བྱིས་པའི་བློ་དང་འཚམ་པའི་དག་ཡིག་གི་འགྲེལ་བཤད་ཅིག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༢༡ཉིན་སྤེལ། བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་ཞེས་པའི་དེབ་ཞིག་ངྷ་ཤོད་དཔེ་སྟོན་སློབ་གྲྭ་ནས་དབུ་འབྱེད་འགྲེམས་སྤེལ་བྱས་སོང་།

Tibet-orthography-2017དེ་རིང་སྔ་དྲོ་ཚོུད་༩།༣༠ཐོག བཞུགས་སྒར་ངྷ་ཤོད་བོད་ཀྱི་དཔེ་སྟོན་སློབ་གྲྭའི་ཚོགས་ཁང་དུ།  སློག་གྲྭ་དེ་གའི་ལྟ་གྲུབ་དགེ་རྒན་སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་གྱིས་བརྩམས་པའི་༼བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་།༽ཞེས་པའི་དེབ་ཞིག་དཔེ་རིས་དང་སྦྲགས། ལས་དང་པོ་བ་རྣམས་ཀྱི་བློ་ཁ་དང་འཚམ་པའི་འགྲེལ་བཤད་དང་གཏམ་དཔེ་རེ་ཟུར་རྒྱན་གྱི་ཚུལ་དུ་བཀོད་ཅིང་དཔར་འགྲེམས་བྱས་པ་དེ་རང་གཞུང་ཤེས་རིག་ལྷན་ཁང་གི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་དབུ་འབྱེད་གནང་སོང་།

དེ་ཡང་། Tibet-orthography1-2017ལྷག་དཀར་ཉིན་མོ་དང་སྟབས་བསྟུན་གྱིས་གོང་འཁོད་དེབ་དེའི་ནང་དུ་ས་སྐྱ་པཎྜ་ཏས་མཛད་པའི་༼དག་ཡིག་སྡེབ་སྦྱོར་རིན་ཆེན་རྒྱ་མཚོའམ་བྱིས་པ་དག་ཡིག༽ཅེས་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱིས་བཏོན་པའི་འཛིན་རིམ་ལྔ་བའི་སློབ་དེབ་ཏུ་བཀོད་པ་དེ་ཉིད་དཔེ་རིས་དང་སྦྲགས་འགྲེལ་བཤད། ཟུར་རྒྱན་དུ་གཏམ་དཔེ་རེ་བཀོད་པ་ཞིག་ཡིན་པ་དང་། དེབ་ཀྱི་རྩོམ་པ་པོས་བརྗོད་པ་ལྟར་ན། "དེབ་འདི་ནི་ཕྲུ་གུ་ཆུང་ཆུང་ཚོའི་བློ་ངོར་འཚམ་ཤིང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་དེབ་ཞིག་དང་། ལྷག་པར་དུ་ང་རང་གིས་སློབ་ཁྲིད་བྱས་པའི་ཉམ་མྱོང་གི་བརྒྱུད་རིམ་ཁྲོད་དུ་ཉམ་གསོག་བྱས་ཏེ་གྲུབ་པ་ཞིག་ཡིན། "ཅེས་དང་།

Tibet-orthography21-2017དེ་བཞིན་དུ། "ང་ཚོས་བོད་མི་རིགས་ཧ་ཅང་ཉག་ཕྲ་བའི་གནས་སུ་ལྷུང་བའི་སྐབས་སུ་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྐྱོབས་ཆེད། སྐད་ཡིག་སྲུང་སྐྱོབས་བྱེད་དགོས་པ་གནད་འགག་ཡིན་པ་ནི་མཁས་པ་ཚང་མས་གསུངས་ཀྱི་ཡོད་ཅིང་། དེ་སྲུང་སྐྱོབས་བྱེད་ན་ཐོག་མར་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་དུ། བོད་ཀྱི་རིག་གཞུང་དང་སྐད་ཡིག་མཁོ་སྤྲོད་བྱེད་པར་ཐབས་ཤེས་བྱེད་པ་ནི་ང་ཚོའི་ལས་འགན་ཆགས་འདུག་ལ། ང་རང་གི་ཉམ་མྱོང་ཁྲོད་ནས་བལྟས་ན། སློབ་ཕྲུག་རྣམས་ཀྱི་བློ་ངོར་འཚམ་པའི་སྐད་ཡིག་གི་དེབ་དང་སྒྲུང་སོགས་ཀྱི་རིགས་དཀོན་པོར་མཐོང་སོང་བས་ན། དེ་རིང་གོ་སྐབས་འདི་བརྒྱུད་དེ་རྒྱལ་ཕྱི་ནང་གི་རྩོམ་པ་པོ་ཐམས་ཅད་ལ། འཛིན་གྲྭ་དང་པོ་ནས་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམས་ཀྱི་བློ་ངོར་འཚམ་པའི་དེབ་ཆུང་། གཅིག་ནས་གསར་གཏོད་ཀྱི་རང་བཞིན་ལྡན་པ། གཉིས་ནས་སློབ་ཕྲུག་རྣམས་སྤྲོ་སྣང་སྐྱེས་ཐུབ་པ། གསུམ་ནས་རིག་གཞུང་གི་གསོན་ཤུགས་ལྡན་པའི་དེབ་གང་མང་པར་བསྐྲུན་བྱེད་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།"ཞེས་དང་།

