བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་ད་ལོ་ཡང་ཤོར་འདུག

 པར་འདེབས།

༢༠༡༦།༠༦།༠༨ཉིན་སྤེལ། ད་ལོའི་འགྲན་བསྡུར་ཁྲོད་དུ་ང་ཚོས་རྒྱལ་ཡོངས་ཀྱི་མིང་ཁུར་སྟེ་རྒྱ་གར་བུད་མེད་རྐང་སྤོལ་རུ་ཁག་དང་བསྡུར་ནས་ཤོར་བར་སེམས་པ་སྐྱོ་སོང་། ང་ཚོས་ཉི་མ་ཁ་ཤས་ཤིག་མ་གཏོགས་སྦྱོང་བརྡར་ཐོབ་མེད་པས་ཤོར་སོང་། ཅེས་རུ་མི་ཞིག་གིས་བརྗོད་སོང་།

Tibet-Football-tourrnament-2017ཁ་སང་ཕྱི་དྲོའི་ཚོུད་༤།༠༠ཐོག  བོད་ཀྱི་བུད་མེད་རྐང་སྤོལ་འགྲན་བསྡུར་ཐེངས་གཉིས་པ་སྟེ་ཉིན་བཞིའི་རིང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་རྐང་སྤོལ་རྩེད་ཐང་དུ་རྩེད་བཞིན་པའི་མཐའ་མའི་རྟིང་རྩོལ་འགྲན་བསྡུར་ཐག་གཅོད་བྱས་ཏེ། རྒྱ་གར་བུད་མེད་རུ་ཁག་ཇཱ་ལེཎ་དྷར་(Jalandhar)རུ་ཁག་གིས་གསེར་གྱི་གཟེངས་རྟགས་བཀྱག་སོང་།

Tibet-with president-2017དེ་ཡང་འདི་ཟླའི་ཕྱི་ཚེས་༤ནས་ཚེས་༧བར་དུ།  བོད་རྒྱལ་ཡོངས་རྩེད་རིག་ཚོགས་པ་དང་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་མཉམ་རུབ་ཀྱིས་གོ་སྒྲིག་ཞུས་པའི་བུད་མེད་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཁྲོད་དུ། རྒྱ་བལ་གཉིས་སུ་འཛིན་གྲྭ་བཅུ་གཉིས་མན་གྱི་བོད་པའི་བུད་མེད་རུ་ཁག་གཅིག  འཛིན་གྲྭ་བཅུ་གཉིས་ཐོན་ཟིན་པའི་བོད་ཀྱི་བུད་མེད་རུ་ཁག་གཅིག་བཅས་བོད་ཀྱི་བུད་མེད་རུ་ཁག་གཉིས་དང་། རྒྱ་གར་གྱི་ས་གནས་ཨཱམ་རིཊ་སཱར་ཡི་རྒྱ་གར་བུད་མེད་(Amritsar) རུ་ཁག་དང་ཇཱ་ལེཎ་དྷར་(Jalandhar)རུ་ཁག་གཉིས་བཅས་ཁྱོན་བོད་རྒྱ་གཉིས་ཀྱི་བུད་མེད་རུ་ཁག་བཞི་ད་ལོའི་ཐེངས་གཉིས་པའི་བུད་མེད་འགྲན་ཞུགས་ཁྲོད་མཉམ་ཞུགས་གནང་སྟེ།  མཐའ་མའི་རྟིང་རྩོད་སྐབས་སུ་རྒྱ་གར་གྱི་བུད་མེད་རུ་ཁག་གཉིས་སླེབས་སོང་།

