚོའི་བོད་རྒྱལ་ཁབ་ཆེན་པོ་འདི་ཚང་མ་ཧམ་ཟ་བྱེད་པར་དུས་ཚོད་དགོས་ཀྱི་ཡོད་པ་རེད། ངས་བལྟས་པ་ཡིན་ན། རྒྱ་མིས་སྐབས་རེ་སྐབས་རེ་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཕར་གདན་འདྲེན་ཞུས་པ་དེ་དུས་ཚོད་ཉོ་བའི་སྲིད་ཇུས་ཤིག་རེད་མ་གཏོགས། ང་ཚོ་དང་མཉམ་དུ་དངོས་གནས་དྲང་གནས་ཀྱི་སྙིང་ཐག་པ་ནས་ཞི་མོལ་གནང་བར་རྒྱུ་མཚན་ཡོད་མ་རེད་ལ། ཡིད་ཆེས་ཀྱང་མེད།

བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་རྡོ་རྗེ་ལགས་ཀྱིས་གསུངས་དོན།
ད་ལན་ཉིན་གཉིས་གསུམ་གྱི་སྔོན་ལ་༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་དང་དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་ཁ་ཤས་ཀྱང་ཕེབས་ཡོད་པ་རེད། དེ་གཞུང་འབྲེལ་གྱིས་གསར་འགོད་གསལ་བསྒྲགས་བཀོད་སྟངས་ལ་བལྟས་ཡོང་དུས། ཐེངས་འདིར་བོད་རྒྱ་འབྲེལ་མོལ་ཐེངས་༩པ་དེ་ཡིན་ཞེས་གསུངས་འདུག འབྲེལ་མོལ་༩པ་དེའི་ཐོག་ནས་རེ་བ་དང་གྲུབ་འབྲས་ཟེར་ན། ང་ཚོའི་ངོས་ནས་ཡིན་ན་དེ་སྔ་ཡང་ཞུས་པ་རེད་ལ། ད་ལྟ་ཡང་དམིགས་བསལ་རྒྱ་ནག་གཞུང་གིས་བོད་ནང་སྲིད་ཇུས་ཟིན་སྟངས་རེད། གཉིས་ནི་སྲིད་ཇུས་དེ་ཚོ་ཇེ་མཁྲེག་ཏུ་འགྲོ་བཞིན་ཡོད་པས་མ་ཚད། ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་དེ་ཚོ་ཡང་སྲོག་ཐོག་གི་ཁྲིམས་ཆད་གཅོད་པ་སོགས་དེ་ཚོ་ནི་ཧ་ཅང་གི་ཆབ་སྲིད་ཀྱི་ཉེས་པ་དང་སྡུག་རྩུབ་ཅིག་དང༌། ང་ཚོའི་ངོས་ནས་སྔོན་མ་སྐུ་ཚབ་ཚོགས་པ་ཐེངས་༨པ་དེ་ཕེབས་པའི་རྗེས་སུ་ཡང་གནས་ཚུལ་ག་རེ་བྱུང་ཡོད་པ་དེ་གསལ་པོ་ཞིག་རེད།

ང་ཚོ་བཙན་བྱོལ་གཞུང་གི་དགོས་འདུན་རེད། དེ་བཞིན་དམིགས་བསལ་ཞུ་ཡིག་ཅིག་ཕུལ་བ་རེད། འོན་ཀྱང་རྒྱ་ནག་གཞུང་གིས་དེ་ལ་རྣམ་འགྱུར་དང་ངོས་ལེན་གང་ཡང་མེད་པའི་ཐོག་ནས་གསལ་བསྒྲགས་ཡོངས་གྲགས་ཤིག་བཏང་བ་རེད། འོན་ཀྱང་ད་རེས་སྐུ་ཚབ་ཚོགས་པ་དེ་ཟླ་༡༥ཙམ་བར་གསེང་བཞག་ནས་ཕེབས་དགོས་པ་དེ་ཡང་གནད་འགག་མང་པོ་ཞིག་ཡོད་པ་རེད་བསམས་ཀྱི་འདུག