བོད་ཀྱི་བུད་མེད་གཞོན་ནུ་ཁག་ཅིག་ལ་མ་འོངས་འགོ་ཁྲིད་ཀྱི་ཟབ་སྦྱོང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༢༦ཉིན་སྤེལ། ཁ་སང་སྤྱི་ཚེས་༢༥ཉིན་ནས་འགོ་འཛུགས་ཀྱིས་རྒྱ་གར་ལྷོ་ཕྱོགས་བྷན་ལོར་རུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བུད་མེད་གཞོན་ནུ་གྲངས་༢༧ཙམ་ལ་མ་འོངས་འགོ་ཁྲིད་ཀྱི་ལས་འཆར་སྐོར་ཟབ་སྦྱོང་ཐེངས་ལྔ་པ་དེ་ཚུགས་ཡོད་འདུག ན་གཞོན་དེ་དག་ནི་རྒྱ་གར་གྱི་ས་གནས་ཏ་མིལ་རྣ་དྷུ་དང༌། ཧི་དྷར་བྷ་དྷི། ཀ་ཎ་ཊ་ཀ། རྒུ་ཇི་ར་དྷི། ལྡི་ལི། ཧི་མ་ཅལ་སོགས་མངའ་སྡེ་༦དང་མཐོ་སློབ་ཁག་མི་འདྲ་བ་༡༠ནས་ཕེབས་ཡོད་འདུག་ལ། ད་དུང་མ་འོངས་འགོ་ཁྲིད་ཀྱི་ལས་གནས་སྐོར་བོད་ཀྱི་བུད་མེད་རྣམས་ལ་ ཉིན་༥རིང་གི་ཟབ་སྦྱོང་གཞན་ཞིག་ཀྱང་སྤྲད་རྒྱུ་ཡིན་འདུག

ཉིན་༥རིང་གི་ཟབ་སྦྱོང་དེའི་ཐོག་ཟབ་སྦྱོང་བ་རྣམས་ལ་རྣམ་པ་འདྲ་མིན་ཐོག་སོ་སོ་རང་ངོས་ནས་གཏམ་བཤད་དང༌། གསར་གཏོད། མྱུར་ཞིབ་སོགས་བྱ་རྒྱུའི་དུས་ཚོད་དང་མཐུན་རྐྱེན་སོགས་གནང་རྒྱུ་ཡིན་འདུག་པས་མ་ཚད། ད་དུང་དེའི་སྐབས་སུ་རྩེད་རིགས་དང༌། གློག་བརྙན་བཟོ་སྐྲུན་ལ་སོགས་པའི་སྐོར་སྦྱོར་བརྡར་དང་གྲོས་བསྡུར། དེ་བཞིན་ཟབ་སྦྱོང་བ་ཕན་ཚུན་བསམ་ཚུལ་བརྗེ་ལེན་སོགས་བྱ་རྒྱུའི་འཆར་གཞི་སོགས་ཀྱང་ཡོད་འདུག་པ་དང༌། ཟབ་སྦྱོང་གི་སྐབས་སུ་སློབ་སྦྱོང་དང་ཉམས་མྱོང་གང་རག་པ་དེ། མ་འོངས་པར་གདེང་ཚོད་ཡོད་པའི་ཐོག་ནས་སྤྱི་ཚོགས་ནང་གྲུབ་འབྲས་སྟོན་ཐུབ་པ་བྱ་རྒྱུ་དེ་ཡིན་འདུག

ཐེངས་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དམིགས་བསལ་ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་ཤའ་ཝར་ཟེར་བ་དང་སྐུ་ཞབས་ཅང་དྷ་རག་ཤི་ཀར་རྣམ་གཉིས་གདན་འདྲེན་ཞུས་ཡོད་འདུག ཟབ་སྦྱོང་གི་ཉིན་༤རྗེས་སྤྱི་ཚེས་༢༨ཉིན་གྱི་དགོངས་མོར་དེར་གློག་བརྙན་ཁག་ཅིག་གཟིགས་འབུལ་ཞུ་རྒྱུ་དང༌། དེ་ཉིན་དགོང་མོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ཁག་ཅིག་ནས། ཉེ་ཆར་ཌེན་མག་གི་རྒྱལ་ས་ཀོ་ཧྤི་ཧིན་གྷན་དུ་འཛམ་གླིང་གི་གནམ་གཤིས་ཚ་དྲོད་ཀྱི་ལྷན་ཚོགས་དེའི་སྐབས་སུ་ཉམས་མྱོང་དང་གནས་ཚུལ་རྣམས་འགྲེལ་བརྗོད་ཀྱང་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་ས་གནས་བྷ་རོ་ཌ་ནས་ཡོང་བའི་བུ་མོ་འཇིགས་མེད་དབྱངས་ཅན་ལགས་ཀྱིས། ཐེངས་འདིའི་ཟབ་སྦྱོང་སྐབས་མ་འོངས་བུད་མེད་ཀྱིས་འགོ་ཁྲིད་སྐོར་གདེང་ཚོད་ཡོད་པའི་ཐོག་ནས་སློབ་སྦྱོང་དང་ཉམས་མྱོང་མང་པོ་ཞིག་འཐོབ་བྱུང་ཞེས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཟབ་སྦྱོང་དེའི་ཐོག་ནས་བོད་པའི་བུད་མེད་གཞོན་སྐྱེས་དེ་དག་གིས་དོ་སྣང་དང་སེམས་ཚོར་གྱི་རྣམ་པ་དེའི་ཐོག་ནས་འདོད་བློ་ཁེངས་པ་ཞིག་འདུག་ཅེས་གསུངས་ཡོད་འདུག

བོད་ཀྱི་བུད་མེད་ལྷན་ཚོགས་ནི་བོད་པའི་ལོ་རྒྱུས་ཐོག་ཚོགས་སྡེ་ཆེ་ཤོས་ཤིག་དང༌། བུད་མེད་ཁོ་ནའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཞིག་ཡིན་པ་གང་ཞིག་ལ། བོད་ནང་གི་བུད་མེད་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང༌། བཙན་བྱོལ་དུ་ཡོད་པའི་བུད་མེད་རྣམས་ལ་ཟབ་སྦྱོང་ལ་སོགས་པའི་བྱེད་སྒོ་འདྲ་མིན་ཐོག་ནས་ཤེས་ཡོན་དང་སློབ་སྦྱོང་གོང་འཕེལ་དུ་གཏོང་རྒྱུའི་འབད་བརྩོན་བྱས་དང་བྱེད་བཞིན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
རང་དབང་གི་ཆབ་སྲིད་ཀྱི་ནང་བུད་མེད་ལ་ཞལ་མཐོང་མེད་པས། སྲིད་ཀྱི་བྱ་བ་ཡང་བསྒྲུབས་བཅུག་པ། བཙན་བྱོལ་སྲིད་གཞུང་དང་རྒྱ་དམར་གྱི་སྲིད་གཞུང་སུ་རང་དབང་ཡིན་ལ་། སུ་སྒེར་བཅོད་ཡིན་པ་སུ་ཡང་གསལ་པོ་གོ།



བརྗོད་གཞི་གཞན་ཁག་ལ་གཟིགས།