བོད་བཟོས་འགུལ་བརྙན་བསྒྱུར་སྒྲིག་ལེགས་འགྲུབ་བྱུང་བ།

 པར་འདེབས།

༢༠༡༧།༠༦།༢༡ཉིན་སྤེལ། ༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽དང་༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ཞེས་པའི་བོད་བཟོས་འགུལ་བརྙན་གཉིས་ཀྱི་ལེའུ་གཉིས་གཉིས་ལེགས་འགྲུབ་བྱུང་སྟེ་འགྲེམས་སྟོན་བྱས་སོང་།

Tibet-lunch with students-2017ཁ་སང་དགོང་དྲོའི་ཚོུད་༤།༠༠ཐོག  བཞུགས་སྒར་ངྷ་སའི་གངས་སྐྱིད་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་འགུལ་བརྙན་བྱིས་སྒྲུང་གསར་བཟོ་བྱས་པ་ཞིག་གཉའ་ཁྲི་ཚོགས་ཁང་དུ། འགྲེམས་སྟོན་དང་ཡོངས་ཁྱབ་གསལ་བསྒྲགས་བྱེད་ཞོར་ཤེས་རིག་བཀའ་བློན་མཆོག་གིས་དབུ་འབྱེད་གནང་བའི་མཛད་སྒོ་ཞིག་སྐོང་སོང་།

དེ་ཡང་གོང་ཚེས་ཉིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཟོ་སྒྱུར་གནང་བའི་བྱིས་པའི་འགུལ་རིས་གློག་བརྙན་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ཞེས་ཚན་པ་གཉིས་དང་། ༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ཞེས་ཚན་པ་གཉིས་བཅས་ཤེས་གཟིགས་འབུལ་གནང་བའི་ཐོག  སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གིས་གསུངས་དོན། "བོད་པར་སྤྱིར་བཏང་གི་འགུལ་བརྙན་འགའ་རེ་མ་གཏོགས་བྱིས་པ་རང་ལ་དམིགས་པའི་འགུལ་བརྙན་མེད་པས་ན། ཤེས་ཡོན་ལྷན་ཚོགས་ནས་དམིགས་བསལ་གྱི་འགན་འཁུར་སྟེ་བྱིས་པའི་འགུལ་བརྙན་བཟོ་སྒྲིག་དང་བསྒྱུར་སྒྲིག་གི་ལས་འཆར་མགོ་བརྩམས་པ་དེ་ཐོག་དང་པོ་ཡིན། ཤེས་རིག་གི་འགུལ་བརྙན་རྣམས་ཕྱི་རྒྱལ་གྱི་འགུལ་བརྙན་དག་དང་བསྡུར་Tibet-studentss-2017ན་ཚད་ལོངས་བ་ཞིག་མེད་ཀྱང་། འགུལ་བརྙན་བཟོ་སྒྲིག་ཐོག་གོམ་པ་ཞིག་བརྒྱབ་ཐུབ་པ་བྱུང་བ་དེ་གཟི་བརྗིད་ཆེན་པོ་རེད། གཞིས་ཆགས་ཁག་དང་ལྷག་པར་དུ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་ཕ་མ་ཚོས་སོ་སོའི་བྱིས་པར་བོད་སྐད་བཤད་དགོས་པ་དང་། ༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ལྟ་བུའི་བོད་པ་རང་གིས་བཟོས་པའི་འགུལ་བརྙན་མང་ཙམ་སྟོན་རྒྱུ་གལ་ཆེན་ཡིན་ལ། འགུལ་བརྙན་བཟོ་སྒྲིག་གི་ལས་འཆར་འདི་ནི་ཤེས་རིག་ནས་བོད་སྐད་ཡིག་ལ་ཞབས་འདེགས་དང་བྱིས་པ་ཚོར་རྔན་པ་ཆུང་ཆུང་ཞིག་གནང་བ་ཡིན་སྐོར་གསུངས་སོང་།"ཅེས་ཤེས་རིག་བཀའ་བློན་མཆོག་གིས་འགྲེལ་བརྗོད་གནང་སོང་།