གཅིག་ནི་ཉེ་བའི་ཆར་དབྱི་ཊ་ལི་རུ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་འཚོགས་པའི་སྐབས་སུ། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས་དབྱིན་སྐད་ནང་ལ་གཏམ་བཤད་གནང་བའི་སྐབས། དེའི་ནང་ལ་འབྲེལ་མོལ་ཐེངས་༨པ་དེ་ཚར་བ་རེད། ང་ཚོའི་ངོས་ནས་འབྲེལ་བ་ཞིག་ཡོང་བར་འབད་བཙོན་ཞིག་ཞུ་བཞིན་ཡོད། ཡིན་ན་ཡང་མ་འོངས་པའི་འབྲེལ་བ་དེ་ཐེངས་༩པ་ཟེར་བ་ཆགས་ཀྱི་རེད་ཞེས་བཤད་ཁག་པོ་རེད། བསྐྱར་དུ་འབྲེལ་བ་དང་པོ་དང་གཉིས་པ་ཟེར་བའི་སྒྲོམ་གཞི་མི་འདྲ་བ་ཞིག་གི་ཐོག་ནས་འབྲེལ་མོལ་གནང་རྒྱུ་སྐོར་ཞིག་གསུངས་སོང༌།

ཡིན་ན་ཡང་ཐེངས་འདི་གཞུང་འབྲེལ་གསར་བསྒྲགས་ཀྱི་ཐོག་ནས་ཐེངས་དགུ་པ་ཡིན་ཞེས་གསུངས་འདུག ང་ཚོའི་ངོས་ནས་རེ་བ་དེ་ཙམ་མེད་པ་ཞིག་དང༌། ལྷག་པར་དུ་བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་པས་ཀྱང་ནོར་ཝེ་རླུངས་འཕྲིན་ཁང་གིས་བཅའ་འདྲི་ཞུ་དུས། དེའི་ནང་ལ་དམིགས་བསལ་རེ་བ་གང་ཡང་རྒྱག་གི་མེད་ཅེས་གསུངས་འདུག འོན་ཀྱང་ཚོད་དཔག་བྱེད་དུས་དེ་སྔོན་བོད་གཞུང་གིས་ཞུ་ཡིག་ཞིག་ཕུལ་བ་དེ་ལ་ཁོང་ཚོས་ངོ་རྒོལ་སོགས་མང་པོ་བྱས་དུས། དེ་ལ་བསལ་བཤད་བྱེད་རྒྱུ་དེ་འདྲ་ཡིན་ས་རེད། ང་ཚོ་གལ་ཆེ་ཤོས་ཅིག་ནི་བརྒྱད་ཅུ་གྱ་གྲངས་ནས་ང་ཚོའི་སྐུ་ཚབ་ཕེབས་པ་རེད། དེ་རྗེས་བརྒྱད་ཅུ་གྱ་དྲུག་གྱ་བདུན་དེ་ཚོའི་ནང་བོད་ནང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱུང་དུས། རྒྱལ་སྤྱིའི་ནང་ནས་གནོན་ཤུགས་ཆེན་པོ་ཞིགས་སླེབས་ཡོང་དུས། དེའི་སྐབས་ལ་རྒྱ་ནག་གིས་འཛམ་བུ་གླིང་ལ་བོད་ནང་གི་དཀའ་ངལ་སེལ་ཐབས་ཡོད་མདོག་མདོག་གི་ཁོང་ཚོས་ང་ཚོས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཚོ་དང་མཉམ་དུ་སྐད་ཆ་བཤད་བཞིན་པ་ཡིན་ཟེར།

དེ་འདྲའི་ཁོང་ཚོས་གནོན་ཤུགས་བཀག་རྒྱུ་ཆེད་ཐབས་ཤེས་བྱེད་བཞིན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་དང་འདྲ་བའི་ན་ནིང་གཞིས་ནིང་ལོར་བོད་ནང་དུ་ཞི་རྒོལ་བྱུང་དུས། བོད་ས་ཡོངས་སུ་ཟླ་བ་དང་ཟླ་བ་ལོ་ནས་ལོ་དེ་འདྲ་བྱུང་བ་རེད། ཨོ་རྩལ་འགྲན་ཚོགས་སྐབས་སུ་ཡང་རྒྱལ་སྤྱིས་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲད་ཡོད་པ་རེད། ཡང་དེ་དང་གཅིག་མཚུངས་ཀྱིས་རྒྱ་ནག་གཞུང་གིས་ང་ཚོས་སྐད་ཆ་བཤད་བཞིན་ཡོད། བཤད་པས་མ་ཚད་ཐེངས་བདུན་བརྒྱད་ཙམ་ཐུག་འཕྲད་བྱས་ཚར་བ་རེད། ང་ཚོའི་ནང་ཁུལ་གྱི་གནད་དོན་ང་ཚོས་བྱེད་ཀྱི་རེད་དེ་ལ་ཐེ་བྱུས་བྱེད་མི་དགོས་ཟེར། དེ་འདྲའི་རྒྱ་ནག་གཞུང་གིས་བདེ་སྤྱོད་བྱེད་བཞིན་ཡོད་པ་རེད། ང་ཚོ་ཚུར་ཕྱོགས་ངོས་ནས་ད་ལྟ་བར་དུ་དེ་འདྲ་བའི་ཁེ་ཕན་གཅིག་ལེན་མ་ཐུབ་པ་རེད།

དེ་འདྲ་ཡིན་དུས་རེ་བ་ཆེ་ཤོས་དེ་རྒྱལ་སྤྱིའི་རྩེད་འགྲན་དེའི་སྔོན་ལ་རེ་བ་ཆེ་ཤོས་ཤིག་ཡིན་པ་རེད། རྩེད་འགྲན་དེ་ཚར་དུས་ང་ཚོས་དེའི་སྒང་ལ་རེ་བ་བྱེད་ཡ་དེ་ཧ་ལམ་དུས་ཚོད་དེ་རྫོགས་ཚར་བ་འདྲ་པོ་ཞིག་དང༌། རྒྱ་ནག་གཞུང་གི་ངོས་ནས་དངོས་གནས་ཀྱི་དཀའ་ངལ་སེལ་འདོད་མེད་པ་དེ་གསལ་པོ་རེད། བོད་ནང་ཡིན་ན་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རྒྱལ་ཞེན་ཤུགས་ཆེ་རུ་ཆེ་རུ་འགྲོ་བཞིན་པ་དེ་གསལ་པོ་ཞིག་རེད། ང་ཚོའི་ངོས་ནས་གཟབ་གཟབ་བྱེད་དགོས་པ་ནི་དེ་འདྲའི་དུས་ཚོད་ཅིག་སྒང་ལ་ཁེ་ཕན་དེ་རྟག་པར་རྒྱ་ནག་གཞུང་གིས་ཁྱེར་རྒྱུ་མེད་པ་ཞིག་དང༌། ང་ཚོའི་ངོས་ནས་ཁེ་ཕན་ལེན་ཐུབ་པའི་འབད་བརྩོན་ཞིག་བྱེད་དགོས་པ་རེད་བསམས་ཀྱི་འདུག

དེ་མིན་པའི་དོན་དག་རྩ་བ་ནས་འགྲུབ་རྒྱུ་མེད་པའི་ང་ཚོས་ཕར་འབྲེལ་བ་ཞུ་བ་དེ། འབྲེལ་བ་ཟེར་བའི་སྐད་ཆ་དེ་ཡང་བཤད་དགོས་པ་རེད་དེ། རྒྱ་ནག་གཞུང་གིས་ཕར་ཕྱོགས་ནས་སྐད་ཆའི་ནང་ཁེ་ཕན་ཞིག་ལེན་བཞིན་པ་དེ་བཞིན་ང་ཚོའི་ངོས་ནས་དངོས་གནས་གཟབ་གཟབ་བྱེད་དགོས་པ་ཞིག་དང༌། ད་ལྟ་ཆ་བཞག་པ་ཡིན་ན་འཛམ་བུ་གླིང་སྤྱི་ཡོངས་དཔལ་འབྱོར་གྱི་མ་རྩ་རྡིབ་འགྲོ་བའི་དུས་ཚོད་ཅིག་རེད། རྒྱ་ནག་ལ་ཆ་བཞག་པ་ཡིན་ན་ཨ་རིའི་རྗེས་ནས་ཁོང་ཚོ་རེད་ཅེས། དངོས་གནས་ཀྱི་འཛམ་བུ་གླིང་འདི་ནང་དཔལ་འབྱོར་སྟོབས་ཆེ་ཤོས་གཉིས་པ་དེ་སྔོན་མ་ཉི་ཧོང་ཟེར་གྱི་ཡོད་པ་རེད་དེང་སང་རྒྱ་ནག་རེད་ཟེར་གྱི་ཡོད་པ་རེད། དེ་བཞིན་དམག་གི་ཐོག་ནས་རེད། ཆབ་སྲིད་དང་ཁོང་ཚོའི་ཐེ་བྱུས་བྱེད་སྟངས་དེ་རྒྱལ་སྤྱིའི་ཐོག་ནས་ཧ་ཅང་ཤུགས་ཆེན་པོ་ཆགས་ཡོད་པ་རེད། དེ་བཞིན་ཨེ་ཤ་ཡའི་ནང་རྒྱ་ནག་དེ་གཏེ་དཔོན་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། འཛམ་བུ་གླིང་གི་རྒྱ་ནག་ལ་བསྟུན་དགོས་པ་ཞིག་ཆགས་ཡོད་པ་རེད།

