དགོངས་ཚུལ།

ལམ་ནོར་ལྡོག་ཤེས་རྩ་བ་ནས་མེད་སྟབས་བཀའ་ཤག་གིས་ཐག་གཅོད་གནང་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧ལོའི་ཟླ་༡༡ཚེས་༩ཉིན་སྤེལ། ཕྱག་བྲིས་ཐེངས་གསུམ་གནང་རྗེས་ད་ཆ་ལམ་ནོར་ལྡོག་ཤེས་དགོས་ངེས་ཀྱང་དེ་ལྟར་རྩ་བ་ནས་མ་བྱུང་སྟབས། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཕོ་འགྱུར་གཏང་རྒྱུར་བཀའ་ཤག་ནས་བཀའ་བསྡུར་རིམ་པ་གནང་མཐར་སྤྱི་མོས་ཐོག་ནས་ཐག་གཅོད་གནང་ཡོད་ཅེས་བཀའ་ཤག་ནས་འགྲེལ་བརྗོད་གནང་སོང༌།

Kashag-Karma-Gelek-2017-2དེ་ཡང་༢༠༡༧ཟླ་༡༡ཚེས་༩རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་༩།༣༠ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་ཐད་བརྒྱུད་ལམ་ཁག་ཅིག་ཏུ་གླེང་སློང་ཡོང་བཞིན་པར་རྒྱ་ཆེ་མི་མང་གི་ངོས་ནས་གོ་ནོར་མི་ཐེབས་པའི་ཆེད་གསལ་བཤད་དུ་གསར་འགོད་གསལ་བསྒྲགས་ཤིག་སྐོང་འཚོགས་གནང་སོང༌།

སྐབས་དེར་ཁོང་གིས་བྱང་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏང་དགོས་པའི་རྒྱུ་མཚན་དང༌། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཞུ་བ་བསྐོ་བཞག་དང་འཕོ་འགྱུར་གཏོང་ཕྱོགས་ནི་སྤྱི་ཡོངས་ནས་བྱ་སྤུ་གནོན་གྱི་ཁྲིམས་སྒྲིག་གཞིར་བཞག་ཐོག་ནས་གནང་གི་ཡོད་པ་ལྟར་ཐེངས་འདིར་བྱང་ཨ་རིའི་སྐུ་ཚབ་འཕོ་འགྱུར་གནང་བ་དེ་ཡང་གནས་སྟངས་དེའིོ་འོག་ནས་བྱུང་བ་ཞིག་ལས་དམིགས་གསལ་འཕོ་འགྱུར་ཞིག་ལ་གཟིགས་ཀྱི་མེད་ལུགས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་སོང༌།

སྲིད་ཚབ་མཆོག་གིས་འགྲེལ་བརྗོད་གནང་དོན། "བྱང་ཨ་རི་སྐུ་ཚབ་དོན་གཅོད་འཕོ་འགྱུར་བཏང་བའི་གནད་དོན་ཐོག་བོད་མིའི་སྤྱི་ཚོགས་ཁྲོད་ལབ་གླེང་ཕྲན་བུ་ཡོང་བཞིན་ཡོད་སྟབས་དེ་རིང་ངས་གནད་དོན་གཙོ་བོ་ཁ་ཤས་ཐོག་ནས་གསལ་བཤད་ཞུས་པ་བརྒྱུད་གནས་ཚུལ་ངོ་མ་ཇི་ཡིན་ཁ་གསལ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།" ཅེས་གསར་འགོད་བརྒྱུད་རྒྱ་ཆེ་མིང་ལ་རྣམས་ལ་འབོད་སྐུལ་གནང་སོང༌།

