ང་ཚོས་བོད་ནང་གི་མི་ཚབ་བྱས་ཏེ་དམིགས་གསལ་འགན་འཁུར་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༠༧ཉིན་སྤེལ། ང་ཚོ་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་བོད་གཞི་ལུས་རྒྱ་ཆེའི་མི་མང་གིས་སྲོག་བློས་བཏང་སྟེ། གཅེས་བོ་བྱེད་པའི་ཆོས་དང་རིག་གཞུང་ལ། ང་ཚོས་ཡིན་དང་ཡིན། ང་ཚོས་བདག་པོ་མ་རྒྱབ་ན་སུས་བདག་པོ་རྒྱགས་བསམ་དགོས། ཞེས་༧གོང་ས་མཆོག་གིས་བཀའ་སྩལ་བ།

Dalai-Lama-Buddhism-Teachings-Youth-2017འདི་ཟླའི་ཕྱི་ཚེས་ ༧ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རེའི་དམིགས་གསལ་བོད་རིགས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་ཐེངས་༡༡པའི་ཉིན་གསུམ་པར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩོལ་བའི་སྐབས་སུ་གསུངས་བའི་བཀའ་སློབ་ཏུ།

རིན་པོ་ཆེ་མཆོག་གིས་བྱུང་ཆུབ་སེམས་ཀྱི་དམིགས་པའི་སྐོར་ནས་བཀའ་སྩལ་དོན།
རང་དོན་སྒོམ་ན་ཡང་བྱང་ཆུབ་སེམས་ལས་ལྷག་ཅིག་མེད་ལ། གཞན་དོན་སྒོམ་ན་ཡང་བྱང་ཆུབ་སེམས་ལྷག་ཅིག་མེད་པས་ན། དེ་ལས་ལྷག་པའི་བདེ་སྐྱིད་ག་རེ་ཡོད་པ་རེད། བདེ་སྐྱིད་ཡོང་བའི་རྩ་བ་ནི་སེམས་བཟང་པོ་བྱེད་པ་ཡིན་ཞིང་། དེ་ནི་གཞན་གནོད་མི་བྱེད་པར་ཕན་སེམས་བསྐྱེད་པ་ཞིག་རེད། དེ་བས་མདོར་ན་གཞན་ལ་ཕན་པའི་མི་གཞི་བཟང་པོ་ཞིག་སེམས་བསྐྱེད་དགོས། འདི་ནི་སྨོན་པའི་སེམས་བསྐྱེད་རེད། ཅེས་དང་།

གཞན་ཡང་རིན་པོ་ཆེ་མཆོག་གིས་རིམ་པ་གཉིས་པ་ལས་རིམ་པ་དང་པོ་གལ་ཆེ་ཚུལ་སྐོར་ནས་བཀའ་སྩལ་དོན།
ནང་པ་དང་ནང་པ་མིན། ཡི་ཤེས་དང་ཡི་ཤེས་མིན་ཟེར་བ་ནི་རིམ་པ་གཉིས་པའི་སྟེང་ནས་ཁྱད་པར་ཏོག་ཙམ་ཡོད་པ་མ་གཏོགས། རིམ་དང་པོ་ནི་ང་ཚོ་མི་གཅིག་པ་རེད། ངོས་ཀྱིས་ནམ་རྒྱུན་བཤད་ཀྱི་ཡོད་ལ་དྲན་གྱི་ཡང་ཡོད། འཛམ་གླིང་གི་མི་དུང་ཕྱུར༧༠ནང་གི་མི་ཞིག་ཡིན་སེམས་སུ་དྲན་གྱི་ཡོད་མ་གཏོགས་ང་ནང་པ་ཡིན་ཞིང་། ང་མ་འདྲ་བ་ཞིག་ཡིན་པར་ཁྱོན་ནས་བསམ་གྱི་མེད། དེ་ལ་བསམ་བློ་བཏང་ན་ཆོ་མི་འདུག དེ་ལས་ང་རང་མི་གཅིག་པ་ཡིན་པའི་བསམ་བློ་བཏང་ན་སྐྱིད་པོ་འདུག་གཱ  

