རང་ལོ་༢༠ཡིན་པའི་བསྟན་འཛིན་ཆོས་དབྱིངས་ཀྱིས་མེར་བསྲེགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༡༧ཉིན་སྤེལ། རྒྱལ་གཅེས་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བཙན་བྱོལ་ནང་གི་བོད་ཀྱི་གཙུག་ལག་སློབ་གྲྭ་སྐད་གྲགས་ཅན་ཝར་ཎ་རུ་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་ཞིང་། དོན་རྐྱེན་དེ་ནི་རྒྱ་ནག་གི་ཞི་བདེ་དང་རང་དབང་འཐབ་རྩོད་པ་ལིའོ་ཞོ་པོ་སྨན་ཁང་དུ་བཀྲོངས་པའི་ཉིན་གཉིས་པ་དེར་འཁེལ་འདུག

Tenzin-Choeying-Tibet-TYCདེ་ཡང་འདི་ཟླའི་ཕྱི་ཚེས་༡༤ཉིན་གྱི་སྔ་དྲོར། ཝར་ཎའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་མ་གོང་མའི་འཛིན་རིམ་དང་པོའི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་བོད་ཀྱི་རྩ་དོན་དང་སྐད་ཡིག་གི་ཆེད་དུ་རང་ལུས་མེར་སྲེག་གནང་ཡོད་འདུག
ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་སུ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙུག་ལག་སློབ་གྲྭ་དེ་གར་དགེ་ལས་སློབ་ཕྲུག་རྣམས་སུ་བཀའ་སློབ་གནང་བཞིན་ཡོད་པས། དགེ་སློབ་མང་པོ་ཞིག་གིས་ཁོང་གིས་སྐུ་ལུས་མེར་བསྲེགས་གནང་བའི་སྐབས་ཀྱི་གནས་ཚུལ་དངོས་སུ་མཐོང་མི་འདུག་པ་དང་། སྐབས་དེར་སློབ་གྲྭའི་ཁོར་ཡུག་ལ་གད་དར་རྒྱགས་རྣམས་ཀྱིས་མཐོང་ནས་མེ་གསོད་ཡོ་ཆས་བེད་སྤྱོད་བཏང་སྟེ་མེ་གསད་ཐུབ་ཡོད་ཀྱང་། ཛ་དྲག་གིས་སྨན་ཁང་དུ་མྱུར་སྐྱོབས་བྱེད་དུས་སུ་སྨན་ཁང་གི་ངོས་ནས་ཁོང་གི་སྐུ་ལུས་བརྒྱ་ཆའི་༦༦འཚིགས་ཡོད་པའི་གནས་ཚུལ་ཐོན་སོང་། ཉིན་རྗེས་མར་སྨན་ཁང་གིས་ཐེངས་གཉིས་པའི་སྨན་དཔྱད་འབྲས་བུར་བརྒྱ་ཆའི་༤༠ལྷག་མ་གཏོགས་འཚིགས་མེད་པའི་གནས་ཚུལ་འདུག

ཡིན་ནའང་། རྒྱལ་གཅེས་དཔའ་བོ་ཁོང་གི་ངོ་གདོང་ལ་མེ་སྐྱོན་འཕོགས་མེད་པ་དང་། སྨན་ཁང་དུ་ཡོད་པའི་བརྙན་ཐུང་ཞིག་ལས་མཐོང་བ་ལྟར་ན་སྐད་ཆ་བཤད་པའི་སྒྲ་ཧ་ཅང་གིས་གསལ་བོ་འདུག་མོད། ཁོང་གིས་མེར་བསྲེགས་གནང་བའི་ཡུལ་དངོས་ཀྱི་རྣམ་པ་བརྙན་མིག་ལ་ཚུད་པའི་གནས་ཚུལ་ལྟར་ན། མེ་ཤུགས་ཆེན་པོ་འབར་གྱིན་པའི་རྣམ་པ་མཐོང་གི་འདུག ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་ཨུཏྲཔྲདེཤ་ནང་རྟེན་གཞི་བྱས་པའི་ Heritage སྨན་ཁང་དུ་སྨན་བཅོས་གནང་བཞིན་ཡོད་འདུག

དེ་མིན། རྒྱལ་གཅེས་དཔའ་བོ་ཁོང་གིས་དབྱིན་ཡིག་ནང་ནུབཛ་(Nubz) མིང་ཅན་ལ་(ནོར་བུ་འམ་དངོས་མིང་ལ་དཀོན་མཆོག་མཐར་ཕྱིན།)ཤོག་ངོས་གཅིག་ཅན་གྱི་ཁ་ཆེམས་ཡི་གེ་ཞིག་ཀྱང་བྲིས་པ
འི་ནང་། "ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་ཡིན་པ་དེ་ཡང་ལབ་རྒྱུ་མ་བྱུང་ཅེས་དང་། ཁྱེད་རང་མ་ངུ་རོགས། དེ་བཞིན་ངའི་ཕ་མ་གཉིས་ལ་ཡང་མ་ངུ་རོགས་ཞེས་ལབ་རོགས། གལ་ཏེ་ཁོང་ཚོ་ངུས་ན་ངའི་རྣམ་ཤེས་ལ་དཀའ་ངལ་ཡོང་གི་རེད།" ཅེས་དང་།

