དགོངས་ཚུལ།

ངའི་བུ་མི་རྒན་སློབ་གྲྭར་མ་གཏོང་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

delek gyatsoཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༢༡ཉིན་སྤེལ། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་གི་ལས་བྱེད་ཁག་ཅིག་གིས་བོད་ནས་དཀའ་བ་ཁྱད་བསད་ཀྱིས་༧གོང་ས་མཆོག་གི་ཞལ་མཇལ་དང་བོད་མིའི་ཆོས་རིག་ཡུལ་ལུགས་གོམས་གཤིས་ཀྱི་ཤེས་ཡོན་སློབ་སྦྱོང་ཁོ་ནའི་ཆེད་བཙན་བྱོལ་དུ་ཡོང་བཞིན་པའི་རྣམས་ཀྱི་ཆེད་དུ་སྲི་ཞུ་དྲང་བདེན་དང་ཡང་ན་གཡས་ཕྱོགས་གཡོན་འདེགས། ཡང་ན་མ་རུང་ཁོག་བཅངས་བཅས་ཀྱི་ལས་དོན་ཏེ། གཞུང་གི་བླང་དོར་སྒྲིག་གཞི་དང་མི་མཐུན་པ་དང་། ༧གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་བྱ་སྤྱོད་མང་དག་ཅིག་བྱས་དང་བྱེད་བཞིན་ཡོད་ལུགས་ཡོངས་གྲགས་སུ་གྱུར་ཡོད་པས་གནད་དོན་གསར་པ་ཞིག་ག་ལ་ཡིན། འོན་ཀྱང་གནད་དོན་དེའི་རྐྱེན་གྱིས་ལས་བྱེད་ར་མ་ལུག་དེ་ཚོའི་མི་ཚེའི་མདུན་ལམ་ལ་དཀའ་ངལ་མེད་ཀྱང་བོད་ཆོལ་ཁ་གསུམ་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་མང་དག་ཅིག་གི་མདུན་ལམ་ལ་སྔ་ཕྱི་བར་གསུམ་དུ་རམ་འདེགས་བསྒྲུབས་ཡོད་དམ། ཡང་ན་གནོད་སྐྱོན་བཏང་ཡོད་མེད་ད་ལྟའི་བོད་གཞུང་དབུས་སྣེ་ལེན་ཁང་ལ་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་བལྟས་ན་གསལ་པོ་ཤེས་རྟོགས་ཐུབ་པ་ཞིག་རེད། དཀའ་ངལ་དེ་དག་གི་ཁྲོད་དུ་ཚུད་པའི་ཉེ་དུས་གསར་དུ་འབྱོར་བའི་བོད་པའི་གཞོན་སྐྱེས་ཤིག་གི་ལོ་རྒྱུས་གཤམ་དུ་འགོད་རྒྱུ་ཡིན།

ཁམས་ལི་ཐང་གི་ནང་ཚན་དུ་གཏོགས་པའི་མགོ་ལོག་སྤོ་བ་ཚང་གི་ཕྲུ་གུ་ལོ་ན་༡༥སོན་པ་ཞིག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་དང༌། སློབ་སྦྱོང་སོགས་ཀྱི་ཆེད་དུ་བཙན་བྱོལ་ལ་འབྱོར་ཡོད་པ་དང་། བལ་ཡུལ་དུ་ཡོད་པའི་རང་གཞུང་སྣེ་ལེན་ཁང་གི་མ་དེབ་ཀྱི་སྟེང་དུ་ཕྲུ་གུ་དེ་ལོ་ན་༡༥ཏག་ཏག་འཁོད་ཡོད་པ་རེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་གི་འབྲེལ་ཡོད་ལས་བྱེད་ཁག་ཅིག་གིས་རྒྱ་གར་ཏུ་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་དེབ་དཀར་པོ་བཟོ་ཆེད་རྒྱ་གར་གྱི་གཞུང་ཚབ་ཁང་དུ་ཁྲིད་ཡོད་ནའང་ཡ་རབས་བཟང་སྤྱོད་དང་གཞུང་དྲང་སྲི་ཞུ་བྱམས་བརྩེ་སོགས་ཀྱི་ཕོངས་པར་བརྟེན་བོད་པའི་ཕྲུ་གུ་དེའི་དཀའ་ངལ་སེལ་ཚབ་ཏུ་དཀའ་ངལ་འཕར་མ་ཞིག་བཟོས་ཡོད་པ་རེད།

