མ་འོངས་པའི་དུས་དེ་ད་ལྟ་བར་ལྟོས་ནས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༡༠ཉིན་སྤེལ། མ་འོངས་པའི་དུས་དེ་ད་ལྟ་བར་ལྟོས་ནས་ཡོད།  དེར་བརྟེན་ཁྱེད་ཚོ་གཞོན་སྐྱེས་སློབ་ཕྲུག་ཚོས་མ་འོངས་པའི་དུས་ཚོད་གང་འདྲ་ཡོང་མིན་གཙོ་བོ་ཁྱེད་ཚོར་རག་ལུས་ཡོད། ཅེས་བཀའ་སྩལ་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༠༧སྟེ་རྒྱལ་བའི་འཁྲུངས་སྐར་ཉིན། ༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༢བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་ནི་སྔ་གཞུགས་ཀུན་དུ། བོད་ཕྱི་ནང་གཉིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གང་མང་ནས་སྲུང་བརྩི་གཟབ་རྒྱས་གནང་ཞིང་། མགོན་གང་ཉིད་མཆོག་གིས་ད་ལོའི་དགུང་གྲངས་༨༢བཞེས་པའི་རྟེན་འབྲེལ་གྱི་མཛད་སྒོ་ནི་ལ་དྭགས་རྒྱལ་ས་སླེ་རུ་བཀོད་སྒྲིག་བྱས་པའི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མཛད་སྒོར་ཕེབས་པའི་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བར་བླང་དོར་བཀའ་སློབ་སྩལ་བ།

རིན་པོ་ཆེ་མཆོག་གིས་"ཁྱེད་ཚོ་གཞོན་སྐྱེས་ཚོ་མཐོང་སྐབས་སེམས་ནང་སྤྲོ་སྣང་ཞིག་དང་དོན་ངོ་མའི་ཆ་ནས་དུས་ཚོད་མ་འགྱུར་བར་རྩ་བ་ནས་སྡོད་ཐབས་མེད།  དུས་ཚོད་རྟག་ཏུ་འགྲོ་རྒྱུ་རེད།  འདས་པའི་དུས་ཚོད་དེ་སྐྱར་ལོག་བྱེད་ཐབས་མེད།  འདས་པ་ལས་ང་ཚོས་བསླབ་བྱ་ལེན་རྒྱུ་ཞིག་མ་གཏོགས་དེར་འགྱུར་བཅོས་གཏོང་ཐབས་གང་ཡང་མེད།  འོན་ཀྱང་མ་འོངས་པ་དེ་འབྱུང་འགྱུར་རེད།  མ་འོངས་པའི་དུས་དེ་ད་ལྟ་བར་ལྟོས་ནས་ཡོད།  དེར་བརྟེན་ཁྱེད་ཚོ་གཞོན་སྐྱེས་སློབ་ཕྲུག་ཚོས་མ་འོངས་པའི་དུས་ཚོད་གང་འདྲ་ཡོང་མིན་གཙོ་བོ་ཁྱེད་ཚོར་རག་ལུས་ཡོད། རྒས་པོ་ཚོས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་དེ་ཙམ་བྱ་རྒྱུ་མེད།  ཁྱེད་ཚོ་གཞོན་སྐྱེས་ཚོ་ད་ལྟ་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད། མ་འོངས་པར་མིའི་རང་བཞིན་ལྷན་སྐྱེས་བསམ་པ་བཟང་པོ་ཞིག་དང་། ལྷན་སྐྱེས་ཀྱི་ཀླད་པ་དངོས་གནས་དྲང་གནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ཐུབ་རྒྱུ་ཡོད་པ་དེ་ཟུང་དུ་འབྲེལ་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་ཐུབ་རྒྱུ་རེད། གང་ལྟར་རེ་བ་ཡོད། དེ་འདྲའི་རེ་བ་ཞིག་བསྒྲུབ་ཡག་ལ་ང་ཚོས་འབད་བརྩོན་བྱ་དགོས། འཛམ་གླིང་ཤར་ནུབ་ལྷོ་བྱང་། ཆོས་ལུགས་དང་མི་རིགས།  སྐད་ཡིག་འདྲ་མིན་ཁྱད་པར་གང་ཡང་མེད་པར་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད།

དེར་བརྟེན་ཁྱེད་རང་སློབ་ཕྲུག་ཚོ་མ་འོངས་པའི་སོན་རྩ་གལ་ཆེ་ཤོས་ཆགས་ཡོད། དེས་མཚོན་འདི་གར་སེར་སྐྱ་ཕོ་མོ་མང་པོ་ཞིག་འདིར་འདུས་འདུག ཁྱེད་ཚོར་ཞུ་ཡག་ལ་དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ཐོག་ལ་ཁྱེད་ཚོ་ཚང་མ་དགའ་པོ་བྱས་ནས་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།  དེ་རིང་འདི་ཁྱེད་རང་ཚོ་ཡུལ་པའི་ཡུལ་གཞས། དེ་བཞིན་བོད་མི་སྐྱབས་བཅོལ་ལ་ཡོང་མཁན་ཚོས་གཞས་སྣ་འཁྲབ་ནས་བྱུང་སོང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གསུང་བཤད་གནང་མཁན་ཚང་མས་ངོས་ལ་འཚམས་འདྲི་གནང་བ་དང་ཆབས་གཅིག་བསྟོད་བསྔགས་ཆེན་པོ་གནང་བྱུང་། ངོས་རང་ངོས་ནས་བསམ་བློ་གཏོང་སྐབས་སྙན་ངག་གི་འུད། ཟེར་བ་ཞིག་ཡོད།  གཞི་རྩ་ཆུང་ཆུང་ཞིག་ཆེན་པོ་བཟོ་རྒྱུ་ཞིག་ཡོད། སྙན་ངག་གི་འུད་ལྟ་བུར་གོ་གྲབས་བྱེད་ཀྱི་འདུག  གང་ལྟར་ཡང་ཁྱེད་ཚོས་དངོས་གནས་དགའ་སེམས་འཁོལ་བའི་ངང་ནས་ངོས་ལ་འཚམས་འདྲི་དང་བསྟོད་བསྔགས་གནང་བ་རེད།  ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་པ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།