དགོངས་ཚུལ།

ཞིས་སྲིད་འཛིན་གྱི་ལོ་ལྔའི་རིང་ལ་དཔག་ན་རེ་ལྟོས་མེད་པ་ཤེས་ཐུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༡༨ཉིན་སྤེལ། ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་ཞི་ཡིས་སྲིད་སྐྱོང་བའི་ལོ་ལྔ་ཡི་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། རང་དབང་ལ་ཚད་ལས་འདས་པའི་དམ་དྲག་བྱས་པར་ངོ་རྒོལ་བྱ་རྒྱུ་མ་ཟད། བོད་ཀྱི་གནད་དོན་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ང་ཚོས་ངོ་རྒོལ་མཐར་ཕྱིན་པར་བྱ་རྒྱུ་ཡིན

TYC-Tibet-China-Freedom-Xi-Jinping-2017འདི་ཟླའི་ཕྱི་ཚེས་ ༡༧ ཉིན། བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ཆེ་ཤོས་ལྔ་མཉམ་རུབ་ཀྱིས་རྒྱ་ནག་དམར་ཤོག་ཚོགས་ཆེན་དང་སྟབས་བསྟུན་གྱིས་གསལ་འགོད་བསྒྲགས་གཏམ་སྤེལ་སྟེ། དམར་ཤོག་སྲིད་འཛིན་ཞི་ཅིང་ཕིང་གི་ལོ་ལྔའི་རིང་གི་སྲིད་ཇུས་ཀྱིས་བོད་ཐོག་ལ་སྔར་ལས་མུན་ནག་དང་སྡིགས་གཙུབ་བཀོད་པས་ན། ང་ཚོས་བོད་དོན་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་སྐོར་གྱི་ཡིག་ཆ་སྐད་རིགས་བཞིའི་སྒང་ནས་སྦྱངས་བཤད་གནང་འདུག

དེ་ཡང་། བསྒྲགས་གཏམ་ནང་“ད་ཆ་སྲིད་འཛིན་ཞི་ཅིང་ཕིང་གི་འདས་པའི་ལོ་ངོ་ལྔ་ཡི་དོན་དངོས་ཀྱི་གནས་ཚུལ་ལ་ཕྱིར་མིག་ཅིག་བལྟས་ན། ཚོད་དཔག་དང་རེ་སྒུག་དེ་དག་ཚང་མ་འཇའ་ལྟར་ཡལ་བ་མ་ཟད། བོད་མིའི་ཆོས་དད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་སྐད་ཡིག་དང་ཤེས་ཡོན་སློབ་གསོ། དྲ་རྒྱའི་རིག་གནས་སོགས་ཕྱོགས་ཡོངས་ཀྱི་ཐད་དེ་བས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་གནས་ཚུལ་ཁོ་ན་ལས་བཟང་ཕྱོགས་ཀྱི་འགྱུར་ལྡོག་འགྲོ་བའི་ཟུར་ཙམ་ཡང་མཐོང་རྒྱུ་མི་འདུག”ཅེས་དང་།
གཞན་ཡང་“ཞི་ཅིང་ཕིང་གི་ལོ་ངོ་ལྔ་ཡི་རིང་གི་ལས་ཀའི་ཐོག་དོ་སྣང་ཆེ་ཤོས་བྱེད་ས་ནི། རྒྱ་ནག་རྒྱལ་ཡོངས་སུ་རུལ་སུངས་ལ་ངོ་རྒོལ་དང་རྡུང་བརྡེག་གི་ཐོག་ནས་དམར་ཤོག་ཚོགས་པའི་དབང་ཆ་བརྟན་སྲུང་ཆེད་དམར་ཤོག་ནང་ཁུལ་གྱི་ཁ་གཏད་ཤོག་ཁག་གི་དཔོན་རིགས་མང་པོ་ཞིག་རྩ་མེད་བཟོས་ཡོད་ཀྱང་། བོད་ལ་ཆ་མཚོན་ན་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་ལས་ལྷག་པ་ཞིག་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་། སྤྱི་ཚོགས་དམ་དྲག་བྱ་རྒྱུའི་ཐོག་གཞི་བཅོལ་ཡོད།”ཅེས་དང་།
དེ་མིན། “ཞི་ཅིང་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་གི་དབང་འཛིན་པ་མི་རབས་དྲུག་པ་དེས་སྔར་བཞིན་དམ་དྲག་དང་བཙན་གནོན་རང་བཞིན་གྱི་སྲིད་ཇུས་དང་རྒྱ་སྐྱེད་རིང་ལུགས་ཁོ་ནའི་ཐོག་ཤར་བསྐྱོད་བྱ་རྒྱུ་ལས། བཟང་ཕྱོགས་ཀྱི་འགྱུར་བ་གསར་པ་ཞིག་ཡོང་རྒྱུའི་རེ་བ་གང་ཡང་མེད་སྟབས། ངེད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཡིས་ཞི་ཡིས་སྲིད་སྐྱོང་བའི་ལོ་ལྔ་ཡི་རིང་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། རང་དབང་ལ་ཚད་ལས་འདས་པའི་དམ་དྲག་བྱས་པར་ངོ་རྒོལ་བྱ་རྒྱུ་མ་ཟད། བོད་ཀྱི་གནད་དོན་ཇི་སྲིད་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ང་ཚོས་ངོ་རྒོལ་མཐར་ཕྱིན་པར་བྱ་རྒྱུ་ཡིན།”ཞེས་འཁོད་འདུག

ད་ལྟར་གོང་ཚེས་ཉིན་གྱི་གཞུང་མིན་ཚོགས་པ་ཆེ་ཁག་ལྔའི་ཚོགས་འདུའི་ཐོག  ཁོང་ཚོ་མཉམ་རུབ་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ། སྐད་རིགས་བཞིའི་ནང་སྒྲོགས་སྦྱང་བྱས་ཡོད་པ་ལས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ནོར་བུས་བོད་ཡིག་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་གྱི་དབྱིན་ཡིག དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་རིང་ཆོས་འཛོམས་ཀྱིས་རྒྱ་གར་སྐད། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཆེ་རྒྱལ་ཐང་སྤྲུལ་སྐུ་ངག་དབང་དགའ་བདེས་རྒྱ་ཡིག་ཐོག་སྒྲོགས་སྦྱང་བྱས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།