རྡོར་གདན་དུ་དོལ་རྒྱལ་སྐོར་བཀའ་སློབ་ཞིབ་གསལ་སྩལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ྋགོང་ས་མཆོག་གིས་རྡོར་གདན་དུ་དོལ་རྒྱལ་སྐོར་བཀའ་སློབ་ཞིབ་གསལ་སྩལ་བ།

ཤམ་བྷ་ལ་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༡ཚེས་༨ཉིན། ༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༨ ཉིན་ཞོག་པ་ཕྱག་ཚོད་ ༨ ནས་ྋགོང་ས་མཆོག་སྒྲུབ་བཞག་ཏུ་ཆིབས་སྒྱུར་གནང་ཞིང༌། ཕྱག་ཚོད་ ༩།༣༠ ནས་བྱང་ཆུབ་ལམ་སྒྲོན་གྱི་བཀའ་འཁྲིད་འཕྲོས་བསྩལ་ཞིང༌། དེ་རྗེས་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་རྒྱུར་བརྟེན། དོལ་རྒྱལ་གྱི་སྐོར་བཀའ་སློབ་ཞིབ་གསལ་གནང་བ་འདི་ལྟར། དེ་རིང་ཟུར་དུ་གསལ་བཤད་བྱེད་འདོད་པ་ཞིག་ལ། འདིར་༔བོད་མི་མང་པོ་ཞིག་འཛོམས་པའི་ཐོག། ཕྱི་རྒྱལ་གྱི་མི་སྣ་མང་པོ་ཞིག་དང༌། དེ་བཞིན་རྒྱ་ཡི་ཆོས་གྲོགས་ཀྱང་གང་འཚམས་ཤིག་འདིར་སླེབས་ཡོད། དེས་ན་འདུས་པ་རྒྱ་མཚོའི་དབུས་སུ་གསལ་བཤད་ཅིག་བྱེད་འདོད་བྱུང༌། དེ་ནས་རིམ་བཞིན་རྩ་བ་དཔྱད་ནས་ཉམས་ཞིབ་བྱེད་སྐབས་དེ་ནི་ཚད་ལྡན་ཞིག་ཡིན་མི་འདུག་ཅིང༌། དེ་ཡང་ཞིབ་ཕྲ་ཞུ་མི་དགོས་པའི་ཐོག་ནས། སྙིང་དོན་ནི་རྒྱལ་པོ་དོལ་རྒྱལ་དུས་སྐབས་དེ་རྒྱལ་དབང་ལྔ་པའི་སྐུ་དུས་སུ་བྱུང་བ་ཡིན། རྒྱལ་དབང་ལྔ་པ་མཆོག་དང་མ་འགྲིགས་པའི་གནས་ཚུལ་ཞིག་གི་ཐོག་ནས་བྱུང་བ་ཡིན། དེས་ན་ྋགོང་ས་ལྔ་པ་ཆེན་པོའི་གསུང་ནང༌། དོལ་རྒྱལ་ལ་མངོན་སྤྱོད་ཀྱི་ལས་མཛད་པའི་སྐབས་སུ་གཟུ་དཔང་ཞིག་བརྩམས་གནང་ཡོད་ཅེས་རྣམ་ཐར་དུ་ཀུ་ལའི་གོས་བཟང་ནང་དུ་བྲིས་ཡོད་ཅེས་འཁོད་ཡོད། གཟུ་དཔང་དེ་ཉིད་ྋགོང་ས་་ལྔ་པ་ཆེན་པོའི་གསུང་ཕྱི་མའི་པོད་ད་པའི་ནང་སྲུང་མའི་འཕྲིན་བསྐུལ་ཡོད་པའི་སྡེ་ཚན་དེའི་ནང་གཟུ་དཔང་དེ་ཉིད་གསལ་འདུག གཟུ་དཔང་དེའི་གང་ཞིག་གསུངས་ཡོད་ཅེ་ན། ཐོག་མར་ཡིག་ཆུང་ཞིག་ཡོད་པ་དེའི་ནང་དུ། གད་ཁ་ས་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་རྫུན་མ་ལམ་དུ་ལྷོངས་པ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ་ཞེས་བཀོད་གནང་མཛད་ཡོད། དེས་སྐྱེ་འགྲོ་མང་པོར་འཚེ་བ་ཡོང་བས་ན་མངོན་སྤྱོད་ཀྱི་ལས་སྦྱོར་མཛད་པ་ཡིན་ཞེས་ཐོག་མའི་ངོ་སྤྲོད་ཀྱི་ཡིག་ཆུང་དུ་བཀོད་གནང་མཛད་ཡོད།

    ཡིག་ཆུང་དེའི་ནང་གི་ནང་དོན་གཙོ་བོ་ནི། གད་ཁ་ས་ཞེས་པ་ནི་སྟོད་ལུང་གྲགས་པ་རྒྱལ་མཚན་འཁྲུངས་སའི་ས་གནས་དེ་ཡིན་ལ། ལགས་ཨ་རྒྱལ་ཞེས་པ་ནི་གྲགས་པ་རྒྱལ་མཚན་གྱི་ཨ་མ་ལགས་ཀྱི་མིང་ཡིན། ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་ནས་ཞེས་ཨ་རྒྱལ་དེ་ཧ་ཅང་འཇོན་པོ་ཞིག་ཡོད། དེས་རྐྱེན་པས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ་ཞེས་པ་ནི། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ནི་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྤྲུལ་གྱི་གྲས་ཡིན་ལ། དེ་ནི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་ཞེས་པ་དེ་ཡིན། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ངོ་མ་མིན་པ་ཞིག་ལ། ཐབས་འཕྲུལ་དང་ལྟེས་དབང་གིས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་དུ་ངོས་འཛིན་བྱུང་བ་ཡིན། དོན་ངོ་མ་ཡིན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་པར་རྫུན་མ་ཡིན། དེར་བརྟེན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ་ཞེས་མཐར་འདུལ་འཛིན་གྱི་ཡང་སྲིད་ཡིན་ཞེས་པ་ཞིག་ཆགས་པ་ཡིན།