Tibet-Footballtibetan-2017གཞན་ཡང་། ད་ལོའི་བོད་ཀྱི་ཐེངས་གཉིས་པའི་བུད་མེད་རྐང་སྤོལ་འགྲན་བསྡུར་གྱི་མཐའ་མའི་རྟིང་རྩོལ་སྐབས་སུ། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་ཅིག དྷ་རམ་ས་ལའི་ས་གནས་མགོ་འཛིན་ཟླ་བ་རིན་ཆེན་ལགས་དང་། གོ་སྒྲིག་གནང་མཁན་བོད་རྒྱལ་ཡོང་རྩེད་རིགས་ཚོགས་པའི་དྲུང་ཆེ་དང་དྲུང་ཆེ་ཟུར་བ། དབུས་བུད་མེད་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ངྷ་སའི་ཚོགས་པ་སྐྱིད་སྡུག་གི་ཁག་འགན་འཛིན་དང་སྐུ་ཚབ། ལྟད་མོ་བཅས་མི་༡༠༠ལྷག་ཅིག་འབྱོར་སོང་།

འདི་ག་གསར་འགོད་པས་བོད་རྒྱལ་ཡོངས་རྩེད་རིག་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་“སྤྱིར་བཏང་ད་ལོའི་རྐང་སྤོལ་འགྲན་བསྡུར་ཁྲོད་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གཉིས་ནི་མཐའ་མའི་རྟིང་རྩོལ་འགྲན་བསྡུར་ནང་སླེབས་ཐུབ་མ་སོང་བ་དང་། དེ་རིང་ཉིན་མཐའ་མ་འདིར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་ཕེབས་པ་དང་བསྟུན་སྟེ། བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གཉིས་ཡོད་པ་སྟོན་ཆེད་སྐར་མ་༡༠རེའི་ནང་བོད་ཀྱི་བུད་མེད་རུ་ཁག་གཉིས་ཀྱིས་རྐང་སྤོལ་རྩེད་པ་གཟིགས་འབུལ་བྱས་རྗེས། མཐའ་མའི་རྟིང་རྩོལ་འགྲན་བསྡུར་དངོས་སུ་འགོ་འཛུགས་བྱེད་ཀྱི་ཡིན། ད་ལོར་རྐང་སྤོལ་ནང་འགྲན་ཞུགས་བྱེད་མཁན་གྱི་བོད་ཀྱི་བུད་མེད་ཁྱོན་༣༧བྱུང་བ་དང་། འཛིན་རིམ་བཅུ་གཉིས་ཐོན་པའི་བུ་མོ་ ༡༢ དང་། རྒྱ་བལ་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་གཉིས་མན་གྱི་བུ་མོ་ ༢༥ ། དམིགས་བསལ་གྱི་བོད་ཁྱིམ་དུ་དགེ་རྒན་བྱེད་བཞིན་པའི་བུད་མེད་གཅིག་བཅས་ཀྱིས་མཉམ་ཞུགས་བྱས་སོང་།" ཞེས་དང་།

མུ་མཐུད་དུ་གསར་འགོད་པས་ཁོང་ལ་ན་ནིང་བོད་ཀྱི་བུད་མེད་རྐང་སྤོལ་རུ་ཁག་གཅིག་གིས་རྒྱ་གར་རུ་ཁག་གསུམ་གྱི་ནང་ནས་ཨང་རིམ་གཉིས་པ་ཐོབ་ཞིང་། ད་ལོར་རྟིང་རྩོལ་འགྲན་ཞུགས་ནང་སླེབས་མ་ཐུབ་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་དྲིས་དུས། ཁོང་གིས་"ན་ནིང་བོད་ཀྱི་བུད་མེད་རྐང་སྤོལ་ཧྲག་བསྡུས་བྱས་ཏེ་རུ་ཁག་གཅིག་སྒྲིག་པ་དང་། ད་ལོར་དེ་འདྲ་མེད་པར་བུད་མེད་རུ་ཁག་གཉིས་སུ་གོ་སྐབས་གཅིག་པུ་སྤྲད་དེ་རྩེད་པ་རེད་མ་གཏོགས། ཡག་ཤོགས་ཧྲག་བསྡུས་བྱས་མེད་ལ། ཐོབ་པའི་དམིགས་ཡུལ་ཀྱང་བཟུང་མེད། གཙོ་བོ་སྡིངས་ཆ་ཞིག་བསྐྲུན་པ་འདིའི་སྒང་དུ་སོ་སོའི་རྣམ་དཔྱོད་དང་རྩལ་ཅི་ཡོད་སྟོན་རྒྱུ་དང་། ཉམ་མྱོང་གསོག་ཆེད་ཡིན།"ཞེས་བརྗོད་སོང་།

