དགོངས་ཚུལ།

བཙན་བྱོལ་ནས་དུང་དཀར་རིན་པོ་ཆེ་ཡི་རྗེས་དྲན་སྐོང་ཚོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༢༤ཉིན་སྤེལ། བཙན་བྱོལ་ནང་གི་མཁས་དབང་ཁ་ཤས་ཀྱིས་དུང་དཀར་རིན་པོ་ཆེ་སྐུ་ཞི་བར་གཤེགས་སྟེ་ལོ་༢༠འཁོར་བའི་རྗེས་དྲན་བསྟུན་ཁོང་གི་མཛད་རྗེས་དང་འབྲེལ་མཇལ་བཅར་བྱས་མྱོང་བའི་སྐོར་ལ་གཏམ་གླེང་གཟབ་རྒྱས་བྱས་པ་ཞིག

འདི་ཟླའི་ཕྱི་ཚེས་༢༢ཉིན། བཞུགས་སྒར་ངྷ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་སཱ་ར་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཚོགས་ཁང་དུ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་སྐུ་ཞི་བར་གཤེགས་ནས་མི་ལོ་ཧྲིལ་པོ་ ༢༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་རིམ་ཞིག་དུང་དཀར་རྗེས་དྲན་ཚོགས་ཆུང་ནས་གོ་སྒྲིག་གནང་སོང་།

Tibet-Pro-2017དེ་ཡང་། ལོ་རྒྱུས་སློབ་དཔོན་ཆེན་མོ་མཁས་དབང་བྱམས་པ་བསམ་གཏན་ལགས། མཁས་དབང་བཀྲ་ཤིས་ཚེ་རིང་ལགས། ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས། ཨཙརྱ་ཀརྨ་སྨོན་ལམ་ལགས། ན་ག་སངས་རྒྱས་བསྟན་དར་ལགས་བཅས་མཁས་དབང་རྣམས་ཀྱིས་དབུས། དེ་གའི་སློབ་སྤྱི་དང་རིགས་སློབ་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན། དུང་དཀར་རྗེས་དྲན་ཚོགས་ཆུང་གི་གོ་སྒྲིག་པ། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་བཅས་མི་གྲངས་༡༠༠ལྷག་ཅིག་མཛད་སྒོར་མཉམ་ཞུགས་གནང་ཞིང་། སྐབས་དེར་དམིགས་བསལ་སྐུ་མགྲོན་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་དབུ་འཛིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ནས་དུང་དཀར་རྗེས་དྲན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས་ ཕྱག་དེབ་གཉིས་དབུ་འབྱེད་རྗེས། སྐུ་མགྲོན་གཙོ་བོ་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་མཁས་དབང་བྱམས་པ་བསམ་གཏན་ལགས་ནས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་གསུང་འབུམ་པོད་ཏ་པ། དབུ་འབྱེད་གནང་སོང་།

Tibet-Thupla-2017དེ་རྗེས་དུང་དཀར་རྗེས་དྲན་ཚོགས་ཆུང་གི་འཐུས་མི་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བགྲེས་པ་གཙང་ཕྲུག་སྟོབས་ལགས་ཀྱིས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་མཛད་རྣམ་དང་འབྲེལ་ནས་དུང་དཀར་རྗེས་དྲན་གོ་སྒྲིག་ཞུ་དགོས་པའི་དགོས་དམིགས་སྐོར་ནས་བརྗོད་པར། "ཕྱི་ལོ་༡༩༢༧ལ་སྐུ་འཁྲུངས་ཤིང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་དུང་དཀར་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས། སེ་ར་རུ་མདོ་བསྔགས་གཉིས་ཀྱི་ཐོག་མཁས་པའི་ཡངས་རྩེར་སོན་སྟེ། དགེ་བཤེས་ལྷ་རམས་པ་དང་སྔག་རམས་པ་ཐོན་པ་མ་ཟད། ༧རྒྱ་དབང་སྐུ་ཕྲེང་བཅུ་བཞི་པའི་དགེ་བཤེས་དམ་བཅའ་འབུལ་དུས་སུ་འདུལ་བའི་སྐོར་ལ་རྩོད་རྒྱུགས་བཞེས་གནང་བ་རེད། བོད་ལ་དུས་འགྱུར་བྱུང་བའི་རྗེས་ནས་དུང་དཀར་རིན་པོ་ཆེ་གཙོས་པའི་མཁས་དབང་མང་པོ་ཞིག་གིས་བོད་ཀྱི་རིག་གནས་རྒྱུད་འཛིན་དང་ཉར་ཚགས་བྱས་ཡོད་ཅིང་། ཁོང་གིས་དེབ་དག་ནི་སློབ་ཁྲིད་ཀྱི་གྲ་སྒྲིག་ཁྲོད་ནས་བྲིས་པ་ཞིག་རེད་མ་གཏོགས་ཆེད་ལས་ཀྱིས་ཞིབ་འཇུག་བྱེད་པའི་དགོངས་གཞི་མི་འདུག་ལ། སྐུ་ཚེ་གང་བོར་བོད་རིག་པ་བ་གསོ་སྐྱོང་བྱེད་པར་ཕྱག་ལས་གནང་ཡོད་པ་དང་། ཁོང་གིས་བོད་ཕྱི་ལོག་གི་བོད་པ་རྣམས་ཐུགས་སུ་བཞག་སྟེ་མཁས་པ་རྣམས་སུ་འབྲེལ་བ་གནང་ཞིང་། དཔེར་ན། ལོ་རབས་བརྒྱད་བཅུའི་ནང་། ༧གོང་ས་སྐུ་ཕྲེང་བཞི་བ་དང་མཉམ་དུ་ཕན་ཚུན་ཕྱག་བྲིས་གནང་ཡོད་འདུག"ཅེས་འགྲེལ་བརྗོད་གནང་སོང་།