Tibet-boys-2017དེར་བརྟེན། "ང་ཚོའི་བོད་གངས་ཅན་ལྗོངས་སུ་སྔོན་བྱུང་མ་མྱོང་བའི་བཀོད་ཆགས་བསམ་ཡུལ་ལས་འདས་པ་ཞིག་བྱུང་སྟེ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་མཆོག་གི་ཐུགས་རྗེས་བཀའ་དྲིན་ལ་བསྟེན་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་བྱེད་པའི་མཐུན་རྐྱེན་ཆ་ཚང་བ་ཞིག་བསྐྲུན་པ་རེད། ང་རང་ཚོའི་ངོས་ནས་མཐུན་རྐྱེན་དེ་བེད་སྤྱོད་བཏང་སྟེ། ༧གོང་ས་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པ་གཅིག་པུ་མ་ཡིན་པར་བཀའ་དྲིན་སེལ་ཐུབ་ལ་འབད་དགོས་ཀྱི་འདུག ལྷག་པར་དུ་བཟང་སྤྱོད་ཁྱད་སྤེལ་དང་སྐད་ཡིག་རྒྱུན་འཛིན་གནང་དགོས་པ་རེད་ཅེས་པའི་བཀའ་སློབ་ལ་ཤུགས་རྒྱགས་དགོས་པ་གལ་ཆེན་དུ་བཟུང་སྟེ། ཕྱི་ལོ་༢༠༠༨་ལོ་ནས་བཟུང་། ང་རང་གིས་སོ་སོའི་ནུས་པ་གང་ཡོད་པ་བཏོན་དགོས་ཀྱི་འདུག་བསམ་ནས་ལས་གནས་འདི་ལ་ཞུགས་པ་ཡིན།"ཞེས་དང་།

Tibet-grils2017ཡང་ཁོང་གིས་བརྗོད་དོན། "སྔོན་མ་ང་རང་སྤོག་ར་ལེགས་བཤད་ཚལ་སློབ་གྲྭའི་ནང་འཛིན་གྲྭ་བཞི་བ་ནས་བདུན་པའི་བར་དུ་དགེ་རྒན་ལས་གནས་སུ་ཞུགས་དུས་སུ། སུམ་བཅུ་བ་དང་བརྡ་དག་གཉིས་གཙོ་བོ་བྱས་ཏེ་བསླབས་ཡོང་སྐབས། རང་གཞུང་གི་འཛིན་གྲྭ་ལྔ་བའི་ཀློག་དེབ་ནང་གི་བརྡ་དག་དང་ལེགས་བཤད་ལྗོན་དབང་གཙོ་བོ་བྱས་ཏེ་བསླབས་ཤིང་། ཁོ་ཚོའི་བློ་ངོར་འཚམ་པའི་འགྲེལ་བཤད་ཅིག་རྙེད་མ་སོང་། དེར་བརྟེན་ང་རང་གིས་ལེགས་བཤད་ལྗོན་དབང་གི་འགྲེལ་བ་ཞིག་དང་བརྡ་དག་གི་འགྲེལ་བ་ཞིག་འབྲི་ཁུལ་བྱས་པ་ཡིན། འདི་ནི་ང་རང་གི་སློབ་ཁྲིད་ཀྱི་ཉམ་མྱོང་གཞིར་གཞག་སྟེ་བྲིས་པ་ཞིག་ཡིན།"ཞེས་དེབ་དང་འབྲེལ་བའི་གཏམ་བཤད་བྱས་སོང་།

Tibet-tenzin Choedon-2017ངྷ་ཤོད་དཔེ་སྟོན་སློབ་གྲྭའི་དགེ་ཆོས་བསྟན་འཛིན་ཆོས་སྒྲོན་གྱིས་བརྡ་དག་གི་དེབ་ཆུང་འདི་དང་འབྲེལ་བའི་སྐོར་ནས། མོས་བརྗོད་དོན། "ཁ་སྔོན་ངས་དེབ་འདི་ཀློག་དུས་དེབ་འདིའི་ནང་དུ་པར་དང་འགྲེལ་བཤད། འབྲེལ་ཡོད་གཏམ་དཔེ་བཅས་ཡོད་པས་ན། འདི་ནི་ཕྲུ་གུ་ཚོར་ཕན་ཐོག་ལྡན་པ་ཞིག་ཏུ་མཐོང་སོང་། སློབ་ཕྲུག་གི་ཤེས་ཡོན་དང་ཐད་ཀར་འབྲེལ་བ་ཡོད་མཁན་ནི་དགེ་རྒན་ཚོ་ཡིན་པ་དང་། སློབ་ཕྲུག་གི་ཁམས་དང་མོས་པར་དཔག་པའི་དགོས་མཁོར་གཞིགས་ཏེ་དེབ་གང་མང་ཞིག་དགེ་རྒན་ནང་ལོག་ནས་བཏོན་ཐུབ་པ་ཡིན་ན། ཕྲུ་གུར་ཕན་ཆེན་པོ་ཐོག་གི་བསམ་ཀྱི་འདུག"ཅེས་བརྗོད་སོང་།

