དགའ་ཁྲི་ཐོག་༡༠༤བར་སླེབས་འདུག

 པར་འདེབས།

༢༠༡༧།༠༦།༢༦ཉིན་སྤེལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་ཁྲི་ཐོག་ ༡༠༤ བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་འདུག

gaden tripa 00འདི་ག་གསར་ཁང་གིས་གནས་ཚུལ་ལོན་པར་གཞིག་ན།  ༧གོང་ས་མཆོག་གིས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་མཛད་པའི་གནས་ཚུལ་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༢༤ཉིན།  ༧གོང་ས་མཆོག་གིས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་མཛད་ཡོད་ཅིང་།


གཞན་ཡང་། དགའ་ལྡན་ཁྲི་ཐོག་ ༡༠༢ རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་མཆོག་གིས་དགའ་ལྡན་ཁྲི་པའི་མཛད་འཁུར་ལོ་བདུན་ཚང་བ་དང་། ༧གོང་ས་མཆོག་ལ་དགོངས་ཞུ་མཚན་འཁོད་སྙན་ཞུ་ཕུལ་བ་ལྟར། ༧གོང་ས་མཆོག་གིས་དགའ་ལྡན་ཁྲི་ཐོག་ ༡༠༣ པར་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་བསྐོ་བཞག་མཛད་རྗེས། དམ་པ་ཁོང་ཉིད་ནི་ཟླ་ཤས་རིང་སྐུ་བསྙུང་སྟེ་སྨན་བཅོས་བྱས་ཀྱང་དྲག་སྐྱེལ་མ་བྱུང་སྟབས་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་ནས་དགོངས་པ་རྫོགས་ཡོད་པ་དང་། དེར་བརྟེན། ༧གོང་ས་མཆོག་གིས་བྱང་རྩེ་ཆོས་རྗེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དགའ་ལྡན་ཁྲི་ཐོག་ ༡༠༤ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་སྩལ་མཛད་ཡོད་པ་རེད།


དེ་མིན། ཕྱི་ལོ་༢༠༡༦ ལོའི་ཟླ་ ༡༠ ཚེས་ ༡༩ ཉིན།  ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་ཕུ་ཁང་ཁམས་ཚན་ནས་ཡིན་པའི་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་གཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་སྟེ། དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ནང་དངོས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་ཡོད་ཅིང་། རྗེས་སུ། ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་གྱི་མཚན་མོར། དགའ་ལྡན་ཁྲི་བ་ཆེ་བློ་བཟང་བསྟན་འཛིན་མཆོག་དགོང་ལོ་༨༡ཐོག ཟླ་ཤས་རིང་སྐུ་བསྙུང་སྟེ་སྨན་བཅོས་བྱས་ཀྱང་དྲག་སྐྱེལ་མ་བྱུང་སྟབས་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་ནས་དགོངས་པ་རྫོགས་ཡོད་འདུག

དེ་ཡང་སེར་བྱེས་རིག་མཛོད་ཆེན་མོའི་དྲ་བར་འཁོད་པའི་ད་ལྟའི་དགའ་ལྡན་ཁྲི་བ་༡༠༤བ་ཁོང་གི་རྣམ་ཐར་ལྟར་ན། བྱང་རྩེ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ནི། ད་ལོ་དགོང་ལོ༨༢ཡིན་པ་དང་། ༡༩༣༥ ལོར་གཙང་སྟོད་ལྷ་རྩེ་ཁུལ་དུ་སྐུ་འཁྲུངས། དགུང་ལོ་བཅུའི་སྐབས་༧གོང་ས་ལྔ་པ་ཆེན་པོས་ཕྱག་བཏབ་པའི་ལྷ་རྩེ་ཆོས་སྡེ་དགོན་དུ་སྒྲིག་ཞུགས་ཀྱིས་མཁན་ཆེན་བསྟན་འཛིན་རྒྱ་མཚོའི་དྲུང་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། ༡༩༦༠ ལོར་འཕགས་ཡུལ་དུ་ཕེབས་ཏེ་སྦག་ས་ཆོས་སྒར་ཐོས་བསམ་ཐར་འདོད་གླིང་དུ་བཞུགས་ནས། སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་དབང་ཕྱུག་མཆོག་དང་། ཟོང་རིན་པོ་ཆེ་རྣམ་གཉིས་ཀྱི་དྲུང་ནས་འདུལ་ཊཱིཀ་ཉི་མའི་འོད་ཟེར་དང་རིན་ཆེན་ཕྲེང་བ། མཆིམས་མཛོད་སོགས་འདུལ་མཛོད་ཀྱི་གཞུང་ཆེན་ལྷག་མ་རྣམས་ལ་སློབ་གཉེར་དང་། སྦག་ས་ཆོས་སྒར་སློབ་གྲྭའི་རྣམ་པར་བསྒྱུར་རྗེས་དཔེ་ཁྲིད་དགེ་རྒན་གནང་བ་བཅས།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།