དགོངས་ཚུལ།

རྒྱལ་གཅེས་དཔའ་བོ་ཞིག་གི་ཕ་རྒན་གྱིས་སེམས་ཚོར་གློད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༠༧།༢༦ཉིན་སྤེལ། བོད་སྤྱི་བའི་རྩ་དོན་དང་རིག་གཞུང་། མི་རིགས་ཀྱི་ལ་རྒྱ། ཞེན་ཁོག་ལ་བརྟེན་སྟེ་རང་ལུས་མེར་བསྲེགས་བཏང་བ་རེད་མ་གཏོགས་པས། ཁོ་རང་ཚོར་ཟ་རྒྱུ་མེད་པ་དང་བཏུང་རྒྱུ་མེད་པ། ཕ་མ་སྤུན་མཆེད་ཀྱིས་མ་འགྲིག་པའི་གནས་ཚུལ་དེ་འདྲ་རྩ་བ་ནས་མ་རེད། ཅེས་བརྗོད་སོང་།

Tibet-Nyagang Kyidhup-2017

དེ་རིང་སྔ་དྲོར་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་སྐུ་ཕུང་བཞུགས་སྒར་ངྷ་རམ་ས་ལར་ཞུགས་འབུལ་བྱས་སོང༌།

དེ་ཡང་ཁ་སང་རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གི་སྐུ་ཕུང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་བཞུགས་སྒར་ངྷ་རམ་ས་ལར་གདན་འདྲེན་བྱས་རྗེས། རྒྱལ་གཅེས་དཔའ་བོ་ཁོང་གི་ཨ་ཕ་ངག་དབང་མཁས་གྲུབ་ལགས་ཀྱིས་འདི་ག་གསར་འགོད་པར་གསུང་བའི་སྐད་ཆ་འཐུས་ཚང་ཞིག་ཡིག་ཐོག་ཏུ་ཕབ་ཡོད་པ་གཤམ་གསལ་དུ་བཀོད་ཡོད།

"བུ་གུའི་ཨ་མ་ལགས་ཀྱིས་བཤད་པ་དེ་མ་གཏོགས་ང་ལ་དུས་ཚོད་འཕྲོ་བརླགས་སུ་གཏོང་བ་ཞིག་བཤད་ཀྱི་མེད་ལ། མང་མོ་ཞིག་བཤད་ཀྱང་ཤེས་ཀྱི་མེད་ལ། བཤད་པར་དགའ་བོ་ཡང་མེད། སྟབས་འདི་འདྲའི་སྐབས་སུ་ཕྱོགས་གཅིག་ནས་བཤད་ན། མི་ལུས་དེ་རིན་ཆེན་ཡིན་པ། དེ་བཞིན་སློབ་སྦྱོང་བྱེད་བཞིན་པའི་གཞོན་སྐྱེས་ཤིག ང་རང་སྒེར་དང་ཕ་མའི་ངོས་ནས་བློ་ཕམ་ཆེན་པོ་འདུག (ངུ་ལྷུབ་དང་བཅས།) ཡིན་ནའང༌། རྒྱ་ཆེ་ས་ཞིག་ནས་བལྟས་ན་བོད་མི་ས་ཡ་དྲུག་གི་ནང་དུ། ཕྱི་ལོ་༡༩༤༠ཞེ་གྲངས་ནས་ད་ལྟའི་བར་རང་ལུས་མེར་བསྲེགས་ག་ཚོད་གནང་བ་རེད། ཆབ་སྲིད་བཙོན་པ་ག་ཚོད་ཡོད་པ་རེད། ཉེས་མེད་ཀྱི་མི་ག་ཚོད་གསད་ཡོད་པ་རེད། བཙོན་ཁང་ལ་ག་ཚོད་སོང་ཡོད་པ་རེད། གར་སོང་ཆ་མེད་དུ་གྱུར་པ་ག་ཚོད་ཡོད་པ་རེད། དེ་ཚོ་ང་ཚོས་ཤེས་ཚོད་མེད་པར་རོབ་ཙམ་གྱི་ཚོར་བ་ཞིག་སླེབས་བསྡད་ཀྱི་འདུག

ཚོར་བ་དེ་ནི་བོད་སྤྱི་པའི་རྩ་དོན་དང་རིག་གཞུང༌། མི་རིགས་ཀྱི་ལ་རྒྱ། ཞེན་ཁོག་ལ་བརྟེན་ཏེ་རང་ལུས་མེར་བསྲེགས་བཏང་བ་རེད་མ་གཏོགས་པས། ཁོ་རང་ཚོར་ཟ་རྒྱུ་མེད་པ་དང་བཏུང་རྒྱུ་མེད་པ། ཕ་མ་སྤུན་མཆེད་ཀྱིས་མ་འགྲིག་པའི་གནས་ཚུལ་དེ་འདྲ་རྩ་བ་ནས་མ་རེད། ངས་ཀྱང་དེ་ལ་བསམ་བློ་བཏང་ཞིང་བོད་མི་ས་ཡ་དྲུག་ལ་༧རྒྱལ་བ་རིན་པོ་ཆེ་ཡིས། "དེ་རིང་སྐྱེས་ནས་མ་ཤི་བར་དུ་བོད་ཀྱི་རྩ་དོན་གྱི་ཆེ་དུ་ཚང་མར་འགན་དང་ཐོབ་ཐང་གཉིས་ཀ་ཡོད་པ་རེད། "ཅེས་གསུངས་ཡོད་པ་རེད། དེང་སང་སྤྱི་ཚོགས་ནང་དུ་མི་གང་ལ་གང་འཚམས་ཤིག་གིསས་ཐོབ་ཐང་དགོས་ཀྱི་ཡོད། དེ་ནི་༧རྒྱལ་བ་རིན་པོ་ཆེ་ཡིས་གསོལ་རས་གནང་བ་རེད། ཅེས་ཤོད་ཀྱི་ཡོད། ཡིན་ཡང་སྤྱི་པའི་ལས་དོན་ཞིག་ལ་ཐུག་དུས་ཞལ་པར་བརྒྱབས་ན་རེ་འགས་བཀྱག་གི་མི་འདུག་པ་ཡང་ཡོང་གི་འདུག་པར་ང་རང་བློ་ཕམ་ཡོད། འདི་ནི་དེ་རིང་གསར་འགོད་པའི་མདུན་དུ་ང་རང་ཁ་མཁས་པོ་བྱས་པ་ཞིག་རྩ་བ་ཉིད་ནས་མིན། ༧རྒྱལ་བ་རིན་པོ་ཆེ་ཚད་བཙུགས་མཆོག་གི་ཡོད། ང་རང་ལ་འཇོན་ཐང་མེད། སློབ་སྦྱོང་མེད། ང་རང་གསར་འབྱོར་ཞིག་ཡིན། ཞེས་འགྲེལ་བརྗོད་གནང་སོང༌།

