སེམས་འཁྲུགས་པར་སྨན་བསྟེན་ནས་སེལ་ཐབས་མེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༦།༠༥ཉིན་སྤེལ། སེམས་འཁྲུགས་པ་ནི་བསམ་བློའི་ནང་དུ་ཡོང་བ་རེད་མ་གཏོགས་ཕྱི་ལོག་ཏུ་ཡོང་བ་ཞིག་མ་རེད། ཅེས་༧གོང་ས་མཆོག་གིས་གསུང་སོང་།

Tibet-Dalai-Lama-Teachings-2017-Youthདེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ནས་ ༧ བར་ཉིན་གསུམ་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་ནང་ཆོས་ངོ་སྤྲོད་དུ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩོལ་བཞིན་པའི་ཉིན་དང་པོའི་སྐབས་ཀྱི་བཀའ་སློབ་ལས་བཏུས་པ།

སེམས་འཁྲུགས་པར་སྨན་བསྟེན་ནས་སེལ་ཐབས་མེད།
དེ་རིང་ཁ་སང་གི་རྙོག་དྲ་བྱུང་བ་མང་ཤོས་ནི་སེམས་འཁྲུགས་ཏེ། ཨུ་ཐུག་པའི་སྐབས་སུ་མི་གསོད་རེ་གཏོང་བ། དེ་མིན་ཕྱོགས་ལྷུང་བྱེད་པ། གང་ལྟར་འཛམ་གླིང་འདིའི་སྒང་དུ་མིས་བཟོས་པའི་དཀའ་ངལ་དེ་རིགས་ནི་སེམས་འཁྲུགས་པའི་རྐྱེན་གྱིས་བྱུང་བ་གསལ་བོ་རེད། སེམས་འཁྲུགས་པ་དེར་སྨན་ཟ་བ་དང་ཉལ་ཐ་འཐེན་པ་ལ་སོགས་པས་ཕྲལ་སེལ་ཕྲལ་སེལ་གྱི་སེམས་འཁྲུགས་པ་ཞི་ཡི་ཡོད་ཀྱང་། ཕུགས་སུ་ཕན་པ་རྩ་བ་ཉིད་ནས་ཡོད་པ་མ་རེད། སེམས་འཁྲུགས་ཡོད་པ་ནི་སེམས་འཁྲུགས་གཞི་ཡི་ཞེ་སྡང་། ང་རྒྱལ། ཕྲག་དོག འགྲན་སེམས་ལ་སོགས་པའི་གྲས་ཀྱིས་སེམས་འཁྲུགས་ཡོང་གི་ཡོད་དུས། དེ་ནི་བསམ་བློའི་ནང་དུ་ཡོང་བ་རེད་མ་གཏོགས་ཕྱི་ལོག་ཏུ་ཡོང་བ་ཞིག་མ་རེད། དེ་བས་སེམས་འཁྲུགས་པ་སེལ་བར་སེམས་ནང་ལོག་ཏུ་ཐབས་ཤེས་བྱེད་དགོས་པ་རེད་མ་གཏོགས་ཕྱི་ལོག་ཏུ་སྨན་ཟ་བ་དང་སྨན་པ་བསྟན་ནས་ཡོང་ཐུབ་པ་ཞིག་ཡོད་པ་མ་རེད།

སེམས་འཁྲུགས་པས་དབུལ་ཕྱུག་གི་ཁྱད་པར་བྱུང་བ།
སེམས་འཁྲུགས་པས་སྒོ་གསུམ་གྱི་བྱ་བ་མ་བདེ་བ་བྱས་ཏེ་མི་གསོད་རེས་རྐྱང་རྐྱང་བྱས་ཤིང་། རྙིང་རྗེ་མེད་པའི་ཐོག་ནས་དབུལ་ཕྱུག་གི་ཁྱད་པར་བྱུང་བ་རེད། དབུལ་ཕོང་ཚོས་ཉིན་རེའི་ལྟོ་ཆས་ག་རེ་ཟ་དགོས་བསམ་སྟེ་བསྡད་ཀྱི་ཡོད་པ་དང་། མི་ཞིག་ལྟོག་ནས་ཤི་གྲབ་འདུག་ན་ཡང་མི་ཁ་ཤས་ཀྱིས་དོ་སྣང་མེད་པའི་སྲོལ་འདྲ་བོ། རྒྱ་གར་ལ་ཆ་བཞག་ན། རིགས་རུས་སྐྱོ་བོ་རྣམས་ནི་ཧ་ཅང་སྐྱོ་བོ་བསྡད་ཀྱི་ཡོད་པའི་གྲས་དེ་ནི། སེམས་བཏུལ་བའི་ཆ་དེ་མ་འདང་བ་དང་མ་བཏུལ་བའི་ཆ་དེ་ཤུགས་ཆེན་པོ་བསྡད་ཡོད་པས་ན་དཀའ་ངལ་ཕྲད་ཀྱི་ཡོད་པ་རེད།

