གཞས་པ་ནོར་བུ་བསམ་འཕེལ་གྱི་འོད་འཁོར་ཆེད་བསྒྲིགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༠༥ཉིན་སྤེལ། གཞས་པ་ནོར་བུ་བསམ་འཕེལ་ལགས་ཀྱི་སེར་ཆེན་མེ་ཏོག་ཅེས་པའི་འོད་འཁོར་ཆེད་བསྒྲིགས་འདིའི་ནང་དུ། གཞས་བརྒྱད་ཡོད་པ་དང་དེ་ནི་ཕྱི་ལོ་༢༠༠༦ནས་བཟུང་ལས་ཀའི་ཞོར་དུ་གྲ་སྒྲིག་བྱས་པ་ཞི་ཡིན་པར་བརྗོད་སོང་།

Tibet-album-2017དེ་རིང་ཉིན་རྒྱབ་ཚོུད་༤།༣༠ཐོག  ངྷ་ས་བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་ཟློས་གར་ཁང་གི་གཞས་པ་ནོར་བུ་བསམ་འཕེལ་ལགས་ཀྱི་ཆེད་བསྒྲིགས་འོད་འཁོར་༼སེར་ཆེན་མེ་ཏོག༽ཅེས་པ་ཞིག་ཟློས་གར་ཁང་གི་འགན་འཛིན་ཟུར་བ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་དབུ་འབྱེད་གནང་སོང་།

གོང་ཚེས་ཉིན་གྱི་སྐུ་མགྲོན་གཙོ་བོ་ཟློས་གར་ཁང་གི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་གཙོས་གཞས་པ་ཁོང་རང་ཉིད་དང་། དེ་མིན་ངྷ་སའི་ཉེ་འཁོར་གྱི་གཞས་ལ་དོ་སྣང་དང་ཉམས་ཞིབ་གནང་མཁན་གྱི་གཞོན་སྐྱེས། འོད་འཁོར་ཆེད་བསྒྲིགས་དེའི་ནང་དུ་འཁྲབ་སྟོན་བྱས་པའི་མི་སྣ་བཅས་མི་གྲངས་༥༠ལྷག་ཅིག་འཛོམས་སོང་།

བོད་གཞས་འོད་འཁོར་ཆེད་བསྒྲིགས་ཀྱི་དབུ་འབྱེད་དང་འབྲེལ་སྐུ་མགྲོན་གཙོ་བོས་གཏམ་བཤད་བྱས་པར། ཁོང་གིས་"ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་འཕོ་འགྱུར་ཞིག་འགྲོ་བཞིན་ཡོད་པའི་ཆ་ནས། ང་རང་ཚོ་ལ་རིག་གཞུང་ཕྱུག་པོ་ཞིག་ཡོད་པ་དེ་ནི་ཡང་དུས་རབས་ཀྱི་འགྱུར་འགྲོས་དང་བསྡོངས་ཏེ་འགྱུར་བ་འགྲོ་དགོས་པ་ནི་གནད་འགག་ཅིག་དང་། ཟ་ཁང་དང་ཚོང་ཁང་སོགས་སུ་ཡང་གནའ་སྔ་མོའི་གཞས་གཏོང་བ་ཉུང་ཉུང་དང་དེང་གཞས་གཏོང་བ་མང་རུ་འགྲོ་ཡི་ཡོད་དུས། སོ་སོའི་ནུས་པ་གང་ཡོད་པ་དེ་ནི་དེང་གཞས་ཀྱི་ཕྱོགས་སུ་བསྐྱོད་རྒྱུ་གལ་ཆེན་རེད་ལ། ཁོང་ནི་ལོ་མང་པོའི་རིང་ལ་འདི་འདྲའི་ཆེད་བསྒྲིགས་ཤིག་བཟོ་བར་ཤུགས་རྒྱབ་སྟེ་བཏོན་ཐུབ་པར་བསྔགས་བརྗོད་དང་མ་འོངས་པར་མུ་མཐུད་དུ་མདུན་བསྐྱོད་བྱེད་པའི་རེ་བ་ཡོད།" ཅེས་ལམ་སྟོན་གནང་སོང་།

དེའི་རྗེས་སུ་གཞས་པ་ནོར་བུ་བསམ་འཕེལ་ཁོང་གིས་རང་གི་ཆེད་བསྒྲིགས་དང་འབྲེལ་བའི་དམིགས་ཡུལ་སྐོར་ནས། ཁོང་གིས་"ང་རང་ལ་འོད་འཁོར་འདི་བཏོན་དགོས་པའི་དམིགས་ཡུལ་གཉིས་ཡོད། གཅིག ང་རང་ཆུང་ཆུང་ཡིན་དུས་ནས་སོ་སོའི་ཕ་མར་ཞབས་ཞུ་སྒྲུབ་པའི་འདུན་པ་ཆེན་པོ་ཡོད་མོད། ཕ་མ་དང་བར་ཐག་རིང་རྐྱེན་ཞབས་ཞུའི་གོ་སྐབས་མི་འདུག་ལ། དངུལ་སོགས་དཔལ་འབྱོར་གྱི་ཐོག་ནས་རོགས་ཕན་བྱུང་མ་སོང་བས་ན། སོ་སོས་གཞས་གཏོང་བ་དང་རྩོམ་པའི་སྐོར་ནས་ཅུང་ཙམ་ཤེས་པས་ན་ཕ་མ་སྤྲོ་བོ་ཡོང་ཆེད་དུ་འོད་འཁོར་འདི་བཏོན་པ་ཡིན། གཉིས། ངས་ནམ་རྒྱུན་གཞས་གཏོང་གི་ཡོད་མོད། སོ་སོར་ཆེད་བསྒྲིགས་མེད་དུས་སྤྱི་ཚོགས་ནང་གི་གཞས་པའི་གྲས་སུ་མ་ཚུད་པའི་རྣམ་པ་ཞིག་འདུག་པས། བོད་ཀྱི་གཞས་པ་རྣམས་ཀྱི་གྲས་སུ་ཚུད་ཆེད་འོད་འཁོར་འདི་བཏོན་པ་ཡིན། " ཞེས་འགྲེལ་བརྗོད་གནང་སོང་།

དེ་མིན། གཞས་པ་ཁོང་ནི་ཕྱི་ལོ་༡༩༨༢ལོར་སྟོད་མངའ་རིས་སུ་སྐྱེས་ཤིང་། ཕྱི་ལོ་༡༩༩༡ལོར་རྒྱ་གར་ལ་འབྱོར་བ། ཕྱི་ལོ་༢༠༠༤ལོར་བོད་ཀྱི་ཟློས་གར་ཚོགས་པའི་ནང་འཛུལ་ཞུགས་བྱས་ཏེ་ད་ལྟ་འཁྲབ་སྟོན་པ་རྒན་གྲོས་ཤིག་གི་གྲས་སུ་ཕྱག་ལས་གནང་བཞིན་པ་དང་། ཕྱི་ལོ་༢༠༠༦ལོར་བོད་ཀྱི་གཞས་པ་གྲགས་ཅན་གྱི་གྲས་སུ་གདམས་ཐོན་བྱུང་སྟེ་བྱ་དགའ་ཐོབ་ཞིང་། ད་ལོའི་ཕྱི་ལོ་༢༠༡༧ལོར་སེར་ཆེན་མེ་ཏོག་ཅེས་པའི་འོད་འཁོར་ཆེད་བསྒྲིགས་འདི་བཏོན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།