    ཕྱིས་སུ་དེ་ལྟ་བུའི་རྐྱེན་ངན་དང༌། སྨོན་ལམ་ལོག་པའི་དབང་གིས་དམ་སྲིར་སྐྱེས་པ་ཡིན། དེས་ན་གཟུ་དཔང་གི་ཚིགས་བཅད་ཀྱི་ནང་དུ། མགོན་པོ་ཕྱག་དྲུག་ལ་སོགས་པའི་ཚད་ལྡན་གྱི་བསྟན་སྲུང་ས་ལ་གནས་པ་རྣམས་དང༌། དེ་བཞིན་འཇིག་རྟེན་དྲེགས་པ་ཡང་ཕོ་བརྒྱུད་དང་མོ་བརྒྱུད་གཙོ་ཆེ་བ་རྣམས་ཀྱི་མིང་གསུངས་ནས་གཟུ་དཔང་གི་གཉེར་གཏད་གནང་ཡོད། དེ་ཡང་གཟུ་དཔང་གི་ནང་དུ། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པས་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་མགོན་པོ་ཕྱག་དྲུག་ནས་བཟུང་སྟེ་སྲུང་མ་རྣམས་ཀྱི་གཉེར་གཏད་དུ་མཚན་སྨོས་ནས་སྐབས་དེར་བཀའ་སྒོས་གཉེར་གཏད་སྨོན་ལམ་གསུངས་ཡོད།  ཚིགས་བཅད་དེའི་ནང་གི་ནང་དོན་གཙོ་བོར་གང་ཞིག་གསུང་གི་ཡོད་ཅེ་ན། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཙན་ཞེས། །ཞེས་པ་ནི་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་བཞིན་དུ་ཡང་སྲིད་དུ་རྫུས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་མཚན་འཆང་བས་ན་དམ་མིན་དམ་རྫུ་ཞེས་གསུངས། གྲགས་པ་རྒྱལ་མཚན་ཞེས་པ་ནི་དངོས་མིང་དེ་ཡིན།

    གྲགས་པ་རྒྱལ་མཚན་འདིའི་རྒྱུ་ཡི་ཁྱད་པར་ནི་སྨོན་ལམ་ལོག་པ་དང༌། ངོ་བོའི་ཁྱད་པར་ནི་དམ་སྲི་འབྱུང་པོ་ཞེས་པ་དེ། ཡིན། དེ་ཡང་དམ་སྲི་ཡིན་པ་ནི། རྒྱལ་པོ་ཤུགས་ལྡན་རང་ཉིད་དྲག་པོ་ཆགས་ཟིན་ནས་ཐོག་མར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གདན་ན་གཙང་གི་བཀྲ་ཤིས་ལྷུན་པོར་ཕྱིན་པ་དང༌། བཀྲས་ལྷུན་དགོན་པ་རྣམ་སྲས་རྟ་སྟག་བརྒྱད་ཀྱིས་ཡོངས་སུ་བསྐོར་བས་དགོན་པའི་ནང་དུ་མ་ཐར་བས་ན། ཅུང་ཟད་ཁྲོས་པའི་ཚུལ་གྱིས་ས་སྐྱའི་ཕྱོགས་སུ་བསྐྱོད་ཅིང༌། སྐབས་དེར་ས་སྐྱའི་བདག་ཆེན་མཆོག་ལ་དངོས་སུ་གཟུགས་བསྟན་ཅིང༌། ས་སྐྱའི་བདག་ཆེན་མཆོག་ནས་ཁྱོད་སུ་ཡིན་ཞེས་དྲིས་པས་ན། དེའི་ལན་དུ་དགེ་ལུགས་པའི་དམ་སྲི་དེ་ཡིན་ཞེས་རང་ཉིད་ཀྱིས་ངོ་བོའི་ཁྱད་པར་དེ་བཤད་ཡོད། དེས་ན་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །ཞེས་གསུངས་པ་ཡིན། བྱེད་ལས་ཀྱི་ཁྱད་པར་གང་ཞེ་ན། བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །ཞེས་བསྟན་པ་དང་འགྲོ་བ་ཀུན་ལ་འཚེ་བ་བྱེད་ཀྱི་འདུག་ཅེས་པ་དེས། རྒྱལ་པོ་དོལ་རྒྱལ་གང་འདྲ་ཞིག་རེད་ཅེ་ན། རྒྱུ་ཡི་ཁྱད་པར་སྨོན་ལམ་ལོག་པའི་དབང་གིས། ངོ་བོའི་ཁྱད་པར་དམ་སྲིའི་རང་བཞིན་དུ་སྐྱེས་པ། བྱེད་ལས་སམ་འབྲས་བུའི་ཁྱད་པར་ནི། བསྟན་པ་དང་འགྲོ་བ་ལ་འཚེ་བ་བྱེད་མཁན་ཞིག་ཡིན་པས། དེ་བསྒྲལ་བ་ལ་མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག་ཅེས་གསུངས་ཡོད།