སེམས་འཁྲུགས་པར་སྨོན་ལམ་རྒྱབ་ནས་ཡོང་ཐབས་མེད།
དེ་སེལ་ཐབས་ནི་སེམས་བཏུལ་བའི་ཆ་དེ་གོང་ནས་གོང་དུ་འཕེལ་ན་མ་བཏུལ་བའི་ཆ་དེ་ནི་ཤུགས་ཆུང་རུ་འགྲོ་བ་ནི་ཆོས་ཉིད་རེད། དཔེར་ན་ཚ་བ་ཆེ་རུ་འཕར་ན་གྲང་བ་ཆུང་རུ་འགྲོ་བ་ལྟ་བུར་ནང་བསམ་བློའི་ནང་དུ། བློ་རིག་སྡོམ་ལས། སེམས་ཀྱི་འཛིན་སྟངས་མ་མཐུན་པའམ་འགལ་བ་ཡོད་པའི་ཆ་ནས་གཅིག་གིས་གཅིག་ལ་འགལ་ཟླ་ཡོང་གི་ཡོད་ཅིང་། སེམས་བཏུལ་བའི་ཆ་དེ་ནི་ག་འདྲ་ག་འདྲ་ཡིན་པ་དང་དེའི་རྒྱུ་དང་རྐྱེན་གང་དང་གང་ཡིན་པ། མ་བཏུལ་བའི་ཆ་དེ་ནི་ག་འདྲ་ག་འདྲ་ཡིན་པ་དང་དེའི་རྒྱུ་དང་རྐྱེན་གང་དང་གང་ཡིན་པར་དཔྱད་པ་བྱས་ཏེ་ཡོང་དགོས་ཤིང་། བྱེས་ཙང་། བློ་ཡི་རྣམ་བཞག་ཤེས་དགོས་པ་ཧ་ཅང་གིས་གལ་ཆེན་པོ་རེད། ཆོས་བྱེད་མཁན་དེ་རིགས་ཀྱིས་སེམས་བཏུལ་བ་གནང་རོགས་གནང་། ཞི་བདེ་ཡོང་བར་ཤོག་ཟེར་ནས་སྨོན་ལམ་རྒྱབ་པས་ཕན་ཐོག་མི་འདུག

ངོས་ཀྱིས་སེམས་ཁམས་རིག་པའི་སྒང་ལ་ཤུགས་རྒྱགས་ཀྱི་ཡོད།
བློ་རིག་གི་རྣམ་བཞག་ནི་ཆོས་ཀྱི་གྲས་སུ་འཇོག་དགོས་དོན་མེད་ཅིང་། ཆོས་ཀྱི་གྲས་སུ་བཞག་པ་ཡིན་ན། ཆོས་མེད་མཁན་ཚོར་དེར་འབྲེལ་བ་ཡོང་གི་མེད་པ་དང་། ནང་པའི་གཞུང་ནས་གསུང་པས་དེ་ནང་པའི་རེད་ཅེས་ལབ་ན། ཆོས་ལུགས་གཞན་ཚོར་འབྲེལ་བ་ཡོང་གི་མེད་ཅིང་། བྱེས་ཙང་། རྒྱ་གར་ཕ་མེས་ནས་སེ་ཁཱོ་ལིར Secular ཟེར་བ་དེ་ནི་དམིགས་བསལ་ཆོས་དང་མ་འབྲེལ་བའི་སྤྱོད་བཟང་བསླབ་རྒྱུ་རེད། དེ་རིང་ཁ་སང་ངོས་ཀྱིས་ཤུགས་རྒྱགས་བཞིན་པའི་སེམས་ཁམས་རིག་པ་ཟེར་བ་ནི། ཆོས་ཀྱི་སྐད་ཆ་མ་རེད། སོ་སོའི་སེམས་སྐྱིད་པོ་ཡོང་བ་དང་སོ་སོའི་ཁྱིམ་ཚང་ནང་སྐྱིད་པ་ཡོང་བ། སྤྱི་ཚོགས་ནང་སེམས་སྐྱིད་པོ་ཡོང་བ། མཐར་ཐུག་འཛམ་གླིང་གི་མི་དུང་ཕྱུར་༧༠ལྷག་གི་སེམས་སྐྱིད་པོ་ཡོང་ཆེད་དུ་ང་ཚོས་སེམས་ཁམས་རིག་པ་བསླབ་དགོས་ཀྱི་འདུག་ཅེས་ངོས་བཤད་བསྡད་ཀྱི་ཡོད། འདི་ལ་དོ་སྣང་བྱེད་མཁན་ཕྱི་རྒྱལ་ནས་མང་པོ་ཡོང་གི་འདུག་ལ། རྒྱ་གར་ནས་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་འདུག