ལྷག་པར་ད་ལྟའི་ཆར་རྒྱ་ནག་གཞུང་གི་གྲ་སྒྲིག་ཅིག་དེ་རྒྱལ་སྤྱིའི་ནང་ལ་གནོན་ཤུགས་དེ་འདྲ་ཞིག་ཡོད་པ་ཡིན་ན་ཡང༌། འཛམ་བུ་གླིང་གི་མི་མང་ཚོའི་ནང་ལ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མེད་པའི་ཚོར་བ་ཞིག་ཡོད་པ་དེ་བཞིན། སྔོན་མ་གནམ་བདེ་སྒོ་མོའི་མདུན་ཐང་དུ་སློབ་ཕྲུག་མང་པོ་དམར་བསད་བཏང་བ་དང༌། བོད་ནང་དུ་དགོན་སྡེ་ག་ཚོད་གཏོར་བཤིག་བཏང་བ་དེ་ཚོ་བསམ་བློའི་ནང་ལ་སླེབས་ཡོད་དུས། དེ་ཚོ་གཙང་མ་བཟོ་ཆེད་ཁོང་ཚོའི་རྣམ་འགྱུར་ཞིག་བཟོས་ནས་ཁོང་ཚོས་དཀའ་ངལ་སེལ་རྒྱུར་ཐབས་ཤེས་ཡོད་མདོག་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་ཚུར་ཕྱོགས་ནས་ཁོང་ཚོས་ཁྲིམས་ཆད་གཏོང་ཡ་དང་སྲོག་ཐོག་དེ་འདྲ་གཏོང་གི་ཡོད་པ་རེད། དེ་ཚོའི་གྲས་ལ་ང་ཚོས་གཟབ་གཟབ་བྱེད་དགོས་པ་རེད།

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསུངས་དོན།
རྒྱ་བོད་ཞི་མོལ་གྱི་ཚོགས་འདུ་ཟེར་ན་འདྲ་དེའི་སྐོར་གྱི་ཐེངས་དགུ་པ་དེ་ཁ་ཉིན་གཟའ་ཟླ་བ་ལ་ཕྱིན་པ་རེད། རྩ་བའི་དུས་ཡུན་རིང་པོ་ཞིག་སྟེ། ཟླ་བ་༡༤དང་༡༥ཙམ་ལ་དེའི་སྐོར་འགྲོ་ཐུབ་ཡོད་པ་མ་རེད། ༢༠༠༨ལོར་ཐེངས་གཉིས་ཙམ་འགྲོ་ཡོད་པ་རེད། འོན་ཀྱང་དེ་ཚོ་ནི་རྒྱ་ནག་གཞུང་གིས་ཁོང་ཚོའི་ཨོ་རྩལ་འགྲན་ཚོགས་དེ་ཚོགས་ཐུབ་པའི་ཆེད་དང༌། རྒྱལ་སྤྱིའི་ལྟ་སྟངས་ཡག་པོ་ཡོང་བའི་ཆེད་དུ་ལས། དེ་ཙམ་གྱིས་སེམས་ཀྱི་གཏིང་ནས་བོད་རྒྱའི་དཀའ་རྙོག་དེ་སེལ་ཆེད་ཚོགས་འདུ་ཚོགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་མེད། དེའི་ཐོག་ད་དུང་༢༠༠༨ལོ་འཇུག་དེར་བོད་གཞུང་རང་གི་ངོས་ནས་བོད་རིགས་ས་གནས་རང་སྐྱོང་གི་སྐོར་ཡི་གེ་ཞིག་སྤྲད་པ་རེད། ཡི་གེ་དེར་རྒྱ་ནག་གཞུང་གིས་ལན་སོགས་གང་ཡང་སྤྲད་ཡོད་