ད་དུང་ཁ་ཆེམས་ནང་དུ། "ངའི་གཟུགས་པོ་འདི་ནི་བོད་ཀྱི་ཆེད་ཡིན། བོད་པའི་གཞོན་སྐྱེས་ཚོས་མིག་ཕྱེ་ནས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བགྱིས།" ཅེས་འབོད་སྐུལ་གནང་འདུག

ཁོང་གི་ཁ་ཆེམས་ཡི་གེ་ཆ་ཚང་བ་ནི།  ཧེ།  ངས་ཁྱེད་རང་ངའི་གྲོགས་པོ་ཡག་ཤོས་དེ་ཡིན་པ་ལབ་མེད།  སྐུ་མཁྱེན་མ་ངུ་རོགས།  ངའི་ཕ་མ་གཉིས་ལ་མ་བཤུམ་རོགས་ཞེས་ཞུ་རོགས།  གལ་ཏེ་ཁོང་རྣམས་ཀྱིས་བཤུམས་ན་ངའི་རྣམ་ཤེས་སྡུག་སྔལ་ལ་ལྷུངས་ངེས།  ཉལ་ཁྲིའི་གདན་ཁེབས་དེ་ཞག་བཞི་དགུ་པར་བཞག་རོགས།   ངའི་ལུས་བོད་དང་བོད་མི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་སྦྱང་དགོས་པ་བློ་མིག་འབྱེད་ཆེད་ཡིན།  ངས་ཁྱེད་ཀྱི་འཛིན་གྲོགས་རྣམས་དྲན།  སྐྱིད་པོ་བྱས་ནས་བཞུགས།  ང་ཚོ་སྐྱེ་བ་ཕྱི་མར་མཇལ་ཡོང།   ངའི་པ་ལགས་ཀྱི་ཞལ་པར་ཨང་གྲངས་ ༩༥༣༨༠༢༢༧༨༤  འདི་རེད། ངའི་རྣ་ལྕོག་མཉེན་ཆས་དེ་ཁྱེད་རང་གི་ཆེད་ཡིན།  དགོངས་དག་ངས་ཁྱེད་ཀྱི་པཱ་ལག་འདས་པོར་ཡང་ལྭ་ཞིག་ཀྱང་འབུལ་ཐུབ་མ་སོང།  ཁོང་གི་ཞག་བཞི་དགུ་ཟླ་བ་བདུན་པའི་ཚེས་ཉེར་གསུམ་ཉེར་བཞི་ཙམ་ལ་ཡིན་པ་ཡོད།   སྐུ་མཁྱེན།  མ་ངུ་རོགས།  ཚང་མར་ངའི་ལུས་བོད་ཀྱི་ཆེད་ལབ་རོགས། བྱང་ཆུབ་ཀྱིས་ང་ལ་རོགས་པ་གང་མང་གནང་བར་ཐུགས་རྗེ་ཆེ་ཞུ།  ཁྱེད་རྣམས་དྲན།  ཐུག་བཅག་གནང་།  འཛིན་གྲོགས་བསྟན་འཛིན་ཆོས་དབྱིངས།  ངས་རང་ཉིད་བོད་ཀྱི་ཆེད་མེར་བསྲེགས་པ་ཡིན།  ཚོང་གི་ཆེད་མིན།  ང་ལ་སྨོན་ལམ་རྒྱག་རོགས། སྐྱེ་བ་ཕྱི་མ་ཕོ་ལུས་ཐོབ་ཆེད་ངས་རང་གི་ཆུ་ཚོད་མཚོན་མདོག་ནག་པོ་དེ་འཁྱེར་ཡོད།ཅེས་འཁོད་ཡོད།ཞལ་ཆེམས་ཀྱི་ཡི་གེ་དེ་ནི་མ་ཡིག་དབྱིན་ཡིག་ཐོག་ནས་ཕབ་སྒྱུར་བྱས་པའི་རྒྱུད་ལམ་ནང་འཁོད་དེ་རང་གསོར་བཞག་པ་ཡིན།

གཞན། རྒྱལ་གཅེས་དཔའ་བོ་ཁོང་གི་མིང་ལ་བསྟན་འཛིན་ཆོས་དབྱིངས་དང་། ཝར་ཎའི་གཙུག་ལག་སློབ་གཉེར་ཁང་དུ་དབུ་མ་གོང་མའི་འཛིན་རིམ་དང་པོ་ཡིན་པ། ད་ལྟ་རང་ལོ་༢༠དང་། རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་ནང་གནས་སྡོད་ཕ་མཁས་གྲུབ་ལགས་དང་མ་བཀྲིས་དབྱངས་འཛོམས་ལགས་གཉིས་ཀྱི་བུ་ཡིན་ཞིང་། ཝ་ར་ན་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་། རྒྱུན་དུ་ནས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་ཀྱི་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།