Tibet-Nagsangyi-2017བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་དང་། དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ནས་དུང་དཀར་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་བར། "མཁས་དབང་ཁོང་གི་མཁས་བཙན་བཟང་གསུམ་གྱིས་རྒྱ་དམར་གཞུང་གི་གནོན་ཤུགས་ཆེན་པོའི་འོག བོད་མི་རིགས་ཀྱི་རིག་གཞུང་རྒྱུད་འཛིན་དར་སྤེལ་བྱེད་ཐུབ་པ་ནི་ཧ་ཅང་རླབས་ཆེན་ཞིག་ཏུ་མཐོང་གི་ཡོད་ལ། ང་རང་ནི་དུང་དཀར་རིན་པོ་ཆེར་ཐེངས་གཉིས་མཇལ་མྱོང་། གཅིག ༡༩༩༢ལོར། ང་རང་ལས་དང་པོ་བ་ཡིན་དུས་མཇལ་བའི་གོ་སྐབས་གཅིག་པུ་ཞིག་རག་མྱོང་། ༡༩༩༦ལོར། ཨོ་སི་ཁྲོ་ལི་ཡའི་ཚོགས་འདུ་ཞིག་ཐོག་ཁོང་ལ་མཇལ་མྱོང་། ངས་སྐབས་དེར་བརྡ་སྤྲོད་སྐོར་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པས་ན། ཁོང་ལ་བཀའ་འདྲི་ཁ་ཤས་ཞུས་པའི་བཀའ་ལན་གྱིས་ཕན་ཐོག་ཆེན་པོ་བྱུང་སོང་། སྐབས་དེར་རིན་པོ་ཆེ་ཁོང་ལ་ཞབས་ཞུ་ཞུ་མཁན་གྱི་ཕོ་གསར་ཞིག་འདུག་ལ། ཞབས་འབྲངས་པ་དེ་ནི་པར་པ་ཀྱང་རེད། དེ་ནི་རིན་པོ་ཆེ་ལ་སྲོ་ལྟ་བྱེད་མཁན་ཞིག་ཡིན་པའི་དོག་པ་ཡོད། "ཅེས་མཉམ་མྱོང་སྐོར་ནས་བཤད་སོང་།

Tibet-Karma-Monlem-2017ཤེས་རིག་ལྷན་ཁང་གི་རྩོམ་སྒྲིག་ཚན་པའི་འགན་འཛིན་ཟུར་པ་ཨཙརྱ་ཀརྨ་སྨོན་ལམ་ལགས་ནས་དུང་དཀར་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་པར། "༡༩༨༥ལོར་སྟེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཞི་བའི་སྐབས་སུ།  འཇར་མན་རུ་འཚོགས་པའི་བོད་རིག་པའི་ཚོགས་འདུའི་ཐོག་མཁས་དབང་ཁོང་ཉིད་ཕེབས་ཤིང་། ཁོང་ནི་བོད་ནས་བོད་རིག་པའི་ཚོགས་འདུར་ཕེབས་མཁན་ཐོག་དང་པོ་ཡིན་ཞིང་། སྐབས་དེར་ཁོང་གིས་ལས་སྡོམས་ཀྱི་ཚུད་དུ་བྲིས་གནང་བ་དེ་ནི། བོད་ནང་ལོག་ནས་ཕྱི་ལོག་ཏུ་འདི་དང་འདི་དྲ་བྱེད་ཀྱིིན་འདུག་ཅེས་པའི་ཚིག་གི་བརྗོད་ཐབས་མཁས་པོའི་ཐོག་ཏུ་བྲིས་པ་རེད་བསམ་གྱི་ཡོད་པས་ན། འདི་སྒྲོག་སྦྱངས་བྱེད་ཀྱི་ཡིན།"ཞེས་ཀློག་ཞོར་དུ་འགྲེལ་བརྗོད་ཡང་གནང་སོང་།

