སིངྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི་ཞེས་པ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༧།༠༡ཉིན་སྤེལ། ཟླ་༦ཚེས་༣༠ཉིན་བཞུགས་སྒར་དུ་དཔེ་དེབ་གསར་པ་ཞིག་དབུ་འབྱེད་བྱས་པ་དང་། དེའི་ནང་ལོ་ངོ་བརྒྱའི་གོང་དུ་འབྲས་ལྗོངས་ཀྱི་བོད་པའི་དགེ་སློང་ཞིག་སིདྒ་ལར་ཕེབས་ཏེ་ཡུལ་དེར་ཆོས་དང་རིག་གནས་ཆབ་སྲིད་གང་ཐད་ནས་སྐད་གྲགས་ཆེན་པོ་བྱུང་ཡོད་འདུག

Tibet-Srilanka-Buddhist-Monk-2017ཟླ་༦པའི་ཚེས་༣༠་ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་མཛོད་ཁང་དུ། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་བརྩམས་པའི་ལོ་རྒྱུས་དཔེ་དེབ་༼   སིདྒལའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་བོད་མི། ༽ ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་སོང་བ་དང༌། དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་དང༌། སྐུ་མགྲོན་ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ། གཞན་གྲྭ་བ་དང་དོ་སྣང་ཅན་བཅས་དཔེ་དེབ་དབུ་འབྱེད་ཐོག་ཕེབས་གནང་འདུག

རྩོམ་པ་པོས་དེབ་འབྲི་དགོས་པའི་དམིགས་ཡུལ་དང་འབྲེལ་ངོ་སྤྲོད་གནང་དོན། མི་རིགས་ཞིག་ལ་རླབས་ཆེན་མི་སྣ་བྱུང་བ་དང་མི་སྣ་འདི་དག་ལས་མི་རིགས་དེར་མགོ་བོ་ཡར་དགྱེ་བྱེད་ཐུབ་པ་དང་། མི་རིགས་གཞན་དང་མཉམ་དུ་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་བྱུང་བ་འདི་ཚོ་མི་སྣ་གལ་ཆེན་དེ་དག་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་མི་རབས་གསར་བ་རྣམས་དང་སྤྱི་ཚོགས་ཀྱིས་ཤེས་དགོས་པ་གལ་ཆེན་པོ་ཆགས་ཡོད་ཙང་བྲིས་པ་ཡིན། ཞེས་གསུངས་སོང།

དེབ་དེའི་སྙིང་བསྡུས་ནི། དགེ་སློང་སྤེན་པ་དོན་གྲུབ་སིདྒལར་འགྲོ་དགོས་པའི་རྒྱུ་མཚན། ཁོང་གིས་རླབས་ཆེན་མཛད་རྗེ་གང་བཞག་ཡོད་པ་དང༌། རླབས་ཆེན་མཛད་རྗེ་བཞག་པ་ལ་བརྟེན་ནས་བོད་མི་ལ་ཕན་ཅི་ཞིག་ཐོག་པ་བཅས་ཡིན༌།

དཔེ་དེབ་དེ་ནི་དུས་རབས་ཉི་ཤུ་པའི་མགོ་སྟོད་དུ་མིང་ལ་སྤེན་པ་དོན་གྲུབ་ཞེས་པའི་འབྲས་ལྗོངས་ཀྱི་བོད་མི་ཞིག་སིངྒལའི་ཡུལ་དུ་སོང་བའི་སྐོར་ཡིན་པ་དང༌། བོད་མི་ཁོང་ནི་ ༡༩༡༤ ལོར་སིངྒལའི་ཡུལ་དུ་ཕེབས་ཡོད་པ་དང༌། རྗེས་སུ་ཁོང་སིངྒལའི་རྒྱལ་ཡོངས་ལ་སྐད་གྲགས་ཡོད་པའི་སྙན་ངག་པ་གྲགས་ཆེན་ཞིག་ཆགས་པ་མ་ཟད། སིངྒལའི་རང་བཙན་འཐབ་རྩོད་ཁྲོད་དུའང་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཞིག་ཡིན་འདུག ཁོང་གིས་སིངྒལའི་སྐད་ཡིག་དང་རིག་གནས་ལ་ཞབས་འདེགས་ཆེན་པོ་ཞུས་ཡོད་སྟབས། ཡུལ་དེར་ཁོང་གི་མིང་ལ་དགེ་སློང་མཧཱེཎྜ་ཞེས་སྙན་གྲགས་ཆེན་པོ་ཡོད་པའི་བོད་མི་ཞིག་ཡིན་འདུག