སེམས་ཀྱི་ཞི་བདེ་བསྐྲུན་པ་འོས་འགན་རེད།
ངོས་རང་གི་ཉམ་མྱོང་གི་ཆ་ནས། སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་མཉམ་དུ་སྐད་ཆ་བཤད་སྐབས་སུ། བློ་རིག་གིས་ཞེ་དྲག་ཕན་ཐོག་ཡོང་གི  ང་རང་ཚོའི་སློབ་ཕྲུག་ཚོས་བློ་རིག་གི་སྡོམ་དེ་བློར་བཟུང་སྟེ། རིམ་པས་སེམས་ཁམས་རིག་པའི་སྐོར་སློབ་ཚན་ནང་དུ་བཞག་དགོས་པ་ཞིག་རེད། དེ་ནས་སེམས་ཁམས་རིག་པའི་སྐོར་ལ་དགའ་རབ་ཞིག་རྒྱུས་ཡོད་ཆགས་པ་ཡིན་ན། སོ་སོ་སེམས་སྐྱིད་པ་དང་སོ་སོའི་ཁྱིམ་ཚང་གི་སེམས་སྐྱིད་པ། གལ་ཆེ་ཤོས་ནི་ཁྱེད་རང་ཚོས་ཤེས་ཡོན་སྦྱངས་ཏེ་མ་འོངས་པའི་མི་རབས་དག་གིས་སེམས་ཁམས་རྣམ་བཞག་ཅུང་ཙམ་ཤེས་པའི་ཐོག སེམས་ཀྱི་ཞི་བདེ་མང་པོ་ཞིག་བཟོ་ཐུབ་རྒྱུ་ནི་ང་ཚོའི་ལས་འགན་དང་དམིགས་ཡུལ་རེད།

ཞི་ལྷག་གལ་ཆེ་ཚུལ།
རྒྱ་གར་གྱི་ཆོས་ཀྱི་ནང་དུ་མ་གཏོགས་ཆོས་ལུགས་མང་ཤོས་ཀྱིས་ཞི་ལྷག་སྒོམ་རྒྱུ་ཞིག་མེད་ཅིང་། ཞི་ལྷག་སྒོམ་པའི་རྣམ་བཞག་མེད་པར་དད་པ་རྐྱང་རྐྱང་གིས་འགྲོ་མཁན་རྣམས་སུ་སེམས་ཁམས་རིག་པའི་སྐོར་ལ་འབྲེལ་བ་མེད་ལ། རྒྱ་གར་ཆོས་ཀྱི་ཞི་གནས་དང་ལྷག་མཐོང་གསུངས་བཞག་པ་དེས། དྲན་པ་དང་ཤེས་བཞིན་སོགས་ཇི་ལྟར་འགྲོ་དགོས་པ་ཐོན་ཡོང་གི་འདུག

ང་ཚོ་ལ་གཞི་རྩ་ཡོད།
ང་ཚོས་སློབ་སྦྱོང་བྱེད་པ་འདི་ནི་སྔོན་ཆད་མེད་པ་ཞིག་མིན་པར་ལོ་སྟོང་ཕྲག་རིང་ང་རང་ཚོས་བདག་པོ་རྒྱབ་ནས་ཡོང་ཞིང་། ཁྱད་པར་ཞིག་ཡོད་པ་ནི། ད་སྔ་དེ་ཚོའི་གྲས་ནི་བཤད་གྲྭ་ཆེན་པོ་རྣམས་སུ་འབྲེལ་བ་ཡོད་པའི་སྲོལ་འདྲ་བོ་ཞིག སྤྱིར་བཏང་གི་མང་ཚོགས་ནང་དུ་དེ་འདྲའི་སློབ་སྦྱོང་བྱེད་མཁན་མེད་པ་ནི་རྗེས་ལུས་རེད། ང་རང་ཚོ་བོད་གངས་ཅན་ལྗོངས་ཀྱི་བོད་མི་ས་ཡ༦རྣམས་དངོས་ནས་ཆོས་ལ་དད་པ་ཆེན་པོ་ཡོད་པ་དང་། ད་ལྟ་ཡིན་ནའང་། བོད་ནང་དུ་དཀའ་ངལ་ཧ་ཅང་གིས་ཆེན་པོ་ཡོད་ཀྱང་། སོ་སོའི་མི་རིགས་ཀྱི་ལྟ་བ་དང་སངས་རྒྱས་ཆོས་ལ་དད་པ་བྱེད་མཁན་ནི་བརྟན་པོ་བསྡད་ཐུབ་ཀྱི་འདུག དེ་འདྲའི་གཞི་རྩ་ཡོད་པའི་ཐོག་ཏུ། ད་དུང་ང་ཚོས་སློབ་སྦྱོང་བྱས་ཏེ་སངས་རྒྱས་པའི་ཆོས་ནི་ག་འདྲ་ཞིག་ཡིན་པར་འགྲེལ་བཤད་མང་པོའི་སྒོ་ནས་བཤད་ཐུབ་པ་བྱུང་ཡོད། དད་པ་ནི་ཤེས་རབ་ཀྱི་གྲོགས་སུ་འགྲོ་བའི་དད་པ་ཆགས་ཐུབ་པས་ན་གལ་ཆེན་པོ་འདུག

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།