དགོངས་ཚུལ།

བཙུན་མའི་ལས་འཆར་དབུ་བརྙེས་ཏེ་ལོ་༣༠འཁོར་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༠༢ཉིན་སྤེལ། བཙན་བྱོལ་དུ་འབྱོར་བའི་སྦག་ས་ཆོས་སྒར་གྱི་དགེ་འདུན་པ་རྣམས་དང་། དེ་བཞིན་རིམ་པས་བོད་ནང་ནས་ཀྱང་སྐུ་ལས་བསྐྱོན་ནས་བོད་ནང་དུ་རྒྱ་གཞུང་གིས་གཏོར་བཤིག་གཏོང་བ་རྣམས་བཙན་བྱོལ་ནས་བསྐྱར་གསོ་ཐུབ་པ་བྱུང་ཡོད་ཅེས་སྲིད་སྐྱོང་གི་གསུང་སོང་།

དེ་རིང་སྔ་དྲོའི་ཚོུད་༩།༣༠ཐོག  བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ཏེ་ལོ་ངོ་༣༠འཁོར་བའི་དུས་དྲན་མཛད་སྒོ་དང་བཙུན་མའི་འཇང་དགུན་ཆོས་འགོ་འཛུགས་བཅས་བཞུགས་སྒར་ངྷ་སའི་མཁྲིས་སུ་ཡོད་པའི་སྒྲོལ་མ་གླིང་གི་ཆོས་རར་འཚོགས་སོང་།

Tibet-Nuneray-2017དེ་ཡང་གོང་ཚེས་ཉིན་ལ། བཙུན་མའི་ལས་འཆར་དང་སྟབས་བསྟུན་གྱིས་དམིགས་གསལ་སྐུ་མགྲོན་བོད་ཀྱི་ལོ་རྒྱུས་སུ་ཐོག་དང་པོར་ཐོན་པའི་དགེ་བཤེས་མ་༢༠དང་སློབ་དཔོན་བཅོ་ལྔ་བཅས་ལ་གཟེངས་བསྟོད་བྱ་དགའ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་དམིགས་གསལ་སྐུ་མགྲོན་རང་རིགས་དང་གཞན། བཙུན་མའི་ལས་འཆར་གྱི་འགན་འཛིན་ལྷན་ཚོགས་རྣམས། གཞན་ཡང་རོགས་ཚོགས་ཁག་དང་རྒྱ་གར་དཔོན་རིགས། ཡུལ་མིའི་གྲོགས་པོ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་རྣམ་པ། རྒྱ་གར་ཕྱོགས་མཐའ་ཁག་གི་བཙུན་དགོན་ནས་འཇང་དགུན་ཆོས་སུ་ཕེབས་པའི་བཙུན་མ་རྣམས། གཞུང་འབྲེལ་དང་གཞུང་འབྲེལ་མིན་ཚོགས་པ་སྒེར་གསུམ་གྱི་སྐུ་ཚབ་དང་ཚོགས་གཙོ་བཅས་ཁྱོན་མི་གྲངས་ཉིས་སྟོང་མ་ཟིན་ཙམ་གྱིས་ཆོས་ར་ཡོངས་སུ་འཁེངས་སོང་།

མཛད་སྒོའི་ཉིན་འདིར་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་ངག་དབང་བསྟན་འཛིན་ལགས་ཀྱིས་འཇང་དགུན་ཆོས་དང་འབྲེལ་བའི་གཏམ་བཤད་གནང་དོན། བོད་ཀྱི་བཙུན་མའི་འཇང་དགུན་ཆོས་ནི། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཐོག་ལོ་ངོ་༢༣ རིང་བཙུན་མའི་ལས་འཆར་འགྲོ་བཞིན་པ་དང་། ཟླ་གཅིག་རིང་འཇང་དགུན་ཆོས་འཚོགས་ཀྱི་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་བཙུན་མའི་དགོན་པ་གང་དུ་འཇང་དགུན་ཆོས་འཚོགས་ན་དགོན་པ་དེའི་སྒྲིག་ཁྲིམས་དང་འཇང་དགུན་ཆོས་ཀྱི་སྒྲིག་གཞི་དོན་ཚན་བརྒྱད་གསལ་བསྒྲགས་གནང་བ་ཚུལ་བཞིན་སྲུང་རྒྱུ་གལ་ཆེན་ཡིན་པར་བརྗོད་སོང་།