    ཐོག་མར་ངོས་ནས་གནས་ཚུལ་འདི་དག་ཤེས་ཀྱི་མེད། ཕྱིས་སུ་གླེང་གཞི་མང་པོ་ཞིག་བྱུང་སྐབས་ཞིབ་འཇུག་བྱེད་སྐབས། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་ནང་གཟུ་དཔང་འདི་ཉིད་མཛད་འདུག དེ་ནི་དེའི་ཚེ་དེའི་དུས་ཀྱི་གནས་ཚུལ་ཆ་ཚང་རྟོགས་མཁན་གྱི་མི་ཞིག་གིས་གསུངས་པ་ཡིན། ྋགོང་ས་ལྔ་པ་རང་ཉིད་ལ་ཆ་བཞག་ན། ངེས་པ་དོན་ལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་འཕྲིན་ལས་ཀྱི་སྤྲུལ་པ་ཡིན་ལ། སློབ་དཔོན་རིན་པོ་ཆེའི་ལུང་གིས་ཟིན་པ་ཞིག་ཀྱང་ཡིན། དེ་བཞིན་ཐུན་མོང་གདུལ་བྱའི་སྣང་ངོར་ཡང་རྩ་གསུམ་ལྷ་ཡི་སྣང་བ་རྟག་ཏུ་ཤར་བའི་ཐོག་ནས་དག་སྣང་གི་ཆོས་སྐོར་མཛད་པ་ཞིག་ཆགས་ཡོད། གཞན་ཡང་གཞུང་ཆེན་བཀའ་པོད་ལྔ་པ་སློབ་གཉེར་གནང་བ་དང༌། དེ་བཞིན་རྙིང་མའི་ཆོས་སྐོར་དང༌། ས་སྐྱའི་ཆོས་སྐོར་མང་པོ་ཞིག་གསན་གནང་མཛད་ཡོད། སྒྲ་དང་སྙན་ངག་རྩིས་སོགས་གང་ཅིའི་ཐོག་ལ་གནས་ལྔ་རིག་པ་ཀུན་རྫོབ་རིག་པའི་ཤེས་རབ་དང༌། གནས་ཚུལ་རིག་པ་དོན་དམ་རྟོགས་པའི་ཤེས་རབ་སོགས་ཆ་ཚང་འཛོམས་པ་ཞིག་ཀྱང་ཡིན། སྤྱིར་བཏང་ལྟར་ན་ྋགོང་ས་ལྔ་པ་ཆེན་པོ་མི་གྱོང་པོ་ཞིག་ཡིན།

    དེ་ལྟར་ཆོས་ཀྱི་ཐོག་ནས་བརྗོད་ན། ལུང་རྟོགས་ཀྱི་ཡོན་ཏན་ཡོད་པ་དང༌། རྟོགས་པའི་ཡོན་ཏན་ཡང་རྩ་གསུམ་ལྷ་ཡི་སྣང་བ་རྟག་ཏུ་ཤར་བ། ཐུན་མོང་གི་སྣང་ངོར་ཡང་མི་འཇོན་པོ་དང་གྱོང་པོ་ཤཱཀྱའི་དགེ་སློང་ཞིག་གིས་སྐྱག་རྫུན་གསུང་གི་མ་རེད་སྙམ། དེས་ན་ྋགོང་ས་ལྔ་པ་ཆེན་པོ་དང༌། རྟོགས་པ་ན་མཉམ་པའི་སྐྱེས་བུ་དམ་པ་ཞིག་གིས་ྋགོང་ས་ལྔ་པ་གསུང་དེ་མ་རེད་གསུངས་ན་དེ་ལྟར་སྲིད་པ་ཞིག་ལས། ྋགོང་ས་ལྔ་པ་དང་རྟོགས་པ་ན་མཉམ་པའི་མི་གཅིག་གིས་ཐག་གཅོད་གསར་པ་ཞིག་མ་བྱུར་བར་ྋགོང་ས་ལྔ་པའི་གསུང་དེ་ཚད་མར་འཛིན་དགོས་པ་ལས། དེ་ལ་དྲང་དོན་དང་ངེས་དོན་གྱི་འགྲེལ་བཤད་བྱ་རྒྱུ་བསྡད་མེད། ངོས་ལ་ཆ་བཞག་ན་འོས་བབ་གང་ཡང་མེད། ྋགོང་ས་ལྔ་པས་ཐག་བཅད་པ་དེ་ལ་དེ་དེ་བཞིན་ནོ་ཞེས་བརྗོད་རྒྱུ་ལས་མེད། དེས་ན་སྔར་ངོས་ནས་ཀྱང་དོལ་རྒྱལ་བསྟེན་གྱི་ཡོད། བསྟེན་པ་དེ་ནོར་འདུག་སྙམ་ཏེ་འགྱོད་མཚང་གི་ཐོག་ནས་ངས་མཚམས་འཇོག་བྱས་པ་ཡིན། མཚམས་འཇོག་བྱེད་པ་དེ་ཡང་བརྟག་དཔྱད་རིམ་པར་བྱས་ཏེ་ཐག་གཅོད་བྱས་པ་ཞིག་ཡིན། དེ་ལྟར་ཐོག་མར་ངོས་རང་མཚམས་འཇོག་བྱས་པ་ལས། གཞན་འབོད་བསྐུལ་བྱས་ཏེ་མཚམས་འཇོག་བྱེད་དགོས་ཞེས་བརྗོད་པ་གང་ཡང་མེད། སྐབས་དེ་འདྲ་ཞིག་ལ། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བཀྲ་མི་ཤིས་པ་མང་པོ་ཞིག་ཡོང་གི་འདུག་ཅེས། ཐོག་མར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཐུགས་དམ་ཞུས་ཡོད་ལ། སྐབས་དེའི་བྱང་རྩེ་ཆོས་རྗེ་ཡིན་པ་ཕྱིས་ཀྱི་ཁྲི་པ་ཕ་ར་རྒན་ཆབ་རིལ་འཇམ་དཔལ་གཞན་ཕན་གྱིས། བྱང་རྩེ་གྲྭ་ཚང་ལ་ལམ་འགྲོ་དེ་ཙམ་མེད་པ་དེའི་སྐོར་་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་ཐུགས་དམ་ཞུས་པར། ཐུགས་དམ་གྱི་བཀའ་ལན་ནང་སྲུང་མ་འཁོན་འདུག་ཅེས་བཀའ་གནང་བྱུང་ཞེས་འཇམ་དཔལ་གཞན་ཕན་གྱི་ངོས་ལ་གསུངས་བྱུང༌། དེ་ཙམ་ངོས་ལའང་དེ་སྐོར་ཐུགས་དམ་ཞིག་འབྱོར་ཞིང༌། བྱང་རྩེ་གྲྭ་ཚང་གི་དངོས་གནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་འཛིན་མཁན་གྱི་གྲྭ་ཚང་གལ་ཆེ་བ་ཞིག་ཆགས་ཡོད་པས། དེ་གལ་ཆེར་འཛིན་ནས་ཟན་རྟགས་བསྒྲིལ་ནས་བརྟག་དཔྱད་བྱས་པ་ཡིན། བྱང་རྩེ་གྲྭ་ཚང་ལ་བཀྲ་མི་ཤིས་པ་ཡོང་བ་འདི་སྲུང་མ་འཁོན་ནས་བྱུང་བ་ཡིན་ནམ་མིན་བརྟག་པར་སྲུང་མ་འཁོན་པའི་དབང་གིས་བྱུང་བ་ཡིན་ཞེས་བབ་པ་དང༌། དེ་ལྟར་སྲུང་མ་འཁོན་པའི་དབང་གིས་བྱུང་བ་ཡིན་ན། སྲུང་མ་འཁོན་སྟངས་དེ་རྒྱུ་རྐྱེན་གཞན་གྱི་དབང་གིས་འཁོན་པ་ཡིན་ནམ་ལྷ་སྲུང་ངམ་དྲེགས་པ་གསར་པ་ཞིག་བསྟེན་པའི་དབང་གིས་འཁོན་པ་ཡིན་བརྟག་པར། དྲེགས་པ་བསྟེན་པ་དེའི་དབང་གིས་འཁོན་པ་ཡིན་ཞེས་བབ་བྱུང༌། དེས་ན་སྐབས་དེར་བྱང་རྩེའི་མཁན་པོ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་བསམ་གཏན་ཆོས་འཕེལ་གཉིས་ལ་ནང་མོལ་གྱིས་འདི་ལྟར་བབ་སོང༌། འོན་ཀྱང་ཐུགས་དམ་གྱི་བཀའ་ལན་ངོས་ནས་བྲིས་ཀྱི་མིན། དེ་ནི་སྲུང་མ་འཁོན་པའི་རེད་འདུག་པས་ལྷ་མོའི་བསྐང་གསོ་གཏོང་བ་ལྟ་བུ་ཡོད་ན་ཞེས་ནང་དོན་གསལ་པོ་བཀོད་མེད་ཀྱང་ནང་དོན་འདི་ལྟར་རེད་འདུག་པས་ཁྱེད་རང་གཉིས་ཀྱིས་འབྲེལ་ཡོད་རྣམས་ལ་ནང་དོན་གསལ་བཤད་བྱེད་ཐུབ་ན་ཡག་པོ་ཡོད་ཅེས་ཞུས་པ་ཡིན།

    དེ་ནས་རིམ་བཞིན་གནས་ཚུལ་དེ་ཚབས་ཅུང་ཟད་ཆེ་རུ་ཕྱིན་པ་དང༌། སྐབས་དེ་འདྲ་ཞིག་ལ་མཚན་ཉིད་སློབ་གྲྭའི་སློབ་དཔོན་དང༌། རྒྱ་སྐད་ཀྱི་སྐད་བསྒྱུར་ཧ་ཅང་ཡག་པོ་ཞིག་ཡོད། དེང་སྐབས་ཧ་ཅང་ཕང་གི་འདུག རྒྱ་སྐད་གྱི་སྐད་སྒྱུར་གྲྭ་པ་དེ་ད་ལྟ་ཡོད་ན་རྒྱ་སྐད་ཧ་ཅང་བདེ་པོ་ཡོད། དེའི་ཐོག་ལ་དཔེ་ཆ་ལྟ་གི་ཡོད་ལ། འདུལ་བ་ཡིན་པས་ཧ་ཅང་ཡག་པོ་ཞིག་ཡོད་པ་དེ་བསད་པ་དང༌། དེ་བཞིན་རོགས་པ་གཞན་ཞིག་བཅས་མི་གསུམ་བསད་པ་རེད། དེ་ལྟ་བུའི་གནས་ཚུལ་མང་པོ་ཞིག་བྱུང་ཞིང༌། སྐབས་དེའི་རྡ་སའི་ཉེན་རྟོགས་འགོ་བྱེད་དེས་ཞིབ་འཇུག་མང་པོ་ཞིག་བྱས་མཐར་མི་བསོད་མཁན་དེ་དག་ལྡི་ལི་དོལ་རྒྱལ་ཚོགས་པ་ནས་རེད་འདུག་ཅེས་ངེས་པ་རྙེད་ནས་རྗེས་སུ་ཁྲིམས་ལ་ཐུག་པ་སོགས་བྱུང་ཡོད།

    གལ་འགངས་ཆེ་བ་ནི་བོད་ནང་ངོས་ནས་རིམ་བཞིན་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་ཤེས་སྐབས། བོད་ནང་དེ་ནི་རྒྱལ་བ་རིན་པོ་ཆེའི་བསམ་བློ་ངོ་མ་དེ་མ་རེད། རྒྱལ་བ་རིན་པོ་ཆེས་རྙིང་མ་བའི་ངོ་ལ་བལྟས་ནས་དོལ་རྒྱལ་དམ་བསྒྲགས་བྱས་པ་རེད། དེ་ནི་སྲིད་དོན་འཁྲབ་པ་རེད་ཅེས་ཤོད་མཁན་བྱུང་ཡོད། ངོས་ནས་དམ་བསྒྲགས་བྱས་པའི་རྒྱུ་མཚན་དེ་ལྟར་མིན་པ་གོང་དུ་བརྗོད་ཟིན་པ་ལྟར་ཡིན། ངོས་རང་བསམ་པ་རྣམ་དག་ཡིན་ལ། བསམ་པ་རྣམ་དག་གི་སྒོ་ནས་ཐག་གཅོད་བྱས་པ་དེ་ལ་འཁྱོག་བཤད་བྱེད་སྐབས། གསལ་བཤད་དང་དག་འབུད་མ་བྱས་ན་འགྲིགས་ཐབས་མི་འདུག དེས་ན་རིམ་བཞིན་གནས་ཚུལ་ཇེ་གསལ་དུ་ཕྱིན་ནས་གནས་ཚུལ་འདི་ལྟར་ཆགས་པ་ཡིན།