ཁོང་ཚོས་སྐད་སྒྱུར་ཡག་པོ་མ་བྱས་པ་སོགས་ཀྱི་རྐྱེན་པས་རྒྱ་གར་གྱི་ལག་དེབ་དཀར་པོའི་སྟེང་དུ་ཕྲུ་གུ་ལོ་ན་༡༥ཅན་དེ་ལོ་ན་༡༨འཁོད་ཡོད་པ་རེད། ཕྲུ་གུ་རྡ་རམ་ས་ལའི་རང་གཞུང་དབུས་སྣེ་ལེན་ཁང་དུ་འབྱོར་སོང་ལ། ཉིན་ཤས་སྒུག་དུས་དབུས་ལས་བྱེད་ཚོའི་ཕྲུ་གུ་ལ་བལ་ཡུལ་སྣེ་ལེན་ཁང་གི་སྤྲོད་པའི་ཤོག་ལྷོབ་སེར་པོ་དང་བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་གི་གནང་པའི་ལག་དེབ་དཀར་པོ་གཉིས་འཁྱེར་ཤོག་ལབ་འདུག ཕྲུ་གུས་ཁོང་ཚོའི་ཕྱག་ཏུ་སྤྲད། ཉིན་ཤས་སོང་རྗེས་སུ་ཁོང་ཚོའི་ལས་ཁུངས་སུ་ཕྲུ་གུ་སྐད་བཏང་འདུག ཁྱེད་རང་གསོག་སྒེར་སློབ་གྲྭ་མ་གཏོགས་སློབ་གྲྭ་གཞན་ནང་ཚུད་ཀྱི་མ་རེད་ཅེས་བཤད། དཀོན་མཆོག་གིས་གཟིགས། ངའི་བུ་ས་ཐག་རིང་པོ་དེ་འདྲ་བརྒལ་ནས་འདིར་སློབ་སྦྱོང་ཆེད་དུ་ཡོང་བ་རེད། པུ་གུ་མི་རྒན་གྱི་སློབ་གྲྭར་བཏང་ན་ཁོ་ཤ་ཚ་ཞེས་ཕྲུ་གུ་དེའི་པཱ་ཕས་མིག་ཆུ་དང་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་འབོད་བྱས།

cta delekགང་ཡང་བྱེད་ཀྱི་མ་རེད། སློབ་སྦྱོང་བྱེད་ཐུབ་ན་གསོག་སྒར་སློབ་གྲྭ་དང་སློབ་གྲྭ་གཞན་དབར་ཁྱད་པ་གང་ཡང་ཡོད་པ་མ་རེད་ཅེས་དང་། མ་གཞི་བལ་ཡུལ་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གིས་སྤྲད་པའི་ལག་ཁྱེར་དཀར་པོའི་སྟེང་ཏུ་ཁྱེད་རང་ལོ་ན་༡༨འཁོད་འདུག་ཟེར་ནས་ཆ་མེད་རྒྱུས་མེད་ཀྱི་ཕ་རྒན་དེར་མགོ་སྐོར་བཏང་འདུག དེ་རྗེས་ཕྲུ་གུ་དེའི་སྤུན་མཆེད་རྒན་ཤོས་རྒྱ་གར་ནང་ཡོད་པ་ང་ཅིག་པུ་ཡིན་པའི་ངས་ཐབས་ཤེས་ཤིག་མ་བྱེད་ན་ཕྲུ་གུ་དེས་གཞན་སུ་ལ་རེ་བ་བཅོལ། འོན་ཀྱང་གུས་པ་ནི་༡༩༩༥ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ཡང་གདན་སར་རུ་སློབ་སྦྱོང་ཁོ་ན་ལས་སྤྱི་ཚོགས་ཀྱི་ཟང་ཟིང་གི་ཁོར་ཡུག་ལ་ཉམས་མྱོང་ཅི་ཡང་མེད།