Tibet-Tezin choekyi-2017དེ་ཡང་འདི་ག་གསར་འགོད་པས་ད་རེས་ཀྱི་བོད་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་ཁྲོད་མཉམ་ཞུགས་གནང་མཁན་བོད་ཁྱིམ་གོ་པལ་པུར་འཛིན་རིམ་༡༢འདོན་བཞིན་པའི་བསྟན་འཛིན་ཆོས་སྐྱིད་ལགས་སུ་རྐང་སྤོལ་རྩེད་འགྲན་འདིའི་ཁྲོད་དུ་ཁྱོད་ལ་ཚོར་བ་དང་ཉམ་མྱོང་ག་རེ་ཐོབ་སོང་བའི་སྐོར་ལ་བཅར་འདྲི་ཞུས་པར། མོས་"ང་རང་རྩེད་མོ་རྩེད་པར་དགའ་བོ་ཡོད། ད་ལོའི་འགྲན་བསྡུར་ཁྲོད་དུ་ང་ཚོས་རྒྱལ་ཡོངས་ཀྱི་མིང་ཁུར་སྟེ་རྒྱ་གར་བུད་མེད་རྐང་སྤོལ་རུ་ཁག་དང་བསྡུར་ནས་ཤོར་བར་སེམས་པ་སྐྱོ་སོང་། ང་ཚོས་ཉི་མ་ཁ་ཤས་ཤིག་མ་གཏོགས་སྦྱོང་བརྡར་ཐོབ་མེད་པས་ཤོར་སོང་། ཡིན་ནའང་། རྗེས་མ་ནས་ང་ཚོས་སྦྱོང་བརྡར་ཡག་པ་བྱེད་དགོས་ཀྱི་འདུག" ཅེས་བརྗོད་སོང་།

Tibet-Football3-2017ད་ལོར་ན་ནིང་ལས་བུད་མེད་རྐང་སྤོལ་རུ་ཁག་གཅིག་གིས་མང་རུ་ཕྱིན་ཡོད་པ་དང་། ན་ནིང་བུད་མེད་རྐང་སྤོལ་རུ་ཁག་ཧྲག་བསྡུས་བྱས་ཏེ་རྒྱ་གར་རུ་ཁག་གསུམ་དང་མཉམ་དུ་བསྡུར་བས་ཨང་རིམ་གཉིས་པ་ཐོབ་ཞིང་། ད་ལོར་རྒྱ་གར་རུ་ཁག་གཉིས་དང་བོད་ཀྱི་བུད་མེད་རུ་གཉིས་བཅས་བསྡུར་བས་བོད་ཀྱི་བུད་མེད་རུ་ཁག་གཉིས་མཐའ་མའི་རྟིང་རྩོལ་འགྲན་བསྡུར་ནང་སླེབས་མ་ཐུབ་ཀྱང་། ལོ་སྔོན་མ་ལས་ད་ལོར་བུད་མེད་རྐང་སྤོལ་རྩེད་འགྲན་པ་རྣམས་ཀྱིས་སོ་སོའི་ས་གནས་བརྟན་སྲུང་དང་རྐང་པ་གཡུགས་སྟངས་སོགས་ཡར་རྒྱས་ཆེན་པོ་ཕྱིན་འདུག་པར་བརྗོད་སོང་ལ། འོན་ཀྱང་ད་ལོའི་འགྲན་ཞུགས་ཁྲོད་ཀྱི་རྒྱ་གར་བུད་མེད་རྐང་སྤོལ་རུ་ཁག་དེ་རྣམས་ཀྱིས་སྦྱོང་བརྡར་ཡག་པོ་རག་ཡོད་པའི་སྐོར་རུ་མི་རྣམས་ཀྱིས་བརྗོད་ཀྱིན་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།