ཁོང་གིས་མུ་མཐུད་གསུངས་དོན། ཁོང་རང་གུང་གསེང་ཚར་གྲབ་ཡོད་པའི་སྐབས་སུ། "པ་ལགས། ད་རེས་ཀྱི་མི་ཚེ་འདི་ལ་ང་རང་ཁྱོད་ཀྱི་བུ་གུར་སྐྱེས་པ་རེད། དེ་ནི་སྐྱེ་བ་ཚེ་རབས་མང་པོར་ང་གཉིས་འབྲེལ་བ་ཞིག་ཡོད་རྐྱེན་རེད། མ་འོངས་པ་ཡིན་ནའང༌། (ངུར་ལྷུབ་བྱེད་ཞོར) མ་འོངས་པར་འདི་འདྲའི་འབྲེལ་བ་ཞིག་ཡོང་ཡ་ཡོད་མེད་བཤད་ཚོད་མ་རེད། ག་རེ་བྱས་ན། མི་ཚང་མ་མི་རྟག་པ་རེད། སྐྱེས་པའི་ཐ་མར་ཤི་ཡ་རེད། པ་ལགས་ཀྱིས་ཁོག་པ་ཆེན་པོ་བྱོས་ཨཱ། བོད་སྤྱི་པའི་དོན་ལ་གང་ཐུབ་ཐུབ་ཀྱིས་བསམ་བློ་གཏོང་རོགས། ་་་་ "ཞེས་བཤད་སོང༌།  སྐད་ཆ་འདིའི་སྟེང་ནས་ང་རང་ལ་ཚོར་སྣང་ཆེན་པོ་ཞིག་བྱུང་ཞིང༌། བུ་གུ་འདི་འདྲ་ཞིག་གིས་པ་ལགས་སུ་ཡར་སློབ་གསོ་རྒྱག་གི་ཡོད་དུས། ང་རང་གིས་ཁྱོད་རང་དངོས་ནས་ཡག་པོ་འདུག  ཁྱོད་རང་གིས་སློབ་སྦྱོང་བྱས་ན་ང་རང་གིས་རྒྱབ་སྐྱོར་ཡོད་ལབ་པ་ཡིན། འདི་ནི་ཁོ་གྲོངས་ཚར་བའི་རྗེས་སུ་བསྟོད་ར་འཐེན་པ་ཞིག་མིན། ད་རུང་བུ་གུ་གསུམ་ཡོད་ལ་ཁོ་ཚོ་ཚང་མ་ཕ་མ་གཅིག་གི་ཤ་ཁྲག་རེད། ཁོ་རང་ཚོའི་སྐོར་སློབ་གྲྭའི་ཡིག་ཆ་ཁག་ཏུ་གཟིགས་པ་ཡིན་ན། ཁོ་ཚོས་སློབ་སྦྱོང་མི་བྱེད་པ། ཁ་ལ་མི་ཉན་པ། སློབ་གྲྭ་ཕན་ཚུན་དཀྲུགས་བཞག་པ། ཉལ་ཐ་ཆང་རག་འཐུང་བ་སོགས་རྩ་བ་ཉིད་ནས་མེད། ཁྱོད་ཚོ་གསར་འགོད་པས་ཀོ་ལི་སྒར་གཞི་ཆགས་ཀྱི་ཉིན་སློབ་སློབ་སྤྱི་བརྒྱུད་ངའི་བུ་གུ་བཞིའི་ཡིག་ཆ་སྔོགས་ནས་གཟིགས་བསམ་ན་གཟིགས་ཆོག་གི་ཡོད་ལ། ང་རང་དཔང་པོ་བྱས་ཆོག ངས་བུ་གུ་ཁོང་ལ་ཁྱོད་ལ་སློབ་སྦྱོང་ཐོག་ཏུ་ངས་ལམ་སྟོན་བྱེད་ཤེས་ཀྱི་མེད། པ་ལགས་སུ་སློབ་སྦྱོང་མེད། ལམ་སྟོན་དགེ་རྒན་གྱིས་ལབ་ཀྱི་རེད། ༧རྒྱལ་བ་རིན་པོ་ཆེས་ཡིས། "སློབ་སྦྱོང་ག་ཚོད་ཡོད་པ་གཅིག་པུས་ཕན་གྱི་མ་རེད། ཡ་རབས་བཟང་སྤྱོད་དང་འབྲེལ་བ་ཡིན་ན་མི་ཚད་དང་ལྡན་པ་ཞིག་ཡིན་པ། "གསུང་གིན་འདུག་ཅེས་ལབ་དུས།  བུ་གུས་ད་ཡག་པོ་བྱུང་སོང༌། པ་ལགས་ཀྱི་བསམ་ཚུལ་དེ་ཡག་པོ་བྱུང་སོང༌། ཡིན་ནའང༌། མི་ཟེར་བ་ནི་མི་རྟག་པ་རེད་དཱ། རྒྱུ་དཔལ་འབྱོར་གྱི་ཕྱོགས་སུ་ཞེ་དྲག་རྒྱུགས་རྒྱུ་ཡོད་པ་མ་རེད། རྒྱུ་དཔལ་འབྱོར་གྱིས་ཕན་གྱི་མ་རེད། བོད་རང་བཙན་ཤོར་དུས་སུ་རྒྱུ་དཔལ་འབྱོར་མང་པོ་ཡོད་ས་རེད་མོད། ཕན་ཐོག་མི་འདུག་གཱ