པ་མ་རེད་ལ། དེ་ལས་སྡུག་པ་ཞིག་ལ་ཁོང་ཚོས་༧སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨད་ཞུ་ཡ་དང༌། བོད་ཆོལ་ཁ་གསུམ་གྱི་ནང་ལ་ངོ་རྒོལ་སྐད་འབོད་བྱས་པ་དེ་ཚོའི་ཡ་ལ་དེ་ཡང་བོད་བཙན་བྱོལ་གཞུང་དང་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་གཡོགས་པ་དེ་འདྲ་བྱུང་ཡོད་པ་རེད། དེ་བཞིན་༢༠༠༨ལོའི་ཟླ་བ་༣པ་ནས་བཟུང་ད་ལྟ་བར་དུ་བོད་ནང་གི་དམ་དྲག་དེ་ཡང་ཤུགས་ཆེ་རུ་བཏང་ཡོད་པ་རེད། བོད་ནང་ལ་རྒྱ་མིའི་མི་འབོར་དེ་ཡང་སྤོ་ཤུགས་ཆེ་རུ་བཏང་ཡོད་པ་རེད། དམག་མི་དེ་ཡང་བཞག་རྒྱུ་མང་དུ་བཏང་ཡོད་པ་རེད།

ཉེ་བའི་ཆར་ཆགས་བཞགས་པ་ཡིན་ན་བོད་ནང་གི་དམ་དྲག་དེ་རང་འཇགས་འགྲོ་བཞིན་པ་ལས་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད། དེ་འདྲ་ཡིན་དུས་ད་ལྟ་བར་དུ་གྲོས་མོལ་དེ་ཚོ་དང་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཚོ་ལ་གཅིག་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་བཀག་ཡ་གཅིག་དང༌། བཙན་བྱོལ་གཞུང་ལ་མགོ་སྐོར་རྒྱུ་གཅིག་མ་གཏོགས། གྲུབ་འབྲས་སོན་པ་ཞིག་ཡོང་གི་རེད་བསམས་ཀྱི་མི་འདུག དངོས་གནས་བྱས་པ་ཡིན་ན། གྲུབ་འབྲས་སོན་པ་ཡིན་ན། དཀའ་ངལ་དེ་ཚོ་རེ་རེ་བཞིན་སེལ་འགྲོ་ཡི་རེད། ང་ཚོ་འདི་ནས་ཕར་ཕྱིན་པའི་སྐུ་ཚབ་དེ་ཚོས་བོད་ནང་གི་དཀའ་ངལ་སྐོར་ག་རེ་གསུངས་ཀྱི་ཡོད་པ་དེ་ཚོ་ཉན། ཁོང་རང་ཚོའི་ངོས་ནས་དངོས་ཡོད་གནས་ཚུལ་དེ་ཚོའི་སྐོར་ལན་རྒྱག ག་རེ་ག་རེའི་ཐོག་ནས་སྐྱོན་དང་ནོར་འཁྲུལ་ཡོད་པ་དེ་ཚོར་ཁས་ལེན་བྱས་པ་ཡིན་ན་ཡག་པོ་ཡོད་རེད། གཉིས་ནི་ངའི་ངོས་ནས་གལ་ཆེ་ཤོས་དང་རེ་བ་དང་པོ་དེ་རྒྱ་བོད་ཞིལ་མོལ་དེའི་སྐབས་ལ་བོད་ནང་གི་སྲིད་ཇུས་ཀྱི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང༌། བཙོན་ཁང་ནང་ལ་བཙོན་པ་མང་པོ་ཞིག་ཡོད་པ་རེད། དེ་ཚོ་ཁག་ཅིག་དོགས་པ་དང་དོགས་གཞིའི་འོག་ནས་ཟིན་པ་དེ་འདྲ་མང་པོ་ཞིག་ཡོད་པ་དེ་ཚོ་མར་གློད་རྒྱུ་དང༌། དེ་བཞིན་བོད་ནང་དམག་མི་མང་པོ་ཞིག་བཞག་ནས་དམ་དྲག་བྱེད་བཞིན་ཡོད་པ་དེ་ཚོ་ལྷོད་ཡངས་གཏོང་རྒྱུ། བཙོན་ཁང་ནང་ལ་ཡོད་པ་དེ་ཚོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མར་གློད་དགོས་པ་སོགས། དེ་འདྲའི་སྒང་ལ་རྒྱ་ནག་གཞུང་གིས་ངོས་ལེན་བྱ་རྒྱུའི་གོམ་པ་དང་པོ་སྤོ་ཐུབ་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་བསམས་ཀྱི་ཡོད།

དེ་མ་ཡིན་པའི་འདས་པའི་སྐུ་ཚབ་ཚོགས་པ་ཐེངས་ཁ་ཤས་ཕྱིན་པ་དེ་ཚོར་བལྟས་པ་ཡིན་ན། རྒྱ་ནག་གཞུང་གིས་ཕར་ཚུར་གཡོས་ནས་དུས་ཚོད་འབུད་རྒྱག་བྱེད་བཞིན་པའི་གཟོ་ལས། དངོས་གནས་དྲང་གནས་ཀྱིས་ད་ལྟ་བར་དུ་ཕན་ཐོག་པ་ཞིག་གང་ཡང་བྱུང་ཡོད་པ་མ་རེད། ད་ལྟ་སྐུ་ཚབ་ཚོར་གྲུབ་འབྲས་ཐོན་པ་འདི་ཡིན་ཞེས་གསུང་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནི་རྒྱ་ནག་གཞུང་གིས་རྣམ་འགྱུར་གང་ཡང་མ་སྟོན་པའི་རྟགས་རེད་མ་གཏོགས། སྐུ་ཚབ་ཚོགས་པ་ཚོས་མ་འཇོན་པ་དེ་འདྲ་གང་ཡང་མ་རེད། དེ་འདྲ་ཡིན་དུས། ཐེངས་འདིར་ང་རང་གི་རེ་བ་བྱས་པ་ཡིན་ན། བོད་རྒྱ་ཞིལ་མོལ་དང་ཆིག་སྒྲིལ་ཡོང་བར་གོམ་པ་དང་པོ་དེ་ད་ལྟའི་ཆར་བཙོན་ཁང་ནང་ཡོད་པ་དེ་ཚོ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་མར་གློད་བཀྲོལ་གཏོང་རྒྱུ་དང༌། བོད་ནང་དམག་མི་མང་པོ་ཞིག་ཡོད་པ་དེ་ཚོ་ཕྱིར་འཐེན་བྱེད་ཡ། མི་འབོར་གནས་སྤོ་བྱེད་པའི་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བ་སོགས་དེ་ཚོའི་ལས་རིམ་རྣམས་མཚམས་འཇོག་ཞིག་བྱེད་ཐུབ་པ་ཡིན་ན། གོམ་པ་དང་པོ་དེ་བོད་པའི་སེམས་ཁམས་ནང་ཡ་ཡང་དེས་ཕན་ཐོག་གི་རེད་མ་གཏོགས། གཞན་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་དམ་དྲག་དང་ཕྱོགས་གཞན་ཞིག་ནས་ཞིང་འབྲོག་མི་མང་ཚོར་མགོ་སྐོར་གྱིས་རྔན་པ་སོགས་སྤྲད་བཞིན་ཡོད་པ་དེ་ཚོ་ནི། པུ་གུའི་ལག་པར་མི་རྒན་པས་བྱི་རིལ་སྤྲད་ནས་ངུ་དགའ་གསོས་པ་ནང་བཞིན་ཞིག་ལས་ཕན་གང་ཡང་ཐོག་གི་མ་རེད།