Tibet-Soam-Gyaltsen-2017ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་དུང་དཀར་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་པར། "ལོ་བཅུའི་རྒྱ་ནག་གི་རིག་གནས་གསར་རྗེ་ནང་དུ་རྩ་མེད་དུ་བཏང་བའི་བོད་ཀྱི་རིག་གནས་དེ་ནི་སླར་གསོ་བྱེད་མཁན་གྱི་གྲས་གཙོ་བོ་ཞིག་ཡིན་པ་དང་། རིན་པོ་ཆེ་ཡི་ལྕགས་རྩོམ་༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།༽གྱི་དེབ་འདི་ལ་སྤྱི་ཚོགས་ནང་དུ་གླེང་སློང་འདྲ་མིན་བྱུང་ཞིང་། ང་ནི་དེའི་སྐབས་སུ་འཚར་ལོངས་བྱུང་བཞིན་པའི་སྐབས་ཤིག་ཡིན་པ་མ་ཟད། ངས་བོད་ནང་དུ་གསུང་རྩོམ་འདིའི་སྐོར་ཀློག་མྱོང་ཡོད་མཁན་ཞིག་ཡིན། ང་བཙན་བྱོལ་ལ་ཐོན་དུས་སུ་ད་རུང་བཙན་བྱོལ་ནང་དུ་གསུང་རྩོམ་འདི་མ་ཀློག་ནས་འདྲ་མིན་བཤད་ཀྱི་ཡོད་པའི་སྐབས་ཤིག་རེད།

ཉེ་བའི་ལོ་ཁ་ཤས་ནང་སློབ་ཚན་དང་ལས་དོན་ལ་འབྲེལ་བ་ཆགས་ཏེ་ཡང་བསྐྱར་གནས་ཚུལ་མང་པོ་ཞིག་འཚོལ་ཞིབ་བྱས་པ་ཡིན། བརྩམས་ཆོས་འདི་ཡི་རྩ་བའི་སྒྲོམ་གཞི་ཡག་པོ་བྱུང་འདུག་མོད། དངོས་སུ་སྒྲོམ་གཞི་རེ་རའི་སྒང་ལ་བབས་ན་བརྩམས་ཆོས་སུ་དཀའ་ངལ་ཡོད་པ་ཞིག་རེད། དེ་བས་དེབ་ཆ་ཚང་བ་ནི་དུང་དཀར་རིན་པོ་ཆེའི་གསུང་མ་རེད་ཅེས་བཤད་འདོད་བྱུང་། ༡ བསྟན་བཅོས་འདི་ལ་ནང་འགལ་གྱི་སྐྱོན་འདུག ༢ བསྟན་བཅོས་འདིའི་ནང་དུ་རྩོམ་པ་པོའི་གཤིས་ཀ་དང་སེམས་ཁམས་ཉུང་ཉུང་རེད། ༣ དེབ་ཀྱི་གླེང་བརྗོད་ནང་དུ་ངའི་འདོད་པ་འཁེངས་མ་སོང་ལ། གཞན་གྱི་འདོད་པ་ཇི་ལྟར་འཁེངས་དགོས་རེད། ༤ གླེང་བརྗོད་ནང་དུ་ཐེངས་བཞིར་བཟོ་བཅོས་བྱས་ཏེ་དཔར་བསྐྲུན་བྱས་པ་རེད། ངས་འདི་འདྲའི་གནད་དོན་བཞིའི་སྒང་ནས་འདོད་ཀྱི་མེད། ཡིན་ནའང་། ས་བཅད་ཀྱི་བང་རིམ་པ་ནི་རིན་པོ་ཆེའི་དགོངས་པ་ཡིན་པ་འདྲ།” ཅེས་འགྲེལ་བརྗོད་གནང་སོང་།