ཀིརྟིའི་བྱེས་པ་གྲྭ་ཚང་གི་རིག་གནས་དགེ་རྒན་དཀོན་མཆོག་རྒྱ་མཚོ་ལགས་ཀྱིས་དཔེ་དེབ་ཀློག་པའི་མྱོང་ཚོར་དང་འབྲེལ་དགེ་ཚན་ཆེན་པོ་ ༤ དང་ཞན་ཆ་ ༢ གསུངས་སོང༌། ཁོང་གིས་བརྗོད་དོན། དཔེ་དེབ་འདིའི་ལོ་རྒྱུས་ཀྱི་སྟོང་ཆ་ཆེན་པོ་གཉིས་བསྐངས་ཐུབ་ཡོད་ཅིང༌། སིངྒལའི་ཡུལ་དུ་ནང་བའི་ཆོས་ལུགས་ཉམས་ཆགས་སོང་བ་དེ་གླང་དར་སྐབས་སུ་བོད་དུ་ནང་ཆོས་ཉམས་ཆགས་སོང་བ་ལས་ཀྱང་སྡུག་པ་ཡིན་པ་དང༌། ང་ཚོས་དེབ་འདི་ལས་ནང་བསྟན་ཆོས་ལུགས་བོད་ཙམ་མ་ཟད་ཡུལ་གཞན་ནས་ཉམས་ཆགས་ཇི་ལྟར་སོང་བའི་སྐོར་གྱི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་ཐུབ་ཡོད་པ་དང༌། གཉིས་པ་དེ་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ལས་དགེ་སློང་དེ་འདྲ་ཞིག་ངའི་སྔོན་ལ་འཕུར་ནས་སོང་བ་མིན་ན་ཇི་ལྟར་སོང་བ་རེད་ཅེས་པའི་སྐད་ཆ་ཞིག་ཡོད་པ་དེའང་གསལ་བོ་ཆགས་ཡོད་པ་རེད། མ་ཟད་དགེ་སློང་ཁོང་སྐབས་དེར་སིངྒལ་ནས་ཡོད་པ་མ་ཟད་སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགེ་ཆོས་སྐོར་གྱི་དེབ་༼   དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ། ༽ ལས་པར་དང་བཅས་ཡོད་པ་རེད། དེ་བཞིན། དགེ་མཚན་གཞན་ཞིག་ནི་བོད་ཀྱི་མི་རབས་གསར་བའི་གཞོན་སྐྱེས་དག་ལ་རང་གི་མི་རིགས་དང་རྒྱལ་ཁབ་བསྐྱར་བཙུགས་དང་འཐབ་རྩོད་བྱ་དགོས་པའི་སློབ་གསོ་ཡག་པོ་ཞིག་བསྟན་ཡོད་པ་རེད། དགེ་སློང་སྤེན་པ་དོན་གྲུབ་ལ་མཚོན་ན་སིངྒལའི་རང་དབང་འཐབ་རྩོད་ལ་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་ཞིག་དང་སིངྒལའི་རང་དབང་འཐབ་རྩོད་པ་དག་ལ་གོ་རིམ་བསྒྲིགས་ན་ཨང་གསུམ་པར་སླེབས་ཡོད་པའི་མི་སྣ་ཞིག་རེད།

དགེ་མཚན་བཞི་པ་དེ་དེང་སང་བོད་ནང་སོགས་ཀྱི་ནང་ཆོས་ཀྱི་སྐོར་ལ་ཡག་བཙོག་མང་པོ་ཞིག་བཤད་བཞིན་ཡོད་པ་ལྟར། སྤྱིར་ན་བོད་ཀྱི་ཆོས་ལུགས་དེ་ནམ་ཡིན་ན་མེ་མདའི་ཁ་ནས་ཉམས་ཆགས་སུ་འགྲོ་བཞིན་པ་ལས་གནས་ལུགས་དང་རྒྱུ་མཚན་བཤད་པ་ལ་འགྲོ་ཡི་མེད་པ་རེད། དཔེ་དེབ་འདིའི་ནང་དུ་དགེ་སློང་སྤེན་པ་དོན་གྲུབ་ཀྱིས་ཀྱང་ནང་ཆོས་དང་ཡི་ཤེས་ཆོས་ལུགས་བར་ལ་རྩོད་པ་ཆེན་པོ་བྱུང་བར། ཕན་ཚུན་མཉམ་གཅིག་ཏུ་བསྡད་ནས་ཉི་མ་གསུམ་ལྷག་ལ་རྩོད་པ་བྱས་མཐར་ནང་ཆོས་གནས་ལུགས་དང་རྒྱུ་མཚན་གྱིས་རྒྱལ་ཁ་ཐོབ་ཡོད་སྟབས། ང་ཚོ་སུ་ཡིན་ན་ཆོས་ལུགས་ལ་ཡག་བཙོག་མང་པོ་ཞིག་ལབ་བཞིན་པར་སྐྲག་དགོས་དོན་མེད་པའི་དགེ་མཚན་ཞིག་མཐོང་ཐུབ་པ་རེད། ཅེས་བརྗོད་སོང༌།