དེ་ནས་འགོ་བླ་མ་བཀའ་ཤག་ནས་འབྲེལ་ཡོད་ལས་ཁུངས་དང་དྲུང་ཆེ་སོགས་ལ་ངས་ཐབས་ཤེས་ཡོད་ཚད་བཏོན་ཡང་དྲང་བདེན་གྱི་གྲུབ་འབྲས་དང་གཞུང་དྲང་གི་རྒྱབ་སྐྱོར་གང་ཡང་མ་རྙེད་མཐར་ངའི་སྤུན་མཆེད་ཞིག་འདིར་ཡོད་སར་སོང་སྟེ་གནས་ལུགས་བཤད། ཁོང་གིས་ཁམས་ལི་ཐང་ཚོགས་པའི་སར་སོང་ཟེར་ཞེས་སློབ་སྟོན་གནང་བྱུང༌། ལི་ཐང་ཚོགས་པའི་ཚོགས་གཙོ་མདུན་དུ་བཅར་ནས་ཕྲུ་གུའི་གནས་ལུགས་ཆ་ཚང་ཞུས་པ་ཡིན། ཁོང་ནི་ཐུགས་བྱམས་སེམས་ཆེ་བ་དངོས་གནས་མིང་དོན་མཚུངས་པའི་ཚོགས་གཙོ་ཞིག་རེད་འདུག  ངས་ཁྱེད་རང་ཚོར་རྒྱབ་སྐྱོར་ཅི་དགོས་བྱ་ཆོག་གསུངས་ནས་ཚོགས་པའི་ངོས་ནས་རྒྱབ་གཉེར་ཕྱག་ཡིག་གནང་བ་མ་ཟད་བཀའ་སློབ་ལམ་སྟོན་གནང་བྱུང༌། དེ་ནས་རྒྱབ་གཉེར་ཡི་གེ་དེ་འཁྱེར་ནས་རྡ་ས་བོད་གཞུང་དབུས་སྣེ་ལེན་ཁང་དུ་ཕྱིན་ཡང་འགན་འཛིན་མི་འདུག་ལ། ལས་ཚབ་ཞིག་འདུག་པ་དེའི་མདུན་དུ་བཅར་ཡང་ཡ་ལན་དེ་ཙམ་བྱས་མ་བྱུང༌། མུ་འཐུད་ཟུར་དུ་ཡོད་པའི་བདེ་སྲུང་ཡན་ལག་ལ་བཅར་ཡང་དེ་བཞིན་རེད།

དེ་རྗེས་གངས་ཅན་སྐྱིད་གཤོངས་བོད་གཞུང་དབུས་བདེ་སྲུང་དྲུང་ཆེའི་མདུན་དུ་ཕྲུ་གུ་ཡང་མཉམ་དུ་འཁྲིད་ནས་ངོ་བཅར་ཞུས་ཏེ་དངོས་ཡོད་གནས་ལུགས་རྣམས་ཁོང་ལ་ཆ་ཚང་ཞུས་པ་ཡིན། ཁོང་ནི་ལྷག་བསམ་ཅན་ཞིག་དང་ཞི་ལྷོད་ཀྱི་རང་གཞན་ཅན་ཞིག་མཐོང་བྱུང་། དེ་སྐོར་ཐུགས་ཁུར་ཧ་ཅང་གནང་བ་མ་ཟད་བཀའ་སློབ་ལམ་སྟོན་མང་དག་ཅིག་གནང་བྱུང་། མཐའ་དོན་ཁོང་གིས་གསུངས་པའི་སྙིང་པོར། བལ་ཡུལ་རང་གཞུང་སྣེ་ལེན་ཁང་གི་མ་དེབ་སྟེང་དུ་ཕྲུ་གུའི་རང་ལོ་གང་འཁོད་ཡོད་པ་དེར་གཞི་བཟུང་བྱས་ནས་འདིར་ཡོད་པའི་དབུས་སྣེ་ལེན་ཁང་གིས་སློབ་གྲྭ་གཏོང་དགོས་ཀྱི་ཡོད་པ་རེད་ཅེས་དང་། རྒྱ་གར་གཞུང་ཚབ་ཀྱི་དེབ་དཀར་པོའི་སྟེང་དུ་ཕྲུ་གུའི་རང་ལོ་གང་འཁོད་ཡོད་པ་དེར་གཞི་བཅོལ་ནས་སྐྱབས་བཅོལ་ལག་ཁྱེར་བཟོ་དགོས་པ་རེད་མ་གཏོགས། བཅོས་བསྒྱུར་དང་བཟོ་བཅོས་སོགས་གཏོང་རྒྱུ་གང་ཡང་ཡོད་པ་མ་རེད་ཅེས་གསུངས་བྱུང༌བར། གུས་པས་ལགས་སོ་ལགས་སོ། བོད་གཞུང་གིས་གཟིགས་རྟོགས་འོག་ཕྲུ་གུའི་རང་ལོ་དང་འཚམས་པའི་སློབ་གྲྭ་ཞིག་ལ་གཏོང་ཐུབ་ན་གཞན་ཁྱད་པར་ཅི་ཡང་མེད་ཅེས་ཞུས་ཚར་རྗེས།  སྐུ་ངོ་བདེ་སྲུང་དྲུང་ཆེ་རང་གཞུང་བདེ་སྲུང་བཀའ་བློན་མཆོག་གི་མདུན་དུ་བཅར་སོང༌།

