ལྟ་སྤྱོད་ཀྱི་ཐོག་ནས་རྒྱ་གར་བ་དང་ཕྱི་ལུས་པོའི་ངོས་ནས་བོད་པ་ཞིག་ཡིན།
ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡པའི་ཚེས་༡༦ཉིན། ཁ་སང་ཕྱི་དྲོར་རྒྱ་གར་གྷུ་ཇི་ར་ཊི་མངའ་སྡེའི་མ་ཧ་ར་རྒྱ་ས་ཡ་ཇི་རའོ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་༼གྷུ་ཇི་ར་ཊི་ནང་གི་ནང་བསྟན་རྒྱུད་འཛིན༽ཞེས་པའི་བརྗོད་གཞིའི་སྒང་ལ། རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་འགོ་ཚུགས་ཡོད་ཅིང༌། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་གྷུ་ཇི་ར་ཊི་མངའ་སྡེའི་བློན་ཆེན་ན་རེན་ཊ་མོ་ཊི་མཆོག་གཉིས་ཀྱིས་གཙོས་ཉི་ཧོང་དང༌། སིང་གྷ་པོར། སིངྒ་ལ། ཐའེ་ལན་ཊི། འབྲུག དེ་བཞིན་རྒྱ་གར་ནས་ཕེབས་པའི་མཁས་དབང་དང་ཆོས་ལུགས་འགོ་ཁྲིད་དུ་མ་ངོ་ཕེབས་གནང་ཡོད་འདུག
བགྲོ་གླེང་ཚོགས་འདུའི་ཐོག་ྋགོང་ས་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ། ཆོས་ལུགས་འཆམ་མཐུན་གྱི་གལ་ཆེའི་རང་བཞིན་སྐོར་ལ་ལམ་སྟོན་བཀའ་སློབ་ཞིབ་ཕྲ་བསྩལ་ཡོད་པ་མ་ཟད། རྒྱ་གར་གྱིས་རང་ཉིད་ཀྱི་གནའ་བོའི་རྩ་ཆེའི་རིག་གནས་དང་སྲོལ་རྒྱུན་གཅེས་གཉེར་ཐད་བྱེད་ནུས་ཤུགས་ཆེན་འདོན་དགོས་ལུགས་ཀྱི་བཀའ་བསྩལ་ཡོད་འདུག
དེ་ཡང་མགོན་པོ་གང་ཉིད་ཀྱིས། ནང་ཆོས་ནི་རྒྱ་གར་ནས་དར་ཡོང་བ་ཞིག་རེད་ལ། རྒྱ་གར་ཁོ་རང་ཚོའི་ཆོས་ལུགས་ཀྱང་རེད། ངོས་ནམ་རྒྱུན་རྒྱ་གར་ནི་དགེ་རྒན་དང་ང་ཚོ་ནི་དགེ་ཕྲུག་ཡིན་ཞེས་འགྲེལ་བཤད་རྒྱག་གིན་ཡོད། ངོས་རང་རྒྱ་གར་གྱི་དགེ་ཕྲུག་ཡིན་ཙང༌། དངོས་ནས་བཤད་ན་ངོས་ཀྱི་ནང་བའི་ལྟ་སྤྱོད་དག་ནི་རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ལས་མཆེད་ནས་ཡོང་བ་ཞིག་རེད། དེ་བས་འཛམ་གླིང་རྒྱལ་ཁབ་གཞན་ནང་བསྐྱོད་སྐབས་ངོས་ཀྱིས་ངོས་ནི་རྒྱ་གར་འཕགས་ཡུལ་གྱི་ཕོ་ཉ་ཡིན་ཞེས་ལབ་གིན་ཡོད། ཕོ་ཉ་ཞིག་གི་ངོས་ནས་ངོས་ཀྱིས་འཚེ་མེད་ཞི་བ་དང༌། བྱམས་སྙིང་རྗེ། ཆོས་ལུགས་འཆམ་མཐུན་གྱི་དར་ཁྱབ་དང་གོང་སྤེལ་ལས་དོན་ཧུར་སྒྲུབ་གནང་ཡོད་ལ། ད་ལྟ་ངོས་ཀྱི་དགེ་རྒན་རྒྱ་གར་གྱིས་དེ་དོན་ཁུར་ཏུ་ལེན་དགོས་པའི་དུས་ལ་སླེབས་ཡོད་པ་རེད། ཅེས་གསུངས་ཡོད་འདུག