དེ་ནས་སྐུ་མགྲོན་གཙོ་བོ་ཨ་རྨྱ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་མཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དཔེ་དེབ་དང་འབྲེལ་བའི་སྐོར་ལ་བརྗོད་དོན། དང་པོ་གནད་འགག་ཆེ་ཤོས་དེ་མཧཱེཎྜ་ཁོ་རང་གི་དེབ་བྲིས་ཚད་ཚང་མའི་ནང་དུ་བོད་ཀྱི་རྩོམ་པ་པོ་ཞེས་བྲིས་ཡོད་པ་རེད། དེའི་རྒྱུ་མཚན་དེ་ ༡༨༡༦ ལ་དབྱིན་ཇི་དང་འབྲས་ལྗོངས་བར་ལ་ཐོག་དང་པོ་དམག་བརྒྱག་འགོ་ཚུགས་པ་རེད། ༡༨༣༥ ནས་རྡོ་རྗེ་གླིང་ཤོར་ཚར་བ་དང་ ༡༨༦༥ ལོ་ནས་འབྲས་ལྗོངས་ཕལ་ཆེར་བོད་སྡེ་བ་གཞུང་གི་ལག་ནས་ཤོར་འགོ་ཚུགས་བཞིན་ཡོད་པ་རེད།

༡༨༦༥ ནས་ ༡༩༠༠ བར་དུ་དབྱིན་གཞུང་གིས་འབྲས་ལྗོངས་ནང་དུ་པར་བརྒྱབ་པའི་དགོན་པ་དང་བླ་མ་སྔགས་པ་གྲྭ་བ་ཚང་མར་བོད་ཀྱི་དགོན་པ་དང་བོད་ཀྱི་གྲྭ་པ། བོད་ཀྱི་སྔགས་པ་ཞེས་འགྲེལ་བཤད་བརྒྱབ་ཡོད་པ་རེད། དེང་སང་གི་བཤད་སྟངས་ནང་བཞིན་གྱི་ང་ཚོ་བོད་པ་དང་ཁོ་ཚོ་འབྲས་ལྗོངས་ཟེར་བ་ལྟ་བུ་དེ་དག་ཐ་སྙད་གསར་བ་ཆགས་ཀྱི་ཡོད་པ་རེད། གནའ་སྔ་མོ་དུས་རབས་ ༡༤།༡༥།༡༦།༡༧། ནང་བོད་པ་ཡིན་ལབ་ན། གྲོ་མོ་དང་འབྲས་ལྗོངས་འབྲུག་སོགས་ཚང་མར་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་ལྷོ་པ་ཞེས་ལབ་ཀྱི་ཡོད་པ་རེད།

དེ་འདྲ་ཡིན་དུས་སྤེན་པ་དོན་གྲུབ་ལ་མཚོན་ན་ཕྱི་རྒྱལ་གྱི་ལུང་པར་སླེབས་ཡོད་སྟབས། འབྲས་ལྗོངས་ནས་ཡིན་ལབ་ན་ཧ་གོ་མཁན་མེད་སྟབས་བོད་པ་ཡིན་ལབ་ན་ཤེས་ཀྱི་ཡོད་པ་རེད་ལ། དེ་དག་བོད་ཆེན་པོའི་ཁོངས་གཏོགས་སུའང་ཚུད་ནས་ཡོད་པས་རྒྱུ་མཚན་དེ་འདྲ་རེད་དྲན་གྱི་འདུག དེ་བཞིན། སྤེན་པ་དོན་གྲུབ་སྐོར་ལ་སྔོན་ཆད་ནས་གོ་མྱོང་ཐོས་མྱོང་མང་པོ་ཡོད་ལ་ ༡༩༨༠ ལོར་དཔེ་མཛོད་ཁང་གིས་བོད་ཡིག་དཔེ་སྐྲུན་སྡེ་ཚན་འགན་འཛིན་ལ་བཞག་རྗེས་དཔེ་སྐྲུན་བྱེད་པའི་དེབ་ཐོག་མ་དེ་རཀ་ར་རིན་པོ་ཆེའི་དགེ་འདུན་ཆོས་འཕེལ་སྐོར་གྱི་དེབ་དེ་བཀླགས་རྗེས་བསྐྱར་དུ་ངེས་ཤེས་གསལ་བོ་ཞིག་སྐྱེས་བྱུང༌། ཞེས་བརྗོད་སོང༌།

གསར་འགོད་པ་དབྱངས་ཅན་སྒྲོལ་མ།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།