 གཙོ་བོ་ནི་སློབ་སྦྱོང་དགོས་ཀྱི་འདུག་ལ་སེམས་ཤུགས་ཀྱང་དགོས་ཀྱི་འདུག ཁོ་རང་གི་ཁ་ཆེམས་སུ་ཡང༌། བོད་ཀྱི་སྐད་ཡིག་སྐོར་བྲིས་འདུག་ལ། ཁོང་གི་སྙན་རྩོམ་ནང་དུ་ཡང་བོད་ཀྱི་རིག་གཞུང་འདི་བོད་པས་བདག་པོ་མ་རྒྱབ་ན་སུས་རྒྱགས། བོད་སྐད་ཡིག་དེ་བོད་པས་བདག་པོ་མ་རྒྱབ་ན་སུས་རྒྱགས། བོད་ཀྱི་འཐབ་རྩོད་དེ་བོད་པས་མ་རྩོད་ན་སུས་རྩོད། བྱམས་བརྩེ་ཡི་ཕ་མའི་དྲིན་ལན་བུ་ཕྲུག་གིས་མ་འཇལ་ན་སུས་འཇལ། དེ་འདྲའི་ཁ་ཆེམས་བཞག་པར་ང་རང་ལ་སློབ་སྦྱོང་མེད་ན་ཡང་བུ་གུ་འདི་འདྲ་ཞིག་འདུག་བསམ་ནས་ཚོར་བ་ཆེན་པོ་སྐྱེས་སོང༌།

ཁོང་གིས་མཐའ་མའི་ཚིག་ནི་ཁོང་གི་ཨ་མའི་ལབ་ཡ་དེ་ལྟར་རེད། ང་རང་གཅིག་བྱས་ན་རྗེས་མར་གུང་གསེང་ལ་སླེབས་མི་ཡོང་ལབ་སོང༌། ངས་ཁྱོད་རང་གུང་གསེང་ལ་མི་ཡོང་ནས་གང་ལ་འགྲོ་ཡི་ཡིན་ལབ་དུས།  མི་རྟག་འཆི་བ་ཟེར་བ་ཧ་གོ་ཡི་མ་རེད། པ་ལགས་ཁྱོད་རང་གི་སྔོན་ལ་ང་རང་འགྲོ་སྲིད་པ་རེད། ཅེས་ལབ་སོང༌། ཁྱོད་རང་ལ་ཚོར་བ་དེ་འདྲ་ག་འདྲའི་བྱུང་སོང་ལབ་དུས། ང་རང་སྔོན་མ་ཡིན་ན། ཕ་ལགས་ཀྱིས་ཝར་ན་སློབ་གྲྭར་འགྲོ་དགོས་རེད། བོད་ཡིག་སྦྱང་དགོས་རེད་ལབ་དུས་འདོད་པ་ཞེ་དྲག་མེད། ང་རང་གི་སློབ་གྲོགས་རྣམས་ཀྱིས་དེང་སང་དབྱིན་ཇི་སྦྱང་དགོས་པ་རེད། དབྱིན་ཇི་སྦྱངས་ཏེ་ཕྱི་རྒྱལ་འགྲོ་དགོས་པ་རེད། བོད་ཡིག་གིས་ལས་ཀ་རག་གི་མ་རེད་ཟེར་མཁན་མང་པོ་འདུག་པས་ང་རང་ལ་དབྱིན་ཇི་སྦྱོང་འདོད་ཀྱི་ཚོར་བ་ཤུགས་ཆེན་པོ་ཡོད།