    དེས་ན་རྩ་བ་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ལྷ་བསྟེན་གྱི་ཡིན་ནའང་འདྲ། འདྲེ་བསྟེན་གྱི་ཡིན་ནའང་འདྲ། དམ་སྲི་སོགས་གང་ཞིག་བསྟེན་མིན་རང་ཉིད་ཀྱི་ལག་ཏུ་ཡོད་ལ་རང་དབང་གཙང་མ་ཡོད། འོན་ཀྱང་གནས་ཚུལ་མ་ཤེས་པའི་ཐོག་ནས་བསྟེན་ན། གནས་ཚུལ་འདི་རེད་ཅེས་བརྗོད་དགོས་པ་ནི་ངའི་ལས་འགན་རེད། དེས་ན་ངོས་ནས་བརྗོད་ཀྱི་ཡོད། བཤད་ནས་ཉན་དང་མི་ཉན་སོ་སོའི་བསམ་བློ་ཡིན། ཐོག་མ་ནས་ངོས་ཀྱི་ཉན་དང་མ་ཉན་སོ་སོའི་བསམ་བློ་རེད་ཅེས་བཤད་ཡོད། ཡིན་ལུགས་ཀྱི་གནས་ཚུལ་མང་པོ་ཞིག་ངོས་ནས་ཤེས་ཡོད། ཤེས་པ་དེ་མ་བཤད་ན་ངས་ནོར་བ་རེད། དེ་ངའི་ལས་འགན་རེད། བཤད་ན་མ་ཉན་ན་ཁྱེད་རང་སོ་སོ་སྡུག་གྱོང་ཡིན་པ་ལས་ཁྱད་པར་གང་ཡང་མེད།

    དོལ་རྒྱལ་བསྟེན་མཁན་ཞིག་ཡིན་ན། དབང་དང་སྡོམ་པ་ཞུ་བ་སོགས་བྱས་ན་བླ་མ་དང་སློབ་མའི་དམ་ཚིག་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས་མི་འགྲིགས་པ་ཆགས་ཀྱི་ཡོད། ཁ་སང་ཁ་ཉིན་སོགས་ངོས་ནས་ཆོས་འབྲེལ་ཐོག་འགྲེལ་བཤད་བྱས་ཏེ་ལེགས་སྦྱར་ལྟ་བུ་ཤོད་ཀྱི་ཡོད་པས། དེ་ལ་བླ་མའི་འདུ་ཤེས་མ་འཛིན་པར་རང་དགར་ཉན་ནས་བསྡད་ན་མ་འགྲིགས་པ་མེད། ད་ལྟ་སྡོམ་པ་འབོག་རྒྱུ་དང་དབང་བསྐུར་རྒྱུ་ཡིན་སྟབས། དེ་ནི་བླ་མ་དང་སློབ་མའི་འདུ་ཤེས་བཞག་ནས་འགྲོ་དགོས་པ་ལས། ལེགས་སྦྱར་ཉན་པ་ལྟ་བུ་བྱས་ན་མི་འགྲིགས་པ་ཡིན། དེས་ན་ངོས་ནས་འདི་སྐོར་གསལ་པོར་བརྗོད་ན་སྙམ་ནས་བརྗོད་པ་ཡིན། ཁྱེད་རང་ཚོ་ཚང་མས་གོ་སོང་ངམ།

    བོད་ནང་ཡོང་མཁན་རྣམས་དང༌། གཞི་རྐང་རྒྱ་གར་དུ་སྡོད་མཁན་གང་ཞིག་ཡིན་ཡང༌། ཕལ་མོ་ཆེས་ངོས་ཀྱི་ཉམས་མྱོང་དངོས་བྱུང་གི་ཐོག་ནས། བརྟག་དཔྱད་ཞིབ་ཕྲ་བྱས་ཏེ་གསལ་བཤད་བྱས་པ་དེར་ཚང་མས་ཡིད་ཆེས་བྱས་ནས། མི་མང་གི་ལངས་ཕྱོགས་ཧ་ཅང་ཡག་པོ་རེད་འདུག་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།  གདན་ས་ཁག་གི་དགེ་འདུན་པ་རྣམས་ལ་ཆ་བཞག་ཀྱང༌། ཧ་ཅང་གི་ཡག་པོ་ཡིན། རེ་ཟུང་ནི་གནས་ཚུལ་ཐ་དད་རེད། གཤིས་ཀ་ལྟ་བུ་སློག་ནས་བྱེད་ཀྱི་ཡོད་པ་ནི་གནས་ཚུལ་ཐ་དད་རེད། མང་ཆེ་བས་ངོས་ནས་བརྗོད་པ་དེར་རྒྱུ་མཚན་ཡོད་པ་ཞིག་ལ་མཐོང་སྟེ་ཚང་མས་བརྩི་བཀུར་ཉན་འཇོག་གནང་བ་རེད། དེར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།