སྤུན་ང་གཉིས་སྐུ་ངོ་ཁོང་གི་ལས་ཤག་མདུན་དུ་སྒུག་ནས་བསྡད་པ་ཡིན། ཏོག་ཙམ་རྗེས་བདེ་སྲུང་བཀའ་བློན་སྐུ་ངོ་མ་དྲུང་ཆེ་གིས་ལས་ཤག་གི་ནང་དུ་ཕེབས་གནང་སོང་བས་དྲུང་ཆེ་ནས་ཕྲུ་གུའི་གནས་ལུགས་རྣམས་སྐུ་ངོ་བཀའ་བློན་མཆོག་ལ་ཞིབ་ཕྲ་ཞུས་སོང༌། དེ་ནས་ཁོང་གིས་ཞིབ་འཇུག་ཡག་པོ་ཞིག་བྱོས།  དེ་སྐོར་ལ་དཀའ་ངལ་མང་དག་ཅིག་འཕྲད་དང་འཕྲད་བཞིན་འདུག་ཅེས་གསུངས་ནས་དབུས་སྣེ་ལེན་ཁང་ལ་བཀའ་སློབ་གནང་བར་བརྟེན་ཡིག་ཆ་དེ་དག་ཕྱིར་བལ་ཡུལ་སྣེ་ལེན་ཁང་ལ་བསྐུར་ནས་བདུན་ཕྲག་གཅིག་ལྷག་སོང་ཟིན། གནད་དོན་དེ་སྤུན་མཆེད་ཙམ་མིན་པར་བོད་ཕྲུག་ཅིག་གི་མདུན་ལམ་ལ་ཁེལ་ཡོད་པར་བརྟེན་གུས་པ་ཉིན་ལྟར་དབུས་སྣེ་ལེན་ཁང་དུ་འགྲོ་བཞིན་ཡོད།

འོ་ན་བུ་ཕྲུག་དེའི་མི་ཚེ་མདུན་ལམ་དང་འབྲེལ་བའི་དཀའ་ངལ་སེལ་ཐུབ་ཡོད་དམ་ཞེས་ཀློག་མཁན་རྣམས་པར་ཞུ་ན། དགོངས་དག་ད་དུང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྣང་བ་ཞིག་འདུག ཞུ་གཏུགས་དེ་དག་བྱས་ནས་ཟླ་བ་གཉིས་མ་ཟིན་ཙམ་ཕྱིན་སོང་། ཤེས་རྟོགས་བྱུང་བར་གཞིགས་ན་གཞོན་སྐྱེས་མང་དག་ཅིག་ལ་དཀའ་ངལ་དེ་མཚུངས་འཕྲད་ཡོད་འདུག་ལ། ཉེ་དུས་ཀྱང་བུ་མོ་ཞིག་ལ་དཀའ་ངལ་དེ་རིགས་སེལ་ཐུབ་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོན་འདུག