ཕལ་ཆེར་ཁྱེད་རང་ཚོས་དོ་སྣང་ཡོང་གི་རེད། ང་རང་གླིང་སྐོར་སོགས་གང་དུ་སོང་ཞིང་མི་སུ་ལ་ཐུག་ཀྱང་ལམ་སང་རྩེད་མོ་སོགས་འདྲ་མིན་ལབྱས་ཏེ་གྲོགས་པོ་བཟོ་ཐུབ་ཀྱི་ཡོད། ངོས་ཏ་ལའི་བླ་མ་ཡིན་བསམ་ན་གྲོགས་མེད་གཅིག་པུ་ཆགས་ཀྱི་ཡོད་པ་རེད་ལ། རྒྱུ་མཚན་འཛམ་གླིང་དུ་ཏ་ལའི་བླ་མ་གཅིག་མ་གཏོགས་ཡོད་པ་མ་རེད། ཆོས་ལུགས་འདྲ་མིན། ལུང་པ་འདྲ་མིན། ལྟ་སྤྱོད་འདྲ་མིན་སོགས་ནི་རིམ་པ་གཉིས་པའི་ཐོག་ནས་མི་འདྲ་བ་དེ་འདྲ་ཡོང་གི་ཡོད་ཅིང་། རིམ་པ་གཉིས་པའི་སྟེང་གི་མི་འདྲ་བ་དེ་ནི་གལ་ཆེན་དུ་བརྩིས་ན་ཁེ་ཕན་ག་རེ་འདུག་གམ། ཁེ་ཕན་ཅི་ཡང་མི་འདུག ང་དང་ཁྱོད། གསོད་རེས་དང་མགོ་སྐོར། གཡོ་རྒྱུ་དང་ཐུབ་ཚོད་སོགས་ཀྱིས་ཕན་ཐོག་ཅི་ཞིག་ཡོད་དམ། དེ་འདྲའི་རྙོག་དྲ་མང་པོ་ཞིག་སེལ་བའི་ཐབས་ཤེས་སུ་ཆོས་བྱེད་དགོས་རེད་ཟེར་གྱི་མེད་ཅིང་། མི་གཅིག་གྱུར་གྱི་འདུ་ཤེས་བཞག་ན། དཀའ་ངལ་དེ་རིགས་སེལ་ཐུབ་པ་རེད། བྱེས་ཙང་། ང་རང་ཚོ་ཚང་མ་འཛམ་གླིང་གི་མི་གཅིག་གྱུར་ཡིན་པ་དང་། འཛམ་གླིང་དུ་སྐད་ཡིག་མི་འདྲ་བ་ཡོད་པ་རེད་དེ། ཡིན་ནའང་། མིའི་སྐད་ཆ་བཤད་རྒྱུ་ཞིག་ཡོད་པ་དེའི་ཐོག་ཏུ། འདིར་ལུང་པ་འདྲ་མིན་ནས་ཡོང་བའི་ཁྱེད་རང་ཚོ་ཚང་མས་ག་ཚོད་ཐུབ་ཐུབ་ཀྱིས་སོ་སོ་ངོ་ཤེས་པ་ཞིག་རང་ཉིད་མི་གཅིག་གིས་མི་༡༠ངོ་ཤེས་པ་ཡོང་གི་རེད། དེ་ནས་སོ་སོའི་བསམ་ཚུལ་གཅིག་གིས་གཅིག་ལ་བཤད་ཅིང་། གཞན་ཕན་གྱི་བློ་དེ་ཁྱབ་སྤེལ་བཏང་། གཞན་ཕན་གྱི་བློ་ཟེར་བ་ནི་ཚེ་ཕྱི་མའི་སྐད་ཆ་མ་རེད་ལ་ཆོས་ཀྱི་སྐད་ཆ་ཡང་མ་རེད། ཚེ་འདི་ལ་སྐྱིད་པོ་ཡོང་བའི་དོན་དག་དང་། ཆེ་ས་འཛམ་གླིང་སྐྱིད་པོ་ཡོང་བའིི་དོན་དང་བྱེད་བྲག་སོ་སོའི་མི་ཚེ་སྐྱིད་པོ་ཡོང་ཆེད་ཅིག་རེད།