ཁོང་གིས་དེའི་སྐོར་མུ་མཐུད་གསུངས་དོན། "བྱང་ཨ་རི་སྐུ་ཚབ་དོན་གཅོད་ད་ལམ་འཕོ་འགྱུར་གཏང་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དོན་གཅོད་ལས་ཐོག་ཁོང་གིས་དོན་གཅོད་ཀྱི་ལས་འགན་འཁྱེར་བ་ནས་བཟུང་ལོ་དེའི་ཕྱི་ཟླ་༧ཟླ་མཇུག་ཙམ་བར་ཏེ་ལོ་གཅིག་ཀྱང་མ་འཁོར་བའི་རིང་དེར་ཕྱག་ལས་གནང་ཕྱོགས་ཐོག་ལ་བཀའ་ཤག་ཕྲན་བུ་ཐུགས་བློ་མ་ཁེངས་པ་དང༌། བློ་འཚབ་དང་བཅས་ཁོང་ལ་ཕྱག་བྲིས་ཐེངས་༣གནང་དགོས་བྱུང་ཡོད། དང་པོ་གཉིས་དེ་ཕྱི་དྲིལ་ལས་ཁུངས་བརྒྱུད་ནས་གནང་བ་དང༌། གསུམ་པ་དེ་བཀའ་དྲུང་ཡིག་ཚང་བརྒྱུད་ནས་གནང་ཡོད། མདོར་ན་ཕྱི་དྲིལ་ལས་ཁུངས་དང་བཀའ་དྲུང་ཡིག་ཚང་བརྒྱུད་ནས་བཀའ་ཤག་གིས་ཐུགས་འཚབ་དང་བཅས་བླང་དོར་བརྡ་སྟོན་ཕྱག་བྲིས་ཐེངས་གསུམ་གནང་དགོས་བྱུང་ཡོད། ཡི་གེ་དེ་དག་གི་ནང་དོན་ཇི་ཡིན་འདིར་ཞིབ་ཕྲ་ཞུ་དགོས་པའི་གནས་སྟངས་ཤིག་གང་ཡང་མེད།" ཅེས་གསལ་བཤད་གནང༌།

འོན་ཀྱང་བཀའ་ཤག་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གནང་བའི་སྐོར་གསལ་བསྒྲགས་གནང་རྗེས་ད་ལྟ་སྐུ་ཚབ་ཀྱི་ལས་འགན་ཁུར་བཞིན་ཡོད་པའི་སྤེན་པ་ཚེ་རིང་ལགས་ཀྱིས་ཁོང་ལ་བཀའ་ཤག་གིས་ཕྱག་བྲིས་ཐེངས་གཅིག་ལས་གནང་མེད་ཚུལ་དང༌། དེ་ཡང་ཁོང་ལ་བཀའ་ཤག་གི་མཐའ་མའི་ཉེན་བརྡ་ཡིན་ལུགས་བཀོད་ཚུལ་སོགས་གསར་འགྱུར་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་གནང་ཡོད་པ་རེད།

དེ་ལས་ལྡོགས་ཏེ་སྲིད་ཚབ་མཆོག་གིས་གསར་འགོད་གསལ་བསྒྲགས་ཀྱི་ཐོག་ཕྱག་གཅིག་ཙམ་མིན་པར་ཐེངས་གསུམ་བཏང་ཡོད་ལུགས་དང༌། སྐུ་ཚབ་དོན་ལས་ཁུངས་ཁག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཁོངས་སུ་ཡོད་སྟབས་ལས་ཁུངས་དེ་བརྒྱུད་ནས་ཕྱག་བྲིས་ཐེངས་གཉིས་གནང་ལུགས་དང༌། དེ་གཉིས་ལས་ཕན་འབྲས་མ་བྱུང་བར་བརྟེན་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་རང་ནས་ཕྱག་བྲིས་གསུམ་པ་དེ་གནང་ལུགས་འགྲེལ་བརྗོད་གནང་སོང༌།