    ཁྱེད་རང་ཚོ་རྒྱ་རིགས་ཀྱི་ནང་དུ་ཡིན་ནའང༌། ཐེ་ཝན་དང༌། རྒྱ་ནག་རང་གི་ནང་དུ་ཆ་བཞག་ཀྱང༌། དེང་སྐབས་དོལ་རྒྱལ་བསྟེན་མཁན་གྱི་རིགས་གཅིག་གིས་འབད་བརྩོན་ཐབས་ཤེས་མང་པོ་ཞིག་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་འདུག ལྷག་པར་རྒྱ་ནག་གཞུང་གི་ངོས་ནས། རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་དམ་བསྒྲགས་བྱེད་ཀྱི་ཡོད་པས་ན། རྒྱལ་བ་རིན་པོ་ཆེས་དམ་བསྒྲགས་བྱེད་ས་དེ་རྒྱ་ནག་གཞུང་གི་དགོས་མཁོ་ཞིག་ལ་མཐོང་ནས། རྒྱ་ནག་གཞུང་གིས་དོལ་རྒྱལ་ཚོགས་པ་དང༌། དོལ་རྒྱལ་བསྟེན་མཁན་རྣམས་ལ་དམིགས་བསལ་གྱི་རྒྱབ་སྐྱོར་བྱེད་ཀྱི་འདུག བོད་ནང་གི་དགོན་པ་འགའ་ཞིག་ནང་བར་སྐབས་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་པ་རྣམས་མཚམས་འཇོག་བྱས་ན་མི་འགྲིགས་པར་དོལ་རྒྱལ་བསྟེན་དགོས་ཞེས་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་ནི་ཅུང་ཟད་རྙོག་དྲ་ཚ་པོ་ཞིག་ཆགས་ཀྱི་འདུག དེ་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ཀྱང་ཆགས་ཀྱི་ཡོད། དེས་ན་ངོས་ནས་རྒྱ་རིགས་ཆོས་གྲགས་རྣམས་ལ་སྐད་ཆ་གསལ་པོ་ཞིག་ཞུས་ན་སྙམ་བྱུང༌།

    དེ་བཞིན་མགོ་སེར་ཆོས་པ་གང་འཚམས་མང་པོ་ཞིག་འདིར་སླེབས་ཡོད་པ་ཡིན། ཁྱེད་རང་ཚོས་ཀྱང་གནས་ཚུལ་ངོ་མ་དེ་གང་ཞིག་ཡིན་པ་ཤེས་པར་བྱེད་དགོས་པ་ཡིན། དེ་ཡང་ཕྱོགས་ཚང་མའི་གནས་ཚུལ་གོ་བ་ཞིག་དང༌། རྟོགས་པ་ཞིག་གི་ཐོག་ནས་ཁྱེད་རང་ཆོས་བརྟག་དཔྱད་བྱེད་དགོས། དཔེར་ན། རྒྱལ་དབང་ལྔ་པ་ཆེན་པོའི་གསུང་དེ་དག་ལ་ཁྱེད་རང་ཚོས་ཉམས་ཞིབ་བྱེད་དགོས་པ་དང༌། གཉིས་ནས་ངོས་ཀྱི་ཡོངས་བསྒྲགས་བྱེད་དགོས་པའི་རྒྱུ་མཚན་གཅིག་ནི། ངོས་ནས་ཆོས་ལུགས་རིས་མེད་ཅེས་པ་དེར་ཧ་ཅང་རྩ་ཆེར་འཛིན་གྱི་ཡོད། བཅོམ་ལྡན་གྱི་རྗེས་འབྲངས་དང༌། དེའི་ནང་ཚན་ནས་བོད་གངས་ཅན་ལྗོངས་ཀྱི་ཆོས་པ་ནང་ཕན་ཚུན་ཐག་རིང་པོ་བྱས་ཏེ་བསྡད་ན་དགོས་པ་གང་ཡང་མེད། དོལ་རྒྱལ་བསྟེན་མཁན་དེ་ཚོའི་རིགས་ཀྱིས། རི་བོ་དགེ་ལུགས་པ་དོལ་རྒྱལ་བསྟེན་མཁན་གྱི་མི་ཞིག་གིས་རང་ཤག་ནང་པདྨ་བཀའ་ཐང་སོགས་རྙིང་མའི་དཔེ་ཆ་བཞག་ན་དོལ་རྒྱལ་གྱིས་གནོད་ཀྱི་རེད་ཅེས་འཛེམས་ཟོན་བྱེད་ཀྱི་ཡོད། ཟོང་རིན་པོ་ཆེ་བླ་མ་ཚད་ལྡན་ཞིག་ཡིན་ལ། ཧ་ཅང་གི་ཡག་པོ་ཡོད། འོན་ཀྱང་སྔར་སྐབས་ཤིག་ཟོང་རིན་པོ་ཆེས།

དོལ་རྒྱལ་ཤུགས་ཆེན་པོ་བསྟེན་པ་གནང་ཡོད། གནས་ཚུལ་དེ་ལྟ་བུའི་འོག་ནས་དོལ་རྒྱལ་བསྟེན་ན་ཚོང་དང་བྱ་བ་ལམ་འགྲོ་ཡོང་གི་རེད་ཅེས། དོལ་རྒྱལ་གྱི་གཡང་བུམ་སྒྲུབ་ཡོད། དེས་ན་གཞིས་ཆགས་ཁག་ཁ་ཤས་ཀྱི་ཁྱིམ་ཚང་འགའ་ཞིག་ནང་དུ། ནང་དུ་དོལ་རྒྱལ་གྱི་གཡང་བུམ་སྒྲུབ་ཟིན་པ་ཡིན། དེས་ན་ནང་དུ་ཡོད་པའི་རྙིང་མའི་དཔེ་ཆ་ཡོད་པ་རྣམས་མི་ཚང་གཞན་དུ་བསྐྱལ་ནས། ད་ནས་ང་དགེ་ལུགས་གཙང་མ་ཡིན་ཞེས་བརྗོད་པ་སོགས་དངོས་ཡོད་གནས་ཚུལ་ལ་བྱུང་ཡོད། ཨོ་རི་སར་མི་ཚང་འགའ་ཞིག་ལ་དེ་ལྟར་ཤོད་རྒྱུ་ཡོད།