མི་རེ་རེས་མི་༡༠ལ་གཞན་ཕན་གྱི་བསམ་བློ་བསྐྲུན་པ་དང་། མི་༡༠རེ་རེ་ཡིས་གྲོགས་པོ་མི་༡༠ལ་བྱས་ན་མི་༡༠༠། དེ་ལྟར་མི་སྟོང་དང་མི་ཁྲི། མི་འབུམ། མི་ས་ཡ། མི་བྱེ་བ། མི་དུང་ཕྱུར་རུ་འཕེལ་སྟེ་འགྲོ་དགོས་པ་རེད། ང་ཚོས་སེམས་ཅན་ཐམས་ཅད་ཅེས་ང་མི་གཅིག་གིས་ཅི་ཡང་བྱེད་ཐུབ་ཀྱི་མ་རེད་བསམ་པའི་བསམ་བློ་དེ་མ་གཏོང་རོགས། སོ་སོའི་འཁྲིས་ཀྱི་ངོ་ཤེས་པའི་གྲས་དེར་ག་ཚོད་ཐུབ་ཐུབ་ཀྱིས་སེམས་པ་བཟང་པོ་ཡོང་བ་ཞིག་དང་། དེས་མི་རེ་ངོ་རེ་འབད་བརྩོན་བྱས་ཏེ་འགྲོ་དགོས་རེད།

ངོས་ནི་ལོ་༡༥ནས་༢༠ཞིག་མ་གཏོགས་མི་ཚེ་འདི་མཐོང་ཐུབ་ཀྱི་མ་རེད། ཁྱེད་རང་ཚོས་མཐོང་གི་རེད། ད་ལྟ་དུས་རབས་༢༡པའི་༢༠༡༧སྒང་ལ་ཡོད་པ་དང་། དེ་ནས་རིམ་བཞིན་མིའི་བསམ་བློ་དང་ཤེས་ཡོན་གྱི་ཐོག་ལ་འགྱུར་བ་ཐེབས་པ་ཞིག་ཏན་ཏན་ཡོང་ཞིང་། དེ་ཡོང་བའི་རེ་བ་ཡང་ཡོད་པ་རེད། བྱེས་ཙང་། ང་ཚོས་འབད་བརྩོན་བྱེད་དགོས་པ་ནི་ཁྱེད་རང་ཚོའི་ལས་འགན་དང་། ཁྱེད་རང་གཞོན་སྐྱེས་ཚོ་ནི་རེ་བ་རྒྱགས་ས་ཆགས་ཡོད་པ་རེད།

༧གོང་ས་ཆེན་པོ་མཆོག་གིས་བོད་ནང་གི་གཞི་ལུས་མི་མང་གི་སེམས་ཤུགས་དང་ལྷག་བསམ་སྐོར་ལ་བཀའ་སྩལ་དོན།
ལྷག་པར་དུ་བོད་ནང་དུ་ཆ་བཞག་ན་ཡང་། བོད་ཆོལ་ཁ་གསུམ་དབྱེ་བ་མེད་པར་མི་ས་ཡ་༦ནས་༧ཡོད་པ་དེ་དག་གིས་དཀའ་ངལ་ཆེན་པོའི་འོག་ཏུ། སོ་སོའི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་ལ་བདག་པོ་རྒྱབ་བསྡད་ཡོད་པ་དང་། བོད་ནང་དུ་བསྡད་པའི་མི་དེ་དག་གི་ཁོག་པ་ལ་མེ་འབར་ན་ཁ་ནས་དུ་བ་ཐོན་མ་ཆོག་པའི་སྲོལ་འདྲ་བོར་བསྡད་ཡོད་པ་རེད། ང་ཚོ་རང་དབང་ལུང་པའི་ནང་དུ་བསྡད་ཡོད་ཅིང་། ཁོང་ཚོས་ང་ཚོར་རེ་བ་བཅོལ་གྱི་ཡོད་ལ། དེ་ཡིན་དུས་ང་ཚོས་ཁོ་ཚོའི་མི་ཚབ་བྱེད་དགོས་པ་རེད། ཁོ་ཚོའི་མི་ཚབ་བྱས་ཏེ་ང་ཚོས་གསད་དང་གཏུབ། འཛིང་ཟེར་བ་དེ་མིན་པར། ཁོ་ཚོས་གཅེས་བོ་བྱེད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་རེད། ང་ཚོས་རང་དབང་ལུང་པར་ཡོད་པ་རྣམས་ཀྱིས་བོད་གཞི་ལུས་རྒྱ་ཆེའི་མི་མང་གིས་སྲོག་བློས་བཏང་སྟེ། གཅེས་བོ་བྱས་ཏེ་ཉར་བ་དེར། ང་ཚོས་ཡིན་དང་ཡིན། ང་ཚོས་བདག་པོ་མ་རྒྱབ་ན་སུས་བདག་པོ་རྒྱགས་བསམ་པའི་ཐོག་ནས་བྱེད་དགོས་པ་རེད། ཅེས་བཀའ་སློབ་གསབ་ཅིང་རྒྱས་པ་སྩལ་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།