Tibet-Renchenkardo-2017དེ་རྗེས་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ཀྱིས་བཙུན་མའི་ལས་འཆར་ཐོག་མར་དབུ་བརྙེས་སྟངས་ཀྱི་སྐོར་བརྗོདདོན། བོད་ནས་བཙུན་མ་མང་པོ་ཞིག་གློ་བུར་དུ་འབྱོར་བའི་སྐབས་དང་བསྟུན་སྟེ། བོད་ཀྱ་བཙུན་དགོན་དག་ཡར་རྒྱས་དང་གྲངས་མང་རུ་སོང་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་དགེ་བཤེས་མ་༢༠ཐོན་ཡོད་ཅིང་། དེ་བཞིན་ཁོང་ཚོས་སྔག་རིམ་ལ་སློབ་སྦྱོང་བྱེད་པར་༧གོང་ས་མཆོག་གིས་བཀའ་བཞེས་བཟང་པོ་ཐོབ་པ་ལྟར་ལག་བསྟར་གནང་འཆར་ཡོད་ལ། ན་ནིང་ནས་གཡང་དྲུང་བོན་གྱི་བཙུན་མ་རྣམས་ཀྱང་འཇང་དགུན་ཆོས་སུ་ཚོགས་ཞུགས་གནང་ཐུབ་ཡོད་པ། འདི་ལྟར་བཙུན་མ་རང་གིས་རྐང་བཙུག་ཐུབ་པའི་ཚད་དུ་ལོན་ཞིག་ཆགས་ཡོད་སྐོར་སོགས་དང་འབྲེལ་ནས་བྱུང་རིམ་ལོ་རྒྱུས་སོགས་ཞིབ་ཕྲར་གསུངས་སོང་།

Tibet-Syikong-2017མཐར་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ༧གོང་ས་མཆོག་གི་བཀའ་སློབ་རིམ་པར་བསྩལ་བའི་བཀའ་དྲིན་ལ་བརྟེན་ནས། དེ་རིང་བཙུན་མའི་ལས་གཞི་ལོ་༣༠ འཁོར་བའི་མཛད་སྒོ་འཚོགས་ཐུབ་པ་བྱུང་ཡོད་པ་མ་ཟད། གྲུབ་འབྲས་ཡང་ཧ་ལས་པའི་ཡག་པོ་བྱུང་ཡོད་ཅིང་། དེ་དག་ཁོང་གི་སྐུ་དྲིན་ཡིན་པ་གསལ་པོ་ཞེ་དྲག་རེད།

རྒྱ་ནག་དམར་པོས་བོད་མི་རྒྱ་རིགས་དང་། བོད་སྡེ་རྒྱ་སྡེར་བསྒྱུར་བའི་དམིགས་ཡུལ་བཟུང་སྟེ། ཐོག་མར་བོད་དབང་བསྒྱུར་སྐབས་སུ་གཏོར་བཤིག་གཏོང་འགོ་བཙུགས་ཏེ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནང་གསལ་བ་བཞིན་བོད་ཀྱི་དགོན་སྡེ་ཁག་བརྒྱ་ཆ་༩༨ གཏོར་བཤིག་བཏང་ཡོད་པ་མ་ཟད། དགེ་འདུན་པ་དང་བཙུན་མ་བརྒྱ་ཆ་༩༩.༩ དགོན་སྡེ་ནས་ཕུད་དེ་བཙོན་འཇུག་བྱས་པ་སོགས་ཀྱི་སྒོ་ནས་ནང་ཆོས་ཀྱི་དྲི་མ་ཙམ་ཡང་མེད་པ་བཟོ་ཐབས་བྱས་ཏེ། བོད་ཀྱི་དཔལ་ཡོན་གྱི་གཞི་རྩ་བ་ནས་མེད་པ་གྱུར་ཚེ་ཁོ་རང་ཚོའི་དམིགས་ཡུལ་འགྲུབ་ཀྱི་རེད་བསམ་ནས་འབད་བརྩོན་བྱས་ཡོད་ཀྱང་། རིམ་པས་བཙན་བྱོལ་དུ་འབྱོར་བའི་སྦག་ས་ཆོས་སྒར་གྱི་དགེ་འདུན་པ་རྣམས་དང་། དེ་བཞིན་རིམ་པས་བོད་ནང་ནས་ཀྱང་སྐུ་ལས་བསྐྱོན་ནས་བོད་ནང་དུ་རྒྱ་གཞུང་གིས་གཏོར་བཤིག་གཏོང་བ་རྣམས་བཙན་བྱོལ་ནས་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་ཙམ་མ་ཟད། རྒྱ་མིའི་དྲག་གནོན་འོག་ནས་བོད་ནང་ལ་ནང་ཆོས་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད་ཁར། ཧི་མ་ལ་ཡའི་རི་བརྒྱུད་དང་རྒྱ་ནག་ནང་བསྐྱར་གསོ་ཐུབ་པ་བྱུང་ཡོད་ལ།  དེ་བཞིན་འཛམ་གླིང་གི་ཁྱོན་དུ་ནང་བསྟན་རིག་གནས་དར་ཁྱབ་བྱུང་ཐུབ་ཡོད་པ་མ་ཟད། དེ་དག་ནི་བོད་ཕྱི་ནང་གཉིས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་གཞི་རུ་འཛིན་པའི་ཐོག་ནས་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་རེད་ཅེས་བཀའ་སློབ་གནང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།