    ངོས་རང་ལའང་སྔར་རྒྱུད་གསང་བ་སྙིང་པོའི་བཤད་ལུང་ཞུ་འདོད་ཆེན་པོ་བྱུང༌། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་ངོས་ཀྱི་བཀའ་ཆོས་ཞུ་རྒྱུ་འགོ་འཛུགས་བྱས་པའི་རྗེས་སུ་རིན་པོ་ཆེའི་སྐུ་མདུན་ནས་རྒྱུད་གསང་བ་སྙིང་པོའི་བཤད་ལུང་དེ་ཞུ་འདོད་ཆེན་པོ་འདུག་ཅེས་ཡོངས་འཛིན་རིན་པོ་ཆེར་སྙན་གསེང་ཞུས་པ་ཡིན། ཡོངས་འཛིན་རིན་པོ་ཆེས་དེ་གཟབ་གཟབ་བྱེད་དགོས་པ་རེད་ཅེས་གསུངས་བྱུང༌། ཡོངས་འཛིན་རིན་པོ་ཆེ་ཅུང་ཟད་ཞེད་སྣང་གནང་གི་ཡོད། ངོས་ནས་རྙིང་མའི་ཆོས་ཞུས་ན་རྒྱལ་པོ་ཤུགས་ལྡན་གྱི་ང་ལ་གནོད་ཀྱི་རེད་དགོངས་པ་རེད། དེ་དུས་ངོས་ལ་ཆོས་དད་རང་མོས་མེད་པ་རེད། ཕྱིས་སུ་ངོས་ནས་དོལ་རྒྱལ་མཚམས་འཇོག་བྱས་པའི་རྗེས་སུ་ང་ལ་ཆོས་དད་རང་མོས་ཐོབ་པ་རེད། ཆོས་དད་རང་མོས་མི་སྤྲོད་མཁན་དེ་ནི། འགག་པ་གཉིས་ཀྱི་རྣལ་མ་སྟོན་པ། ཞེས་པ་དེ་ཡིན། རིགས་འགའ་ཞིག་གིས་དོལ་རྒྱལ་དམ་བསྒྲགས་བྱས་པ་དེ་ཆོས་དད་རང་མོས་དང་འགལ་གྱི་འདུག་ཅེས་བརྗོད་ཀྱི་ཡོད། ཕྱོགས་གཅིག་ནས་དེ་ནི་ཆོས་ཀྱི་སྐད་ཆ་མིན། བཀའ་འགྱུར་པོ་ཏི་བརྒྱ་དང༌། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་དེའི་ནང་དུ་ལྟོས་དང༌། རྒྱུད་ནས་གསུངས་པ་ནི་མགོན་པོ་ཕྱག་བཞི་སོགས་རིགས་འགའ་ཞིག་ལ་རྒྱུད་ནང་གསུངས་ཡོད་པ་ལས། དེ་མིན་དྲེགས་པ་འདྲ་མིན་བསྟེན་རྒྱུ་ཞིག་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱའི་ནང་དུ་མེད། ང་ཚོ་བོད་དུ་ལྷ་གསོལ་དང་ཀླུ་གསོལ་བྱེད་པ་མང་པོ་ཞིག་ཆགས་ནས་བཅོམ་ལྡན་འདས་ལས་ཡུལ་ལྷ་ཞི་བདག་རྩ་ཆེ་བར་བརྩིས་པ་ལྟ་བུ་ཡོང་གི་འདུག དེ་ནི་ང་ཚོ་ནོར་བ་རེད། སྐྱབས་འགྲོའི་བསླབ་བྱའི་ནང་དུ་འཇིག་རྟེན་པའི་ལྷ་ལ་དད་པ་དང་ཡིད་ཆེས་བྱས་ན་མི་འགྲིགས་པར་གསུངས་ཡོད། དེས་ན་སྐུ་མདུན་སྐུ་གོང་མས་སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེར་བཀའ་ལན་ཕེབས་པ་ཞིག་གི་ནང་དུ། དོལ་རྒྱལ་བསྟེན་གསོལ་དེ་ལྟར་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་གྱི་རེད་ཅེས་བཀའ་གནང་ཡོད། དེ་ནི་ཕ་བོང་ཁ་རང་ཉིད་ཀྱི་རྣམ་ཐར་ནང་དུ་ཡོད། སྐྱབས་རྗེ་ཕ་བོང་ཁར་ཆ་བཞག་ན། ང་ཡི་བརྒྱུད་པའི་བླ་མ་ཡིན་ལ། བསམ་གྱིས་མི་ཁྱབ་པ་ཞིག་རེད། ལམ་རིམ་དང་བློ་སྦྱོང་གི་བསྟན་པའི་བདག་པོ་རེད། དྲེགས་པ་བསྟེན་པ་དེ་རིན་པོ་ཆེས་ནོར་བ་རེད། རིན་པོ་ཆེས་དྲེགས་པ་བསྟེན་པ་དེ་ཡང་རྣམ་ཐར་ནང་དུ་བལྟས་ན། ཐུགས་ཞེད་སྣང་གནང་སྟེ་བསྟེན་པ་ལྟ་བུ་ཞིག་འདུག་པ་ལས། ཡག་དྲགས་ནས་བསྟེན་པ་ཞིག་མིན། དེ་ནི་དངོས་ཡོད་གནས་ཚུལ་རེད། དེ་བཞིན་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་རེད། ཧེ་རུ་ཀ་དངོས་རེད། འཁོར་ལོ་སྡོམ་པའི་བསྟན་པའི་བདག་པོ་རེད། བླ་མ་བསམ་གྱིས་མི་ཁྱབ་པ་ཞིག་རེད། སྐྱབས་རྗེ་ཕ་བོང་ཁ་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་ཡིན་པས་ན། ཐུགས་ཀྱི་རྟོག་དཔྱོད་ཞིབ་ཚགས་མ་བྱུང་བར་དོལ་རྒྱལ་བསྟེན་པ་ཞིག་ཆགས་པ་ཡིན། དེ་ལྟ་བུའི་གནས་ཚུལ་རྣམས་ཁྱེད་རང་ཚོ་ཚང་མས་ཤེས་པར་བྱེད་དགོས་པ་རེད།