Tibet-Tashi-tsering-2017ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དུང་དཀར་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་བར། “རྒྱ་ནག་དམར་ཤོག་གིས་སྲིད་ཇུས་གུ་ཡངས་བཏང་རྗེས་རིན་པོ་ཆེ་ཡིས་དགོངས་པ་བཞེས་ཏེ། ༼བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ།༽བརྩམས་པའི་དེབ་འདི་ནི། བཙན་བྱོལ་བོད་ཀྱི་དཔེ་མཛོད་ཁང་གིས་བཀའ་ཤག་ལ་མཆོག་མཆན་ཞུས་ཏེ་པར་བཏབ་དུས། ང་ཚོར་བླ་ཆེན་གྱི་བཀའ་བཀྱོན་མང་པོ་རག་མྱོང་། ཤེས་མཁན་དང་མི་ཤེས་མཁན་ཚང་མས་བཀའ་བཀྱོན་རག་པ་མ་ཟད། མི་ཤེས་མཁན་རྙོག་དྲ་ཚ་བོ་དེ་འདྲས་ང་ཚོར་མཆུ་ཞགས་འཕངས་ཏེ། བཀའ་འགྱུར་བསྟན་འགྱུར་པར་རྒྱབ་ན་འགྲིག་གི་འདུག་ག་སོགས་ཀྱི་དཀའ་ལས་སུ་ཕྲད་མྱོང་ཡོད། ”ཅེས་དང་འབྲེལ་དུང་དཀར་རིན་པོ་ཆེ་མཆོག་གིས་ཁོང་ལ་ཕྱག་ཡིག་སྐུར་གནང་བའི་སྐོར་སྒྲོག་སྦྱང་གནང་བ་དང་། བོད་རིག་པ་ཞིབ་འཇུག་ཚོགས་འདུའི་ཐོག་མཇལ་འཕྲད་གནང་བ་སོགས་ཀྱི་སྐོར་བརྗོད་སོང་།

Tinet-Jampasamdan-2017སྐུ་མགྲོན་གཙོ་བོ་ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་ལོ་རྒྱུས་སློབ་དཔོན་ཆེན་མོ་མཁས་དབང་བྱམས་པ་བསམ་གཏན་ལགས་ཀྱིས་དུང་དཀར་རྗེས་དྲན་དང་འབྲེལ་བའི་གསུང་བཤད་གནང་བར། “རིན་པོ་ཆེ་ཡི་གསུང་རྩོམ་གལ་ཆེ་ཤོས་ནི་ཚིག་མཛོད་རེད། ཁོང་གི་སྐུ་ཚེ་མི་ལོ་༤༠ལག་བཏང་འདུག རིན་པོ་ཆེ་ཡིས་གླེང་གཞིའི་ནང་དུ། ཆོས་འབྱུང་མཁས་པའི་དགའ་སྟོན། རྦ་བཞེད། དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སོགས་ལོ་རྒྱུས་ཀྱི་དེབ་གྲངས་ཁག་༡༣ནང་གལ་ཆེའི་མིང་ཚིག་བསྡུས་པ། དུང་དཀར་ཚིག་མཛོད་ཀྱི་མིང་དེ་ནི་རིན་པོ་ཆེ་ཡི་དགོངས་གཞི་མ་རེད། ཁོང་གིས་བཏགས་པའི་ཁོག་མིང་ནི། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་སློབ་འཁྲིད་བྱེད་སྐབས་སུ། ༼བོད་ལྗོངས་ལོ་རྒྱུས་ཡིག་ཆའི་ཐ་སྙད་མཁོ་བསྡུས་མ་ཕྱི་བློ་གསར་འཇུག་སྒོ༽སྣུམ་དཔར་དེབ་བསྟོད་སྨད་གཉིས་ཡོད་པ། འདི་ནི་དེབ་ཕྱོགས་བསྒྲིགས་བྱེད་མཁན་རྣམས་ཀྱིས་རྩིས་མེད་བཏང་འདུག དེ་བས་ནང་དོན་ལ་དཔག་པའི་མིང་ཞིག་བཏགས་དགོས་པ་རེད་མོད་དེ་མི་འདུག ད་ལྟ་གོང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྒྲོག་སྦྱངས་བྱས་པའི་ཡི་གེ་ནང་དུ་གསལ་བོ་བཀོད་འདུག བོད་ཀྱི་ལོ་རྒྱུས་ཚིག་མཛོད་ཆེན་མོ། ཞེས་བཀོད་པ་དེ་རེད། ”ཅེས་འགྲེལ་བརྗོད་གནང་སོང་།

Tibet-TubDen-2017མཐར་དུང་དཀར་རྗེས་དྲན་ཚོགས་ཆུང་གི་འཐུས་མི་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་སྐུ་ཞབས་ཐུབ་བསྟན་ཡར་འཕེལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བགྲོ་གླེང་དངོས་གཞི་མཇུག་སྒྲིལ་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།