རྩོམ་ཡིག་འདིའི་ནང་དོན་ཤམ་བྷ་ལའི་ཕོ་ཉའི་ལྟ་བ་ཡིན་པའི་ཁྱབ་པ་མེད་པས་དགོངས་འཇགས་ཞུ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ལྷག་བསམ་དང་དྲང་བདེན་ལ་དགའ་བའི་རྣམ་པ་གཉིས་སྐུ་ཁམས་བཟང་། སྤུན་མཆེད་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ། ལི་ལྗོངས་ཕོ་ཉས།
ལྷག་བསམ་ཅན་གྱི་བུ་ཕྲུག་ཁྱོད་ཀྱི་བསམ་དོན་གང་ཡིན་འགྲུབ་པ་དང་།མ་འོངས་པ་ཡང་ང་ཚོ་བོད་ཀྱི་ལམ་ལུགས་དེ་དྲང་བདེན་དང་རེས་མེད་ཀྱི་ལམ་དུ་ཤར་བསྐྱོད་ཐབ་པའི་ལམ་སྟོན་ཞིག་ཏུ་འགྱུར་བའི་རེ་བ་ཆེ།བུ་ཕྲུག་ཁྱོད་མ་འོངས་པ་ཡང་དྲང་མིན་པའི་དོན་གང་ཐོས་རྣམས་ཐད་སྟོན་གྱིས།
རེད་ཡ། དེ་དང་དེ་འདྲ་བའི་གནས་ཚུལ་རིགས་མང་པོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ཐོན་དང་ཐོན་བཞིན་པ་རེད། བོད་ནས་གསར་དུ་འོང་བའི་གཞོན་སྐྱེས་ཁག་ཅིག་ལ་དེ་རིགས་དཀའ་ངལ་འཕྲད་བཞིན་ཡོད་པས་མ་ཚད། གཞན་དག་ལའང་དཀའ་ངལ་དེའི་རིགས་མི་ཉུང་བ་ཞིག་ཆགས་ཡོད་པ་རེད། དཔེར་ན། བལ་ཡུལ་རྒྱ་གར་གཞུང་ཚབ་ཁང་ལ་རྒྱ་གར་དུ་གནས་སྡོད་ཆོག་པའི་ལག་དེབ་དཀར་པོ་བཟོ་བ་འགྲོ་སྐབས། བོད་ནས་གསར་དུ་འབྱོར་བ་དེ་ཚོར་གཅིག་ནི་ཉམས་མྱོངས་དང་ཆ་རྒྱུས་མེད་པ་དང་། གཉིས་ནི་དབྱིན་ཡིག་མི་ཤེས་པ། གསུམ་ནས་བལ་ཡུལ་སྣེ་ལེན་ཁང་དུ་ཡོད་པའི་འབྲེལ་ཡོད་ལས་བྱེད་པ་ཁག་ཅིག་གི་འགན་མ་ཁུར་བའང་གང་ལྟར། ཕྱིར་བོད་ལ་ལོག་ཐབས་བྲལ་བའི་རིགས་ཆབ་སྲིད་བཙོན་པ་དེ་ཚོ་ལའང་ཁག་ཅིག་གནས་སྐོར་གྱི་མིང་ཐོ་ཕོག་ཡོད་པ་མང་པོ་ཞིག་མཐོང་ཐུབ། དེ་ཚོའི་འགན་ནི་བལ་ཡུལ་དུ་ཡོད་པའི་རང་གཞུང་སྣེ་ལེན་ཁང་གི་འབྲེལ་ཡོད་ལས་བྱེད་པ་དག་གི་བསླབ་བྱ་དང་ལམ་སྟོན་ཉུང་དྲག་པའང་ཡང་ན། འགན་མ་ཁུར་བ་ཡིན་པ་གསལ་པོ་མཐོང་ཐུབ། སྤྱིར་དེའི་རིགས་ནི་ངཚོའི་སྤྱི་ཚོགས་ནང་མི་ཉུང་བ་ཞིག་ཡོད་པ་རེད། ཁ་ནས་ལྷག་བསམ་དང་། དྲང་བདེན། ཡ་རབས་བཟང་སྤྱོད་ཟེར་བ་དེ་ཚོ་ཕར་ཙམ་བཞག་ནས། རང་ཉིད་ཀྱི་ལས་འགན་དེ་ཏག་ཏག་ཞིག་སྒྲུབ་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་ཞིག་རེད་སྙམ།



བརྗོད་གཞི་གཞན་ཁག་ལ་གཟིགས།