རྗེས་སུ་ཨ་ཞང་དང་པ་ལགས་གཉིས་ཀྱི་བཀའ་དྲིན་ལ་ཝར་ན་རུ་བསྐྱལ་དུས། ང་རང་གིས་སེམས་ནང་དུ་ཞི་བདེ་ཞིག་དང་བོད་མི་རིགས་ཀྱི་ལ་རྒྱ་གང་ལ་གང་འཚམས་ཤྀག་མགོ་འཚོས་སོང༌། ཝར་ན་མཐོ་སློབ་དུ་གསར་འབྱོར་མི་ཁ་ཤས་ཤིག་ཡོད་ལ། ཁོ་ཚོས་བོད་ནང་དུ་དཀའ་ངལ་མྱང་བའི་ལོ་རྒྱུས་བཤད་པར་ཉན་ནས་ལན་མང་མིག་ནས་མིག་ཆུ་བཏོན་གྱི་འདུག་ཅེས་ལབ་སོང༌། ང་རང་གིས་རྒྱ་ཆེ་ས་ནས་བསམ་བློ་བཏང་ན། ཁོས་མི་ལུས་བླངས་པར་གོ་ཞིག་མཆོད་འདུག་ག་བསམ་པའི་ཚོར་བ་ཞིག་བྱུང་སོང༌།

ངས་མ་འོངས་པར་བོད་མི་རིགས་རེད། གཞོན་སྐྱེས་ཚོར་འབོད་སྐུལ་ཞུ་རྒྱུ་ནི། བོད་ཀྱི་རྩ་དོན་ཆེད་དུ་ང་ཚོར་འགན་བརྒྱ་ཆའི་བརྒྱ་ཡོད་པ་རེད། ང་ཚོ་སང་ཉིན་ཤི་ནི་ཞིག་ཡིན་ནའང་འགན་ཡོད་པ་རེད་ལ། བུ་གུ་དེ་རིང་སྐྱེས་པ་ལའང་འགན་ཡོད་ད་ཡོད། ལྷག་པར་དུ་བོད་ཀྱི་གཞོན་སྐྱེས་ཚོས་མ་འོངས་པར་སྲོག་འཕྲོ་བརླགས་སུ་མ་གཏོང་རོགས། བོད་སྤྱི་པའི་རྩ་དོན་རྩོད་དགོས་པ་ཞིག་ལ་རང་ལུས་མེར་བསྲེགས་མ་གཏོང་རོགས། སློབ་སྦྱོང་བྱས་ཏེ་འཛམ་གླིང་དུ་མཐོང་རྒྱ་ཆེ་རུ་བཏང༌། བོད་ཀྱི་དོན་འཐབ་རྩོད་བྱེད་རོགས། ང་ཚོར་བོད་མི་ས་ཡ་དྲུག་ལྷག་མ་གཏོགས་མེད་དུས། ད་ལྟ་མི་༡༥༠ལྷག་ཅིག་གིས་རང་ལུས་མེར་བསྲེགས་བཏང་ན་བློ་ཕམ་ཆེན་པོ་རེད། དེ་ལས་བོད་མི་གཅིག་གིས་སློབ་སྦྱོང་བྱས་ཏེ་མི་བརྒྱ་ལ་ཕར་སློབ་སྦྱོང་སྤྲད་ཐུབ་པ་དགོས་ཤིང༌། སློབ་སྦྱོང་མེད་ན་བོད་སྤྱི་བའི་དོན་རྩོད་ཐུབ་མ་རེད་བསམ་གྱི་འདུག ང་ཚོས་སློབ་སྦྱོང་བྱས་ཏེ་ང་ཚོས་རྒྱ་ནག་ལ་ཁ་གཏད་བཅག་དགོས་ཤིང༌། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་ནི་གྲི་མེ་མདའ་གོ་མཚོན་མ་རེད། ང་ཚོས་ཞི་བའི་ཐོག་ནས་སློབ་སྦྱོང་བྱས་ཏེ་འཛམ་གླིང་གི་གནས་ཚུལ་ཤེས་ཏེ་རྒྱ་ནག་ལ་ཁ་གཏད་བཅག བོད་ཀྱི་བདེན་དོན་ཁུང་བསྐྱེད་བྱེད་དགོས་པ་རེད་ཅེས་བོད་ཀྱི་གཞོན་སྐྱེས་ཚོར་འབོད་སྐུལ་ཞུས་པ་ཡིན། "ཞེས་རྒྱལ་གཅེས་པ་ཁོང་གི་ཨ་ཕ་ལགས་ཀྱིས་འགྲེལ་བརྗོད་གནང་སོང་བ་བཅས།།

གསར་འགོད་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།