ད་ལྟ་བར་དུ་ལོ་༥༠དང་༦༠ཙམ་རིང་ལ་དེ་འདྲ་རྐྱང་རྐྱང་བྱས་དུས། མཐའ་མར་བོད་མིའི་སེམས་ཁམས་ཕོག་ཐུགས་ཆེན་པོ་ཕྱིན་ཡོད་དུས། ༢༠༠༨ལོར་བོད་ཆོལ་ཁ་གསུམ་ནང་ཡར་ལང་ཞི་རྒོལ་ཆེན་པོ་དེ་བྱས་པ་དེ། བོད་པའི་སེམས་ཁམས་ལ་རྒྱུན་དུ་ཕོག་ཐུགས་ཆེན་པོ་ཞིག་གཏོང་བཞིན་པ་དང༌། བོད་ནང་ལ་དངོས་ཡོད་གནས་ཚུལ་གྱི་ཞི་བདེ་དང༌། འགྲོ་བ་མིའི་ཐོབ་ཐང་རེད། ཆོས་དད་རང་མོས་དང༌། དེ་བཞིན་སྨྲ་བརྗོད་རང་དབང་དང་ཞི་བའི་ཐོག་ནས་ངོ་རྒོལ་སྐད་འབོད་སོགས་གང་ཡང་བྱེད་ཆོག་གི་མེད་པ་དེ་གསལ་པོ་རེད། གཉིས་ནི་དཔལ་འབྱོར་གྱི་ཐོག་ནས་ཡིན་ནའང་རྒྱ་ནག་ཁོ་རང་གི་ལོ་གཅིག་གི་ནང་ལ་དཔལ་འབྱོར་ཡོང་ཁུངས་དང༌། ང་ཚོ་བོད་པའི་ལོ་གཅིག་གི་དཔལ་འབྱོར་ཡོང་ཁུངས་བྱས་པ་ཡིན་ན། ལྡབ་ལོག་མང་པོ་ཁྱད་པ་ཤོར་ཡོད་པ་རེད། དེ་འདྲ་ཡིན་དུས་ཕྱོགས་གཅིག་ནས་ཁོང་ཚོས་བོད་ནང་ལ་དཔལ་འབྱོར་གྱི་ཡར་རྒྱས་ཆ་ནས་བོད་པ་ཚང་མ་འབྱོར་འབྲིང་གི་སྤྱི་ཚོགས་སུ་སླེབས་ཡོད་ཟེར་གྱི་ཡོད་པ་རེད་དེ། དངོས་ཡོད་གནས་ཚུལ་གྱི་ཆ་ནས། རྒྱལ་ཁབ་གཅིག་ནང་ལ་ཡོད་པའི་སྤྱི་འབངས་དེ་ཚོར་དཔལ་འབྱོར་གྱི་གནས་སྟངས་ཁྱད་པ་ཆེན་པོ་ཤོར་ཡོད་པ་རེད།

 དེ་ཚོ་ཚང་མ་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་དུས་ཁྱད་པ་ཆེན་པོ་ཞིག་བཟོས་སོང༌། སུ་ཡིན་རུང་དེ་ལ་ཉེས་ཁྱོག་གི་མ་རེད། ཉེས་མ་ཁྱོག་དུས་ལང་དགོས་པའི་གནས་སྟངས་ཤིགས་ཆགས་ཡོད་པ་རེད། དྲང་བདེན་གྱི་ཐོག་ནས་ལང་གི་ཡོད་པ་རེད། ད་དུང་མུ་མཐུད་ནས་རྒྱ་ནག་གཞུང་གི་བྱེད་སྟངས་དེ་ཟིན་པ་དང༌། ཕྱོགས་གཅིག་ནས་བོད་རྒྱ་ཞི་མོལ་བྱེད་བཞིན་ཡོད་མདོག་མདོག་གྱིས་ཁ་སྙན་པོ་རེད་བཤད། ཕྱོགས་གཞན་ཞིག་ནས་ད་ལྟ་རིགས་གནས་གསར་བརྗེ་ལས་ཀྱང་སྡུག་སྡུག་འདྲ་པོ་ཞིག་བྱེད་ནས་དམ་དྲག་བྱས་པ་ཡིན་ན། ༢༠༠༨ཞི་རྒོལ་ཆེན་པོ་ལས་ཀྱང་ལྷག་པ་དང་དེ་ལས་ཤུགས་ཆེ་བ་ཞིག་འགྲོ་བ་ལས་ཤུགས་ཆུང་དུ་འགྲོ་རྒྱུ་ཡོད་པ་མ་རེད། བོད་པའི་སེམས་ཁམས་ལ་རྨ་བཟོས་ཚར་བ་རེད། རྨ་ཁ་དེ་ཚུར་སོས་པར་དཀའ་ལས་ཁག་པོ་ཡོད་པ་རེད། རིགས་གནས་གསར་བརྗེ་ཡིན་པ་ཡིན་ན། སྐབས་དེ་དུས་རིགས་གནས་གསར་བརྗེ་ཞེས་མི་བཏགས་ནས་སྤྱི་ཚོགས་ཁྱོན་ཡོངས་རྡུང་རྡེབ་བཏང་བ་རེད། ད་ལྟ་དེ་མིང་སྙན་པོ་ཞིག་གི་འོག་ནས། རིགས་གནས་གསར་བརྗེ་ཞེས་མིང་མེད་པའི་ཐོག་ནས་རིགས་གནས་གསར་བརྗེ་ལས་ཀྱང་སྡུག་པ་དམ་དྲག་དང་འཛིན་བཟུང། མནར་གཅོད། སྲོག་ཐོག་སོགས་ཧང་སང་བའི་དུས་རབས་ཉེ་ཤུ་རྩ་གཅིག་ནང་དེ་འདྲའི་དམ་དྲག་བྱེད་དུས། སུ་ཡིན་རུང་ཉེས་ཁྱོག་གི་མ་རེད།