དེ་ཡང་སྲིད་ཚབ་མཆོག་གིས། "ཕྱག་བྲིས་གསུམ་པ་དེ་ཕྱི་ཟླ་༧ཟླ་མཇུག་ཙམ་ལ་གནང་ཡོད་སྟབས་ད་བར་ཟླ་བ་གསུམ་ཙམ་ལས་སོང་མེད། དེར་བརྟེན་ད་ཆ་ལམ་ནོར་ལྡོག་ཤེས་དགོས་ངེས་ཡིན་ཡང་དེ་ལྟར་རྩ་བ་ནས་མེད་པར་གནས་པ་དེ་གསལ་པོ་ཆགས་སྟབས། བར་ལམ་ནས་བཀའ་ཤག་ནང་གནས་སྟངས་དེའི་ཐོག་བསྐྱར་ཞིབ་ཆེད་བཀའ་བསྡུར་རིམ་པ་མང་པོ་གནང་མཐར་ཁོང་རང་གི་ལས་འགན་འཕོ་འགྱུར་གཏང་རྒྱུ་དེར་བཀའ་ཤག་ནས་སྤྱི་མོས་ཐོག་ནས་ཐག་གཅོད་བྱུང་བ་རེད།" ཅེས་མནན་བརྗོད་གནང་སོང༌།

"གལ་འགངས་ཞིན་ཏུ་ཆེ་བའི་སྤྱི་པའི་ལས་དོན་ཞིག་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་པ་དང༌། སྒྲིག་འཛུགས་ཀྱི་འགན་འཛིན་སྤྱི་ཁྱབ་བཀའ་ཤག་ཐུགས་བློ་མ་ཁེངས་པར་གནས་སྟངས་རིགས་ལྷག་སྐབས། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་འཕོ་འགྱུར་གཏོང་ཆོག་པ་ནི་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་མ་ཟད། བཀའ་ཤག་ནས་དེ་ལྟར་གནང་ཆོག་པའི་འགན་དབང་ཆ་ཚང་ཡོད་པ། དེ་ལྟར་གནང་རྒྱུའི་ལམ་སྲོལ་རྒྱུན་ཆགས་ཀྱང་ཡོད་པ་ཞིག་རེད།" ཅེས་མང་གཙོའི་གཞུང་ཞིག་གི་འགྲོ་ལུགས་ལྟར་ཐག་གཅོད་གནང་བ་ཞིག་ལ་ངོས་འཛིན་གནང་ཡོད་པ་རེད།

ཡང་ཁོང་གིས་མུ་མཐུད་གསུངས་དོན། "བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང༌། དེའི་ལག་བསྟར་བརྒྱུད་རིམ་གང་འོག་ནས། ཐོག་མར་ཡར་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་ཡོད་པ་དེ་བཞིན་དུ། སྐུ་ཚབ་དཽན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན།" ཞེས་གསལ་བཤད་གནང་སོང༌།

"སྐུ་ཚབ་སྤེན་པ་ཚེ་རིང་མཆོག་ནས་དེ་སྔ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་ཕྱོགས་ལ་ང་ཚོས་ངོས་འཛིན་ཞུས་དང་ཞུ་བཞིན་ཡོད་ཀྱང༌། སྟབས་མ་ལེགས་པ་ཞིག་ལ་ཁོང་ནས་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་འགན་འཁུར་གནང་ཕྱོགས་དེ་དང་མཚུངས་པ་ཞིག་དང་ང་ཚོའི་འདོད་པ་ཁེངས་པ་ཞིག་བྱུང་མ་སོང༌། ཡིན་ནའང༌། ཁོང་རང་གི་མ་འོངས་པར་གནང་སྒོ་གང་ཡོད་རྣམས་ལམ་ལྷོངས་ཡོང་བའི་རེ་བ་ཞུ་གི་ཡོད།" ཅེས་བརྗོད་གནང་སོང༌།

"ད་ལྟའི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པར་བསྐོ་བཞག་གནང་བའི་ཐག་གཅོད་དེར་འགྱུར་བ་གང་ཡང་མེད། ཁོང་ནས་སྐུ་ཚབ་དོན་གཅོད་ཀྱི་མཛད་འགན་རྣམས་འཐུས་ཚང་ལེགས་སྒྲུབ་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཆེན་པོ་ཡོད།   བྱང་ཨ་རིར་གནས་བཞུགས་རང་རིགས་ཡོང་ནས་ཁོང་དང་ཁོང་གི་ཕྱག་ལས་གང་ཅིར་མཐུན་འགྱུར་དང་གཞོགས་འདེགས་གང་ཟབ་གནང་རོགས་གནང་ཞུ་རྒྱུ་བཅས་ཡིན།" ཅེས་འགྲེལ་བརྗོད་གནང་སོང༌།

གཞན་ཡང་སྲིད་ཚབ་མཆོག་གིས་གསར་འགོད་པའི་དྲི་བ་ཞིག་ལ་འདེབས་གནང་དོན། གོང་གསལ་གྱི་གནད་དོན་ཚང་མ་བསྡོམས་པས་ཕྱག་ལས་གནང་ཕྱོགས་དེ་བྱ་སྤུ་གནོན་གྱི་སྒྲིག་འཛུགས་ནང་བཞིན་ཞིག་ཡོང་གི་མེད་པ། ཕར་ཕྱོགས་ལ་ཐུས་ཤོར་འགྲོ་རྒྱུའི་ཉེན་ཁ་ཡོད་པ། དེ་བཞིན་འགན་བཞེས་མཁན་སྐུ་ཚབ་དོན་གཅོད་ཞུ་དུས་བཀའ་ཤག་གི་དབང་ཚད་ཙམ་མིན་པར་ྋསྐྱབས་མགོན་རིན་པོ་ཆེའི་མཚན་ཡང་སྤྱར་བསྡད་ཡོད་པ་སོགས་ལ་བརྟེན་ནས་མར་ཡི་ཆེས་བློ་འགེལ་གང་བར་དུ་བྱེད་ཐུབ་མིན་སོགས་དེ་འདྲའི་གནད་དོན་མང་པོ་ཞིག་གི་མཚོན་རྟགས་འདྲ་མ་སོང་ན་བཏོན་ཡོང་གི་ཡོད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ཐག་གཅོད་དེ་བྱེད་དགོས་བྱང་བ་ཞིག་རེད་མ་མཏོགས། འཛིན་སྐྱོང་གི་གནས་ཚུལ་གང་དང་གང་ཡོད་པ་དེ་དག་རེ་རེ་ནས་མ་འགྲིག་པའི་ཐོག་བཀའ་ཆད་བཏང་བཞག་པའི་བཟོ་འདྲ་ཞིག་རྩ་བ་ནས་མ་རེད་ཅེས་འགྲེལ་བརྗོད་གནང་སོང་བ་བཅས།

བློ་བཟང་སེངྒེ་ལགས་དང་སྤེན་པ་ཚེ་རིང་ལགས་གཉིས་འདི་སྔོན་དངོས་གཞིའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་འགྲན་སྡུར་ཁྲོད་ཞུགས་ཡོད་ཅིང༌། ཁོང་གཉིས་ཕྱིས་སུ་སྲིད་སྐྱོང་གི་འོས་མི་རྩེ་ཕུད་དུ་སླེབས་ཏེ་འགྲན་སྡུར་དེ་ནི་དེ་སྔོན་གྱི་འོས་བསྡུ་སྐབས་གཞན་དང་མི་འདྲ་བར་སྐབས་མང་པོའི་རིང་ཕན་ཚུན་དབར་སྐྱོན་འཛུགས་ཤུགས་ཆེན་བྱེད་རེས་བྱས་ཡོད། སྐབས་དེར་བཙན་བྱོལ་སྤྱི་ཚོགས་སུའང་ཁོང་གཉིས་ཀས་ཕན་ཚུན་དབར་ལྟ་སྟངས་ལ་ལབ་གླེང་སྣ་ཚོགས་ཤིག་བྱུང་ཡོད་པ་མ་ཟད། མཐར་གནད་དོན་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགོངས་པ་འཁྲུག་གཞིར་ཡང་འགྱུར་ཡོད། འོན་ཀྱང་ཕྱིས་སུ་འོས་བསྡུ་ཆེན་མོ་གྲུབ་མཚམས་༧གོང་ས་མཆོག་དགོངས་པ་དངས་གསལ་ཆགས་ཐུབ་ཡོད་པ་རེད།