Tibet-Tserin samdup-2017བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་ཀྱིས་བརྡ་དག་གི་དེབ་གསར་དང་འབྲེལ་བའི་སྐོར་ནས་བརྗོད་དོན། "དཔེ་དེབ་འདི་ནི་བྱིས་པ་དག་ཡིག་ཡིན་པ་དང་། བྱིས་པ་དག་ཡིག་ནི་དག་ཡིག་ཚང་མའི་ནང་ནས་དམིགས་གསལ་ཁྱད་ཆོས་ལྡན་པའི་དག་ཡིག་ཅིག་ཏུ་མཐོང་གི་ཡོད། འདི་ནི་སློབ་ཕྲུག་གི་བློར་འཛིན་བདེ་ཞིང་མི་ཚེ་བརྒྱུད་རིམ་ཁྲོད་བེད་སྤྱོད་བྱེད་ཐུབ་པའི་རྒྱུ་མཚན་གྱིས་ཀློག་དེབ་ནང་བཞག་པ་ཡིན། གཞི་རིམ་སློབ་གྲྭའི་དགེ་རྒན་འོས་སྦྱོང་ནང་དུ་བྱིས་པ་དག་ཡིག་འདི་བཞག་སྟེ་མ་འོངས་པར་ཇི་ལྟར་འཆད་ཐབས་སྐོར་ཡོད། སོང་ཙང་། ད་ལྟ་དགེན་གྱིས་བརྩམས་པའི་དག་ཡིག་འདི་ནི་ཧ་ཅང་གིས་གནད་འགག་ཅིག་ཏུ་ཆགས་ཡོད་པ་རེད། ང་ཚོའི་བོད་ཀྱི་སྐད་ཡིག་ནང་དུ་དག་ཡིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད་པ་མ་ཟད། དག་ཡིག་ངག་ཐོག་ཏུ་འཇུ་ཡ་ཡོད་པ་རེད། སྐད་ཡིག་གཞན་ནང་དུ་འདི་ལྟ་བུའི་ཁྱད་ཆོས་ཡོད་པ་མ་རེད་བསམ་གྱི་འདུག "ཅེས་འགྲེལ་བརྗོད་གནང་སོང་།

གོང་ཚེས་ཉིན་གྱི་དཔེ་དེབ་དབུ་འབྱེད་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས་དང་ངྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བློ་བཟང་སྨོན་ལམ། དཔེ་སྟོན་སློབ་གྲྭའི་དགེ་ཆོས་བསྟན་འཛིན་ཆོས་སྒྲོན། དེ་གའི་སློབ་མ་རྣམས་དང་དགེ་ལས་ཡོངས་བཅས་མི་གྲངས་༡༠༠ལྷག་ཅིག་འཛོམས་སོང་།

Tibet-Teacher-with-students-2017དེ་བཞིན་གོང་འཁོད་དེབ་ཀྱི་རྩོམ་པ་པོ་སྤྲུལ་སྐུ་ཐུབ་བསྟན་ཆོས་འཕེལ་ནི་ཕྱི་ལོ་༡༩༨༠ལོར་མདོ་ཁམས་གསེར་རྟ་ཆུ་སྟོད་དཀྱིལ་རི་མགོའི་སྡེ་བའི་དཔོན་ཚང་དུ་སྐུ་འཁྲུངས་ཤིང་། ཕྱི་ལོ་༡༩༩༨ལོར་བཙན་བྱོལ་དུ་ཕེབས། ཕྱི་ལོ་༢༠༡༠ལོར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་ཆེད་མངགས་བལ་ཡུལ་ལེགས་བཤད་ཚལ་སློབ་གྲྭའི་ཆོས་དགེ་དང་བོད་དགེ་གཅིག་ལྕོགས་སུ་བཏང་། ཕྱི་ལོ་༢༠༡༥ལོར་གནས་སྤོར་གྱིས་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་སློབ་དཔོན་གནང་མུས་སུ། ཤེས་རིག་ལས་ཁུངས་ཀྱི་བོད་ཀྱི་བྱིས་སྒྲུང་རྩོམ་པ་པོ་འདེམས་ཐོན་གྱིས་བྱིས་སྒྲུང་རྩོམ་པ་པོའི་མཚན་གནས་དང་། བློ་གསལ་བྱིས་པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་ཞེས་པའི་དེབ་བརྩམས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།