རྒྱ་ནག་གཞུང་གིས་དངོས་གནས་དྲང་གནས་ཀྱི་བོད་རྒྱ་ཞི་མོལ་དང་བོད་ནང་གི་དངོས་ཡོད་གནས་ཚུལ་གྱི་དཀའ་ངལ་དེ་ཚོ་སེལ་འདོད་ཡོད་པ་ཡིན་ན། གོམ་པ་དང་པོ་དེ་ད་ལྟ་བཙོན་ཁང་ནང་ཡོད་པ་དེ་ཚོ་མར་གློད་བཀྲོལ་གཏོང་དགོས་པ་ཞིག་དང༌། དམག་མི་ཕྱིར་འཐེན། མི་འབོར་སྤོ་ཤུགས། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཐད། གང་བྱུང་དུ་གཏེར་ཁ་སྔོག་འདོན། ལྷག་པར་དུ་འབྲོག་པ་གནས་སྤོ་བྱེད་པ་དེ་ཚོའི་གྲས་དཔེ་མི་སྲིད་པའི་ཚབ་ཆེན་གྱི་གནད་དོན་ཞིག་དང༌། མི་རབས་ནས་མི་རབས་བར་དཀའ་ངལ་ཚབ་ཆེན་བཟོའི་ལས་གཞི་རྒྱ་ཆེན་པོ་ཞིག་རེད། དེ་ཚོ་ཕྱིར་འཐེན་བྱས་པ་ཡིན་ན། དངོས་གནས་རྒྱ་ནག་གཞུང་གིས་སྐད་ཆ་བྱ་འདོད་ཡོད་པའི་རྟགས་ཤིགས་རེད་བསམས་ཀྱི་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བ་ལས་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གོང་གི་གང་ཟག་རྣམས་ལ་བཅར་འདྲི་ཞུས་པ་དང། བཅར་འདྲི་ཞུ་ཡུལ་རྣམས་ཀྱིས་རང་རང་གི་བསམ་ཚུལ་གང་ཡོད་བརྗོད་རྣམས་ཡག་པོ་འདུག མ་འོངས་པར་ཡང་དེ་རིགས་མང་ཙམ་འགོད་ཐུབ་པའི་རེ་བ་ཡོད།
བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་དེའི་དོན་ངོ་མ་དེ་འགྲུབ་ཐུབ་མིན་ཇི་ལྟར་ཡང་། ང་ཚོའི་ངོས་ནས་རེ་བ་དང་། བྱ་བ་གང་གི་ཐོག་ནས་འགྱོད་པ་མེད་པ་བྱེད་རྒྱུ་དེ་གལ་ཆེ་བར་མཐོང་།
དགོངས་ཚུལ་ཕྱོགས་བསྒྲིགས་དེ་ཡག་པོ་བྱུང་འདུག ད་ལན་གྱི་འབྲེལ་མོལ་དེ་རེ་བ་ཏོག་ཙམ་ཡོད་པའི་བཟོ་འདྲ་འདུག གང་ལགས་ཞེ་ན། ཕྱོགས་གཉིས་ཀའི་ངོས་ནས་བོད་ཀྱི་ལས་དོན་ཞིབ་ཚགས་གྲོས་མོལ་བྱས་ཏེ་གཟབ་གཟབ་བྱས་ཡོད་ལ། ྷག་པར་དུ་རྒྱ་ནག་གི་ཕྱོགས་ནས་བོད་ཀྱི་གནད་དོན་ཐད་ལམ་ཕྱོགས་གཞན་ཞིག་བསྐྱོད་ཡོད་པའི་རྣམ་པ་ཞིག་མངོན་ཐུབ།



བརྗོད་གཞི་གཞན་ཁག་ལ་གཟིགས།