སྤྱིར་མང་གཙོའི་ལམ་ལུགས་སུ་མི་མང་གིས་འོས་བསྡུའི་ལམ་ནས་འདེམས་ཐོན་བྱས་པའི་འགོ་ཁྲིད་དམ་ཡང་ན་ཆབ་སྲིད་ཚོགས་པ་དེས་རང་ཉིད་ཀྱི་ཁ་གཏད་ཚོགས་པའི་མི་སྣ་ཞིག་གཞུང་གི་ལས་སྣེ་གལ་ཆེན་ཞིག་ཏུ་བསྐོ་བཞག་གནང་བའི་ལམ་ལུགས་ཧ་ཅང་དཀོན་པ་དང༌། མང་གཙོའི་ཡུལ་གྲུ་མང་པོར་དེ་ལྟར་བྱས་པ་ནི་མང་གཙོའི་ལམ་ལུགས་དང་དངོས་སུ་འགལ་ཟླར་གྱུར་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་མང་གཙོའི་ཡུལ་གྲུ་གང་ཞིག་ཏུ་ཆབ་སྲིད་འགོ་ཁྲིད་ཀྱི་འོས་མིའམ་ཡང་ན་ཆབ་སྲིད་ཚོགས་པ་གང་ཞིག་ལ་འོས་ཤོག་གི་བརྒྱ་ཆ་མ་ལོན་ན་ཆབ་སྲིད་ཚོགས་པ་ཆུང་བ་ཞིག་དང་མཉམ་དུ་གཞུང་ཞིག་བཟུང་སྟེ་ཚོགས་པ་ཆུང་བ་དེའི་མི་སྣ་འགའ་ཤས་གཞུང་གི་ལས་སྣེ་འགར་བསྐོ་བཞག་ཡོང་གི་ཡོད་པ་རེད། ཡིན་ཡང་ཁ་གཏད་ཚོགས་པའི་མི་སྣ་ཞིག་དང་དམིགས་བསལ་ཁ་གཏད་ཚོགས་པའི་འགོ་གཙོ་དེ་གཞུང་གི་ལས་སྣེར་བསྐོ་བཞག་བྱས་པ་ཡོང་མི་སྲིད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་ནི་གཞུང་གིས་ལས་དོན་གནང་ཕྱོགས་ཐད་ཁ་གཏད་ཚོགས་པ་ཞིག་ངེས་པར་དུ་དགོས་པས་ཡིན་འདུག

དེ་ནི་བཙན་བྱོལ་བོད་མིའི་མང་གཙོ་དང་གཏན་ནས་མི་འདྲ་སྟེ་བཙན་བྱོལ་བོད་མིའི་མང་གཙོ་ལ་ཁ་གཏད་ཆབ་སྲིད་ཚོགས་པ་ཞིག་མེད་པས་ཡིན་པ་དང༌། ཡང་ཕྱོགས་གཞན་ནས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཁ་གཏད་འོས་མི་མི་ཉུང་བ་ཞིག་སླེབས་ཀྱི་ཡོད་ལ། ལྷག་པར་དུ་ཉེ་དུས་འོས་བསྡུའི་སྐབས་སྤེན་པ་ཚེ་རིང་ལགས་ཀྱིས་བློ་བཟང་སེངྒེ་ལགས་ཀྱིས་སྣེ་འཁྲིད་པའི་གཞུང་ལ་སྐྱོན་འཛུགས་ཤུགས་ཆེན་བྱས་ཡོད། འོན་ཀྱང་མང་གཙོའི་ལམ་ལུགས་དང་མཐུན་མིན་དང་གཞུང་གི་ཁ་གཏད་ཡིན་མིན་ལ་མི་ལྟོས་པར་གང་ལྟར་མཐར་བཀའ་ཤག་གིས་སྤེན་པ་ཚེ་རིང་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གནང་བ་ཞིག་ཡིན་པ་རེད།།

གསར་འགོད་པ་ཡེ་ཤེས་ཆོས་བཟང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།