    དེ་མིན་དེ་ནི་ཡོངས་འཛིན་རྣམ་གཉིས་དགོངས་པ་རྫོགས་ཟིན་པའི་རྗེས་སུ་ངོས་ནས་བསམ་བཏང་དྲན་བསྐྱེད་བྱས་པ་ལྟ་བུ་ཁ་ཤས་ནས་ཤོད་ཀྱི་འདུག ངོས་ནས་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་བྱེད་པ་ནི། བརྟག་དཔྱད་ཇི་ལྟར་བྱས་པ་དང་མཚམས་འཇོག་བྱེད་སྟངས་ཆ་ཚང་ཡོངས་འཛིན་རྣམ་གཉིས་འཚོ་ཞིང་གཞེས་པའི་གནས་སྐབས་ལ་གནས་ཚུལ་ཞུས་ནས། སྐབས་དེར་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་ནས་ཧ་ཅང་གི་ཡག་པོ་བྱུང་འདུག ད་ནི་ཧ་ཅང་གི་གཙང་མ་བྱུང་སོང་ཞེས་བཀའ་གནང་བ་དང༌། སྐྱབས་རྗེ་ཁྲི་བྱང ་རིན་པོ་ཆེ་མཆོག་ནས། བརྟག་དཔྱད་བྱེད་སྟངས་དེ་དག་བསླུ་བ་གཏན་ནས་མེད་པས་གཏན་གཏན་དགོས་པ་རྒྱུ་མཚན་ཡོད་པ་རེད་བཀའ་གནང་བྱུང༌། བློ་བདེ་པོ་བྱས་ནས་སྐྱབས་རྗེ་རྣམ་པ་གཉིས་ཀའི་དགོངས་པར་བབ་ཅིང༌། རྒྱབ་སྐྱོར་གནང༌། བཀའ་འཁྲོལ་ཐོབ་པ་བཅས་ཀྱི་གནས་ཚུལ་ཡིན་པ་ལས། རྣམ་པ་གཉིས་ཞལ་བཞུགས་པའི་སྐབས་ཀྱི་གནས་ཚུལ་ཡིན་པ་ལས། རྣམ་པ་གཉིས་དགོངས་པ་ཆོས་དབྱིངས་དུ་ཐིམ་ཟིན་པའི་རྗེས་སུ་ངོས་ནས་བསམ་བཏང་དྲན་བསྐྱེད་བྱས་པ་མིན་པ་ནི་དངོས་ཡོད་གནས་ཚུལ་ཡིན། གནས་ཚུལ་དེ་ལྟར་རེད་ཅེས་བཀའ་སློབ་སྩལ༌། དེ་རྗེས་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་དང༌། དེ་རྗེས་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་སྩལ་ནོད་བཀའ་དྲིན་ཆེ་བ་དང༌། བྱང་སེམས་ཀྱི་སྡོམ་པ་འབོག་གནང༌། ཉིན་རྒྱབ་སེམས་ཉིད་ངལ་གསོལ་ལེའུ་དགུ་པ་ནས་བཅུ་གསུམ་བར་ལེགས་གྲུབ་དང༌། དེ་རྗེས་ལམ་རིམ་བསྡུས་དོན་ལས་འཕྲོས་རྣམས་བཀའ་འཁྲིད་གནང་སྟེ་ད་ལན་གྱི་རྡོར་གདན་གྱི་བཀའ་ཆོས་ཡོངས་སུ་ལེགས་གྲུབ་ཟིན་ཅིང༌། དེ་རྗེས་བོད་ནས་གསར་དུ་ཕེབས་པའི་བོད་རིགས་རྣམས་ལ་དམིགས་བསལ་གྱི་མཇལ་ཁ་བཀའ་སློབ་སྩལ་བ་བཅས་ཀྱི་གནས་ཚུལ་དུ།

རྡོར་གདན་ནས་ཐུབ་བསྟན་ཡར་འཕེལ་གྱིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
དེ་རིང་༧གོང་ས་མཆོག་གི་གསུང་དེར་མཇལ་རྗེས་བསམ་ཞིང་བསམ་ཞིང་ལྷས་ང་ཚོ་སྐྱོབ་པ་མ་ཡིན་པར་ང་ཚོས་ལྷ་སྐྱོབ་ཀྱིན་ཡོད་པའི་ཚོར་སྣང་ཞིག་བཅོས་མིན་དུ་སྐྱེས་བྱུང་། ད་ནས་བཟུང་སྟེ་ང་ཚོས་ངེས་པར་དུ་སད་རྟོགས་ཀྱི་ཐེམ་སྐས་ཤིག་སྙེག་ན་འོས་པར་སྙམ་པས་བོད་རིགས་སྤུན་ཟླ་ཡོངས་ཀྱིས་འདིའི་ཕྱོགས་ལ་བསམ་བློ་གནད་དུ་ཐིངས་པ་ཞིག་ཡོང་བའི་རེ་བ་མི་ཆུང་བ་དང་བཅས་བྲིས།
དེ་རིང་འགྲོ་ཞོར་འདུག་ཞོར་དུ་གོང་གི་༧སྐྱབས་མགོན་རིན་པོ་ཆེའི་གསུང་དེ་མཐོང་བས་ང་ཚོས་སྔ་མོ་ཞིག་ནས་རང་ཉིད་ལྷས་སྐྱོབ་པའམ་ལྷས་རང་ཉིད་སྐྱོབ་པ་གང་ཡིན་ཆ་མ་འཚལ་བར་གསོད་རེས་གཏུབ་རེས་བྱས་ནས་ཡོང་བའི་ལོ་རྒྱུས་འཇིགས་སུ་རུང་བ་དག་གཟུགས་བརྙན་ཇི་བཞིན་འཆར་འོང་བ་དང་མཉམ་དུ་གཞིས་བྱེས་བོད་མི་ཡོངས་ཀྱིས་ད་ནས་བཟུང་སྟེ་ངེས་པར་དུ་སད་རྟོགས་ཀྱི་རིམ་པ་ཞིག་ལ་སྙེག་ན་སྙམ་པའི་རེ་བ་ཆུང་ཆུང་ཞིག་རླུང་གིས་དེད་པའི་སྤྲིན་པ་བཞིན་ལྷོ་ལ་འཕུར།



བརྗོད་གཞི་གཞན་ཁག་ལ་གཟིགས།