Tibet-students with kalon-2017དེ་མིན། བོད་བཟོས་འགུལ་བརྙན་ལེགས་འགྲུབ་གཟིགས་འབུལ་གྱི་ཐོག་མར། ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ནས་འགུལ་བརྙན་བཟོ་སྐྲུན་གྱི་དགོས་དམིགས་སྐོར་ངོ་སྤྲོད་གནང་སྐབས། ཁོང་གིས་བརྗོད་དོན། "ལས་འཆར་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ཡུལ་སྲོལ་དང་སྐད་ཡིག་ལ་འབྲེལ་བའི་འགུལ་བརྙན་མེད་པའི་སྟོང་ཆ་སྐོང་ཐབས་དང་། འགུལ་བརྙན་གྱི་ལམ་ནས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཆེད་ཡིན། དམིགས་ཡུལ་གཉིས་པ་ནི། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཙོར་བཟུང་གིས་རྐང་འགན་འཁུར་མཁན་འཇམ་དཔལ་འགུལ་བརྙན་ཁང་དང་བོད་ཀྱི་སྒྲ་སྒྱུར་ཁང་ལ་མཉམ་འབྲེལ་གྱིས། བོད་ཀྱི་གཞོན་སྐྱེས་རྣམས་བོད་བཟོས་འགུལ་བརྙན་ལ་སྤྲོ་སྣང་ཆེ་རུ་གཏོང་བ་དང་། འགུལ་བརྙན་བཟོ་བའི་ལག་རྩལ་གོང་མཐོར་བཏང་སྟེ་ཆེད་ལས་མི་སྣ་གསོ་སྐྱོང་ཆེད་ཡིན།" ཞེས་དང་།

Tibet-look animation-2017ཡང་ཁོང་གིས། "ཀརྨ་སྨོན་ལམ་ལགས་ཀྱིས་གཙོ་འགན་འཁུར་ཏེ་བྱིས་པའི་འགུལ་བརྙན་གསར་བཟོ་དང་སྒྲ་ཕབ་ཀྱི་ལས་གཞི་མགོ་བརྩམས་ཟིན་པ་དང་། ཨ་ཅརྱ་ཀརྨ་སྨོན་ལམ་ལགས་ནས་འཁྲབ་གཞུང་བརྩམས་པའི་༼དྲན་པ་བརྗེད་སླ་བའི་ཨ་ཁུ་ཕག་པ༽ཞེས་པའི་འགུལ་བརྙན་དེ་ལ་ལེའུ་བཅུ་གཉིས་ཡོད་པ་དང་། དེའི་ནང་ནས་ལེའུ་དང་པོ་དང་གཉིས་པ་ལེགས་གྲུབ་ཟིན་པ་དང་། མ་འོངས་པར་རིམ་གྱིས་ལེའུ་གཞན་བཅུའང་བཟོ་རྒྱུ་ཡིན་པ་དང་། ༼སངས་རྒྱས་བཅོམ་ལྡན་འདས་ཀྱི་མདོ༽ལ་ལེའུ་བཅུ་གསུམ་ཡོད་པ་དེ་ཆ་ཚང་ཕབ་བསྒྱུར་བྱས་ཟིན་པའི་ནང་ནས་ལེའུ་དང་པོ་དང་གཉིས་པ་སྒྲ་འཇུག་བྱས་ཟིན་ཡོད་སྐོར་དང་། སྤྱིར་བཏང་འགུལ་བརྙན་བཟོ་བར་སྐར་མ་གཅིག་ལ་སྒོར་འབུམ་གཅིག་ཡས་མས་འགྲོ་ཡི་ཡོད་པ་དང་། བཟོ་སྒྲིག་ལ་ཟླ་བ་དང་ཟླ་བ་འགོར་གྱི་ཡོད་པས་མི་རྒྱུ་གཉིས་ཐད་ནས་དཀའ་ངལ་ཆེན་པོ་ཡོད་ཀྱང་། མ་འོངས་པར་མུ་མཐུད་ཤེས་རིག་ལས་ཁུངས་དང་སྒེར་སོ་སོའི་ངོས་ནས་བོད་པའི་བྱིས་པ་ཚོར་གོ་སྐབས་གསར་པ་ཞིག་བསྐྲུན་ཐུབ་པའི་རེ་བ་ཡོད།"ངོ་སྤྲོད་མདོར་བསྡུས་ཤིག་བྱས་སོང་།

གཞན་ཡང་རེ་Tibet-Chief guest-2017གཟའ་ལྷག་པའི་ཉིན་བཟང་སྐར་བཟང་དང་སྟབས་བསྟུན་གྱིས་འགུལ་བརྙན་དབུ་འབྱེད་ཐོག སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་མཆོག་གཙོས་ཤེས་རིག་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་དང་ཀརྨ་སེང་གེ་ལགས། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་འབྲེལ་ཡོད་ལས་བྱེད། བོད་ཀྱི་སྒྲ་སྒྱུར་ཁང་དང་འཇམ་དཔལ་འགུལ་བརྙན་ཁང་གི་འགན་འཛིན་རྣམ་གཉིས་དང་ལས་རོགས། དེ་བཞིན་དཔེ་སྟོན་སློབ་གྲྭའི་འཛིན་རིམ་གསུམ་པའི་དགེ་སློབ་རྣམ་པ་བཅས་སྐོང་ཚོགས་འདིར་འཛོམས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།