༧གོང་ས་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་བརྟན་བཞུགས་འདེབས་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༣ཉིན། དེ་རིང་ཞོགས་པ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་བརྟན་བཞུགས་ཟབ་རྒྱས་ཤིག་འདེབས་འབུལ་ཞུས་སོང༌། ཐེངས་འདིར་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་གང་ཉིད་དྲི་བཟང་བདུག་སྤོས་ཀྱི་སྣེ་ནས་གདན་ཞུས་དང་ལྷན་བོད་མི་མང་སྤྱི་འཐུས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་ཡང་གནང་སོང༌། དེ་རྗེས་གཙུག་ལག་ཁང་གི་མདུན་ཐང་དུ་བོད་གཞུང་ཟློས་གར་དང༌། ཐང་སྟོང་གླུ་གར་ཚོགས་པ། ཤེས་རབས་དགའ་ཚལ་སློབ་གླིང༌། དྷ་སྟེང་བོད་ཁྱིམ། ནོར་བུ་གླིང་ཁ་སོགས་སློབ་གྲྭ་དང་ཚོགས་པ་སྐྱིད་སྡུག་ཁག་དང་གཞུང་སྒེར་མང་པོ་ཞིག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་།

དེ་རྗེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན། དེ་རིང་འདིར་རྒྱལ་ཟླའི་ཚེས་བརྒྱད་ཀྱི་དུས་ཚིགས་དང་བསྟུན་ནས། ཚེ་བསོད་དབང་ལུང་རྒྱས་པའི་རྟེན་འབྲེལ་གྱི་ཆོ་ག་དང་འབྲེལ་བའི་སྒོ་ནས་མང་ཚོགས་ཀྱིས་ཞབས་གཞས་འཁྲབ་རྒྱུ་བྱུང་བ་རེད། ཞབས་གཞས་འཁྲབ་སྟོན་ཟིན་པ་ཚོ་དང༌། འཁྲབ་པར་འགྱུར་བ་ཁག་མང་པོ་ཞིག་འདུག ཚང་མ་ལ་ཐུགས་རྗེ་ཆེ་ཞེས་ཟེར་རྒྱུ་ཡིན། དེ་ནས་རང་ཚོ་ཚང་མས་ཤེས་བསལ་རེད། ང་རང་ཚོའི་ངོ་གདོང་གི་གནས་ཚུལ་ལ་བལྟས་པ་ཡིན་ན། སྣང་བ་སྐྱིད་པོ་དང་བག་ཕེབས་པོ་ཞིག་བྱེད་ཐུབ་པ་ཆགས་ཡོད་པ་རེད། ཡིན་ན་ཡང་ང་ཚོའི་གཞི་རྩའི་གནས་ཚུལ་ལ་བསམ་བློ་བཏང་བ་ཡིན་ན། ང་ཚོའི་བོད་མི་རིགས་དེ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་དང༌། དེ་བཞིན་རིག་གཞུང༌། དེ་དང་འབྲེལ་བའི་སངས་རྒྱས་ཀྱི་ཆོས་དེ་གཉན་ཕྲང་དོག་པོ་ཅིག་སྒང་ལ་བསྡད་ཡོད་པ་རེད། ཚང་མས་ཉིན་རེ་ཉིན་རེའི་འཚོ་བའི་གནས་སྟངས་ཅིག་པུ་མ་ཡིན་པའི་རྩ་བའི་ང་ཚོའི་བོད་གངས་ཅན་པ་ཟེར་བ་དེ་གང་འདྲ་ཞིག་གི་སྒང་ལ་བསྡད་ཡོད་པ་རེད། དེ་དུས་ནམ་ཡང་མ་བརྗེད་ཐབས་ཡོད་པ་མ་རེད། གལ་ཆེ་ཤོས་བོད་ནང་ལ་ཡོད་པའི་རྒྱ་ཆེ་མི་མང་རྒན་གཞོན་མེད་པ་ཚང་མས་ལྷག་བསམ་དང་སྙིང་སྟོབས་གཅིག་ཏུ་སྒྲིལ་ནས་སྡོད་བཞིན་ཡོད་པ་དེ་ཧ་ཅང་གསལ་པོ་རེད། དེ་འདྲ་ཡིན་དུས་ང་ཚོ་བཙན་བྱོལ་ལ་ཡོད་པ་དེ་ཚོས་བོད་རྒྱ་ཆེ་མི་མང་གི་ཚབ་བྱེད་དགོས་པ་རེད། ང་ཚོས་རང་འགོ་གང་ཐོན་བྱེད་ན་ཡོང་གི་མ་རེད། རྩ་བའི་ང་ཚོ་སྔར་ཆོས་རྒྱལ་ཚོའི་སྐབས་ནས་བོད་མི་རིགས་ཟེར་བའི་རིག་གཞུང་ཕྱུག་པོ་ཡོད་མཁན། མི་རིགས་རླབས་ཆེན་ཡིན་པའི་མི་རིགས་དེ་ད་ལྟ་ང་རང་ཚོའི་མི་རབས་འདིའི་སྐབས་སུ་ལས་འགན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་དུས་ཁྱེད་རང་ཚོ་ཚང་མས་བསམ་བློ་རྒྱ་ཆེ་ས་ནས་བཏང༌། ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པ།  སྐབས་སུ་བབ་པའི་ང་ཚོའི་ལས་འགན་དེ་ག་རེ་རེད་འདུག་ཟེར་ན་ཤེས་བྱ་ཡོན་ཏན་སྦྱང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་འདུག ང་རང་ཚོ་བོད་རང་ཉིད་ལ་རིག་གཞུང་གཏིང་ཟབ་ཡོད་པ་ཞིག་དང་ལྷག་པ་ནང་ཆོས་དང་འབྲེལ་བའི་ལྟ་གྲུབ་ཟབ་མོ་ཞིག་ཡོད་པ་དེ་སེར་སྐྱ་དབྱེ་བ་མེད་པ་ཕོ་མོའི་དབྱེ་བ་མེད་པ་ཚང་མས་དེ་ལ་དོ་སྣང་ཆེ་ཙམ་བྱེད་དགོས་པ་ནི་ངས་རྒྱུན་དུ་འབོད་སྐུལ་བྱེད་བཞིན་ཡོད་པ་དེ་རེད། འབོད་སྐུལ་བྱས་པ་ནང་བཞིན་ཁྱེད་རང་ཚོ་མང་པོ་ཞིག་གིས་དེ་ལ་དང་ལེན་བྱེད་ནས་གང་ཡོང་གི་འབད་བརྩོན་བྱེད་བཞིན་ཡོད་པ་དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་ཐོག་ལ་སློབ་གྲྭ་འགྲིམས་པ་དང་གཞི་རྩའི་སློབ་སྦྱོང་ཡོད་པ་ཙམ་གྱི་ཆོག་ཤེས་མི་བྱེད་པ། དེ་བཞིན་མཐོ་རིམ་སློབ་གྲྭ་འགྲིམས་ནས་ལག་ཁྱེར་ཡོད་པ་ཙམ་གྱིས་ཆོག་ཤེས་མི་བྱེད་པ། སོ་སོ་རིག་གནས་ཀྱི་སྡེ་ཚན་ག་རེ་ཡིན་པ་དེའི་ནང་སོ་སོ་རང་རྐྱ་འཕེལ་བའི་སློབ་སྦྱོང་བྱེད་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད་འདུག ང་ཚོ་འདིར་རང་དབང་ལུང་པའི་ནང་ཡོད་པ་རེད་གོ་སྐབས་ཡོད་པ་རེད། དེར་བརྟེན་གོ་སྐབས་ཡོད་པ་ནང་བཞིན་དེ་ལ་འབད་བརྩོན་བྱེད་ནས་ཆུད་ཟོས་སུ་མ་འགྲོ་བ་བྱེད་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་རེད། བོད་ནང་ལ་ཡོད་པའི་གཞི་ལུས་རྒྱ་ཆེ་མི་མང་ལ་ཆགས་བཞག་ན་བར་སྐབས་ཅིག་ལ་སོ་སོའི་རིག་གཞུང་དང་ཤེས་བྱ་ཡོན་ཏན་ཐོག་ལ་དོ་སྣང་གསར་པ་ཞིག་སླེབས་ནས་སློབ་སྦྱོང་དང་དོ་སྣང་བྱེད་བཞིན་ཡོད་པ་དེར་རྗེས་སུ་ཡིད་རང་ཡོད། ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ད་དུང་ཡིན་ན་ཡང་དེང་དུས་ཀྱི་ཤེས་ཡོན་དང་དེ་བཞིན་བོད་རང་ཉིད་ལ་ཡོད་བསྡད་པའི་ཆོས་བཟང་པོའི་ཤེས་ཡོན་རྒྱ་ཆེན་པོ་དང་གཏིང་ཟབ་མོ་ཡོད་པ་དེ་ཕྱག་དང་མཆོད་འབུལ་བྱེད་ས་འདྲ་པོ་དང་དད་པ་བྱེད་སའི་ཡུལ་རྐྱང་རྐྱང་ཞིག་ལ་མ་བཞག་པ་རང་ཉིད་ཀྱི་གཤིས་རྒྱུད་ལ་ཚང་བ་བྱེད་དགོས་པ་དེ་གལ་ཆེན་པོ་ཞིག་རེད། གཤིས་རྒྱུད་ལ་ཚང་བ་བྱེད་པ་ལ་ཤེས་དགོས་པ་རེད། ཐོས་ནས་ཤེས་པར་བྱེད་པའི་དགོས་པ་ཡང་བྱེད་པ་ཡིན་པས། ཐོས་པའི་དོན་དུ་ནུས་པ་ཐོན་པའི་ལག་ལེན་གྱི་གནད་དུ་བྱའོ་ཞེས་པ་བཞིན་ཤེས་དགོས་པ་རེད། ཤེས་པའི་དོན་དེ་སོ་སོའི་རྣམ་དཔྱོད་ཀྱིས་ཞིབ་འཇུག་བྱེད་ནས་ངེས་པ་རྙེད་པ་བྱེད་དགོས་པ་རེད། ངེས་པ་རྙེད་པའི་དོན་དེ་སོ་སོའི་སྒོ་གསུམ་དང་སྦྱར་ནས་འགྲོ་ན་མི་ཚེ་བཟང་པོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག་དང༌། རང་ཉིད་ཡིན་ནའང་སེམས་སྐྱིད་པ་དང་ལུས་བདེ་བ་གཡས་གཡོན་གྱི་ཁོར་ཡུག་གི་མི་ཚོ་ཡིན་ནའང་རང་བཞིན་གྱིས་སེམས་བག་ཕེབས་པ་དངོས་གནས་རང་འཚེ་བ་མེད་པའི་སྤྱི་ཚོགས་ཤིག་ཡོང་ཐུབ་པ་ལ་ང་ཚོར་རྒྱུ་ཆ་ཡོད་པ་རེད། ནུས་པ་ཡོད་པ་རེད། ནུས་པ་དང་རྒྱུ་ཆ་དེ་ཤེས་པ་བྱེད་ནས་མི་རིགས་ཀྱི་དབྱེ་འབྱེད་ཡོད་པ་མ་རེད་ལ། རྒྱལ་ཁབ་ཀྱི་དབྱེ་འབྱེད་གང་ཡང་ཡོད་པ་མ་རེད། འཛམ་བུ་གླིང་འདིའི་སྒང་ལ་མི་དུང་ཕྱུར་དྲུག་ཅུ་ལྷག་ཡོད་པ་དེ་ཚང་མ་ལ་བདེ་བ་འདོད་པ་དང་སྡུག་ངན་མི་འདོད་པ་ཅིག་གྱུར་རེད། དེའི་ཐོག་ལ་ང་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་དེས་གཏན་གཏན་ཞབས་འདེབས་ངེས་ཅན་བསྒྲུབ་ཐུབ་པའི་ང་ཚོར་སྤོབས་པ་ཡོད་པ་རེད། གཞན་ང་ཚོའི་སྤོབས་པ་དེ་སྟོན་པ་ལ་སྔོན་ལ་རང་ཉིད་ལ་དགོས་པ་རེད། རང་ལ་ཡོད་པའི་ཐོག་ནས་མི་ལ་འགྲེལ་བཤད་རྒྱག་ཐུབ་པ་དགོས་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་གཞིས་བྱེས་བོད་མི་སྐྱེ་བོ་གནམ་བསྟན་ཚང་མས་སོ་སོར་ཁྱད་ནོར་ཡོད་པ། སོ་སོར་ཡོད་པ་དེ་ངོ་ཤེས་པ་བྱེད་ནས་བདག་པོ་རྒྱག་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ངས་ལབ་འདོད་སྐྱེས་བྱུང༌། དེ་ག་ཡིན་བཀྲ་ཤིས་བདེ་ལེགས་ཅེས་བཀའ་བརྩལ་སོང་ལ། ཕྱི་དྲོ་ཡང་ཚོགས་སྡེ་ཁག་ཅིག་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་མུ་མཐུད་ནས་འབུལ་རྒྱུ་ཡིན་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༥༢༠༡༠༡༢༣༧
བཀྲ་ཤིས་བདེ་ལེགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།