ངོས་ཀྱི་སྡོད་སར་ཝ་ཏི་བཟང་པོའི་སྐུ་བཞུགས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༢༩ཉིན་སྤེལ། སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་འདི་༧གོང་ས་ལྔ་པ་ཆེན་པོར་དག་སྣང་བྱུང་བ་དང་། དག་སྣང་ཡོང་བའི་ཕྱིའི་དམིགས་རྟེན་ལྟ་བུ་ནི་ཝ་ཏི་བཟང་པོའི་སྐུ་བརྙན་ཆགས་ཡོད། ཅེས་བཀའ་སྩལ་སོང་།

འདི་ཟླའི་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཚོུད་༨།༣༠ཐོག  Tibet-HH-2017བོད་ཀྱི་བླ་མེད་པའི་དབུ་ཁྲིད་འཇིག་རྟེན་སྐྱེས་འགྲོ་ཡོངས་ཀྱི་མགོན་སྐྱབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ས་ག་ཟླ་བའི་མ་ཎི་རིལ་སྒྲུབ་དང་མ་ཎི་དུང་སྒྲུབ་དང་འབྲེལ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་སྤྱན་རས་གཟིགས་ཕྱག་བཞི་བའི་དབང་གནང་སྐབས། དད་ལྡན་སེར་སྐྱ་རང་རིགས་དང་གཞན་རིགས་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་དོན། དེ་རིང་དུས་ཚིགས་ཁྱད་པར་ཅན་རེད་ལ་ནམ་རྒྱུན་འཆར་ཅན་ལོ་ལྟར་མ་ཎི་རིལ་སྒྲུབ་དང་མ་ཎི་དུང་སྒྲུབ་བྱེད་ཀྱི་ཡོད་ལ། མ་ཎི་རིལ་བུ་དང་བདུད་རྩི་ཆོས་སྨན་གཉིས་ནི་དུས་རྒྱུན་བྱིན་རྟེན་དུ་སྤྲོད་ཀྱི་ཡོད་སྟབས་ས་ཁུལ་མང་པོ་ཞིག་ལ་འགྲོ་ཡི་ཡོད་ཅིང་། མ་ཎི་རིལ་སྒྲུབ་འདི་ཕྱོགས་གཅིག་ནས་གལ་ཆེན་པོ་མཐོང་སོང་། ནམ་རྒྱུན་མ་ཎི་རིལ་སྒྲུབ་སྐབས་སུ་ཐུགས་རྗེ་ཆེན་པོ་ཝ་ཏི་བཟང་པོའི་སྣང་བརྙན་འདིར་གདན་འདེན་ཞུ་ཡི་ཡོད། ཅེས་མ་ཎི་རིལ་བུའི་སྐོར་དང་།

དེ་རྗེས་བོད་ནང་ཟིང་འཁྲུག་རྗེས་ཝ་ཏི་བཟང་པོའི་སྐུ་ཡི་སྐོར་བཀའ་སྩལ་དོན། ངོས་ཀྱིས་དབང་བྱེད་རྒྱུ་འདི་སྐབས་སུ་བབ་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་འདི་༧གོང་ས་ལྔ་པ་ཆེན་པོར་དག་སྣང་བྱུང་བ་དང་། དག་སྣང་ཡོང་བའི་ཕྱིའི་དམིགས་རྟེན་ལྟ་བུ་ནི་ཝ་ཏི་བཟང་པོའི་སྐུ་བརྙན་ཆགས་ཡོད། བོད་ནང་ཟིང་འཁྲུག་རྗེས་ཝ་ཏི་བཟང་པོའི་སྐུ་འདི་འདིར་ཚུར་ཕེབས་ཐུབ་པ་རེད། ངོས་ཀྱི་སྡོད་སར་ཝ་ཏི་བཟང་པོའི་སྐུ་བཞུགས་ཡོད།
ཁྱེད་རང་ཚོ་མང་ཆེ་བས་ཤེས་ཀྱི་རེད། ཝ་ཏི་བཟང་པོའི་སྐུ་རྫོང་དཀར་ཆོས་སྡེར་ཡོད། རྫོང་དཀར་ཆོས་སྡེའི་དགེ་འདུན་པ་ཚོ་འདི་ནས་མར་རྒྱ་གར་ལྷོ་ཕྱོགས་སུ་འགྲོ་རྒྱུ་བྱས་པའི་སྐབས། ཝ་ཏི་བཟང་པོར་མི་རབས་ཁ་ཤས་ཞབས་འདེགས་ཞུ་མཁན་དང་མཉམ་དུ་ཕེབས་སམ་འདིར་ངོས་དང་མཉམ་དུ་བཞུགས་ཀྱི་ཡིན་ནམ་ཞེས་ངོས་ཀྱིས་ཟན་རྟགས་བསྒྲིལ་བ་རེད། ཝ་ཏི་བཟང་པོས་ངོས་དང་མཉམ་དུ་བཞུགས་ཀྱི་ཡིན། མར་དགོན་པའི་དགེ་འདུན་པ་དང་མཉམ་དུ་ཕེབས་ཀྱི་མིན། ཞེས་ཟན་རྟགས་བབས་པ་རེད། ཅེས་བཀའ་གནང་སོང་།

རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་ཐུགས་རྗེ་ཆེན་པོའི་འཇིག་རྟེན་དབང་ཕྱུག་གི་སྐོར་ནས་བཀལ་སྩལ་དོན།
དེ་ལྟར་གཟིམས་ཆུང་དུ་བཞུགས་མུས་རེད། དེ་ནས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་ཐོག་ནས་ནམ་རྒྱུན་ཚེས་བཅུ་འདི་ཕལ་ཆེར་སྐུ་མདུན་སྐུ་གོང་མ་སྐབས་ནས་གནང་གི་ཡོད། དེའི་གོང་གི་༧རྒྱལ་དབང་ག་དུས་ནས་འགོ་བཙུགས་པ་ཡིན་ནའང་གང་ལྟར་གསང་བ་རྒྱ་ཅན་འདི་༧གོང་ས་ལྔ་པ་ཆེན་པོ་ནས་བཟུང་༧རྒྱལ་དབང་གི་ཕ་ཆོས་ལྟར་རེད། ངོས་ནས་ཀྱང་ཆུང་དུས་སྐབས་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསང་བ་རྒྱ་ཅན་གྱི་དབང་ལུང་ཐོབ་པ་རེད།

ཁྲིད་དེ་རྫོགས་ཆེན་གྱི་ཁྲིད་ཅིག་ཡོད། ཁྲིད་དེ་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཐོབ་ཡོད་དམ་ཞེས་ཐེ་ཚོམ་ལྟ་བུ་ཡོད། དེ་འདྲ་ཡིན་དུས་ཁྲི་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ངོས་ཀྱིས་ཁྲིད་དེ་ཞུས་པ་ཡིན། གཞན་དབང་དང་ལུང་ཆ་ཚང་སྟག་བྲག་རིན་པོ་ཆེ་སྐུ་མདུན་ནས་ཐོབ་པ་རེད། གང་ལྟར་སྐུ་ཕྲེང་ ༡༣ སྐབས་ནས་ཚེས་བཅུ་ཉེར་ལྔ། ཚེས་བཅུ་འདི་འཇིག་རྟེན་དབང་ཕྱུག་གི་ཐོག་ནས་འདོན་རྒྱུ་དང་། ཉེར་ལྔ་དེ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་ཐོག་ནས་བཟུང་རྒྱུ་འདི་སྐུ་ཕྲེང་སྐུ་གོང་མའི་སྐབས་ནས་དཔེ་བླངས་པ་རེད། ངོས་རང་རྒྱ་གར་ལ་སླེབས་པའི་འགོ་སྟོད་ལ་དཔེ་ཆ་ཡོད་མ་རེད། ཕྱིས་སུ་དཔེ་ཆ་ཞིག་རགས་པ་རེད། དེ་ནས་དཔེ་ཆ་འདིའི་ཐོག་ནས་མར་འཆར་ཅན་ཚེས་བཅུ་འདི་འཇིག་རྟེན་དབང་ཕྱུག་དང་ཉེར་ལྔ་ནི་རྟ་མགྲིན་ཁམས་གསུམ་ཟིན་གནོན་ཐོག་ནས་བྱེད་བཞིན་ཡོད། དེར་བརྟེན་མ་ཎི་དུང་སྒྲུབ་གོང་དུ་ཞུས་པ་བཞིན་གལ་ཆེན་པོ་རེད་ལ་སྐུ་འདི་ནམ་རྒྱུན་གདན་འདྲེན་ཞུ་གི་ཡོད་སྟབས། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དབང་ཞིག་བྱེད་ཐུབ་ན་ཡག་པོ་མིན་ནམ་སྙམ་པ་ངོས་ཀྱིས་དྲན་པ་རེད། དེ་དང་ཆབས་ཅིག་མ་ཎི་རིལ་སྒྲུབ་ཀྱི་ཆོ་ག་འདི་སྤྱན་རས་གཟིགས་ཕྱག་བཞི་བའི་ཐོག་ནས་བྱེད་བཞིན་ཡོད། ཅེས་དང་།

སྐུ་མདུན་མཆོག་གིས་དབང་གནས་དགོས་དོན་གྱི་སྐོར་བཀའ་གནང་དོན། དབང་འདོན་རྒྱུ་འདི་བོད་སྤྱི་པའི་དོན་དུ་ཡིན། བོད་བསྟན་སྲིད་སྤྱིའི་དོན་དུ་ཡིན། སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད། རྙོག་གྲ་བཟོ་མཁན་མིས་བཟོས་བཞིན་ཡོད། དེ་དང་ཆབས་ཅིག་བསམ་བློ་རྒྱ་ཆེན་པོ་དང་གཏིང་གཟབ་པོ་གཏང་ཐུབ་མཁན་དེའང་མི་གཅིག་པུ་རེད། རྙོག་གྲ་བཟོ་མཁན་དེའང་མི་གཅིག་པུ་རེད། ངོས་ཀྱི་རྟག་པར་འདི་དྲན་བཞིན་འདུག ང་རང་ཚོས་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་རྒྱག་བཞིན་ཡོད། འཇིག་རྟེན་ཁམས་ཀྱི་མཐའ་དང་མུ་མེད་པ་ཞིག་ཡིན་སྟབས། དེ་ཚོའི་ནང་ཡོད་པ་དེ་དག་སྨོན་ལམ་རྒྱག་རྒྱུ་མ་གཏོགས་གང་ཡང་བྱེད་རྒྱུ་མེད། འཛམ་བུ་གླིང་འདི་གཅིག་པུ་རེད། འཛམ་བུ་གླིང་འདི་ལ་ཆ་བཞག་ནའང་འཛམ་བུ་གླིང་འདིའི་སྒང་ལ་ཉ་དང་། བྱ། རི་དགས། བུ་སྲིན་གྲངས་ལས་འདས་པ་ཡོད། སྨོན་ལམ་རྒྱག་རྒྱུ་མ་གཏོགས་གང་ཡང་བྱེད་རྒྱུ་མི་འདུག བྱེད་རྒྱུ་ཡོད་པ་ནི་ང་ཚོ་སེམས་ཅན་ཐམས་ཅད་ཅེས་ཁ་ཞེ་གཉིས་མེད་ཀྱིས་སྨོན་ལམ་རྒྱག་གི་ཡོད་ན། གོ་སྐབས་ཤིག་ཡོད་པ་འཛམ་བུ་གླིང་འདིའི་སྒང་ལ་ཡོད་པའི་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད། གང་ལྟར་མིར་ཀླད་པ་དང་སྐད་ཡིག་ཡོད། དེ་འདྲའི་ཐོག་ནས་ཏོག་ཙམ་ཕན་ཐོགས་བྱེད་ཐུབ་རྒྱུ་འདུག དེར་བརྟེན་ངོས་ཀྱིས་ནམ་རྒྱུན་སངས་རྒྱས་ཆོས་མཆོག་མ་འདོན། སེམས་ཅན་ཐམས་ཅད་ཅེས་རྟག་ཏུ་སེམས་བསྐྱེད་བཞིན་ཡོད། སེམས་བསྐྱེད་པ་འདི་ཁ་ཞེ་གཉིས་མེད་མེད་ན་སྨོན་ལམ་རྒྱག་སྟེ་བཞག་ན་འགྲིག་གི་རེད། དེ་མིན་སེམས་བསྐྱེད་པ་འདི་ཁ་ཞེ་གཉིས་མེད་ཡིན་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་བྱེད་ས་གཅིག་ཡོད་ན་ཕན་ཐོགས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་།

༧གོང་ས་མཆོག་གིས་མ་ཎི་རིལ་སྒྲུབ་དང་དུང་སྒྲུབ་བསག་དགོས་པའི་སྐོར་ལ་བཀའ་སྩལ་དོན།
དེར་བརྟེན་ང་ཚོ་དེ་རིང་འདིར་མ་ཎི་རིལ་སྒྲུབ་དང་། མ་ཎི་བསག་རྒྱུ་འདི་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་འདིའི་སྒང་གི་སེམས་ཅན། དེའི་ནང་ནས་འགྲོ་བ་མིའི་རིགས་དེ་དག་ལ་ཕན་ཐོགས་བྱེད་ཐུབ་རྒྱུ་ཞིག་དང་། མ་ཎི་རིལ་པོ་འདི་དད་ལྡན་མང་པོར་མ་ཎི་རིལ་བུ་འདི་ཁྱབ་བཞིན་ཡོད། དེ་ཚོ་ཚང་མར་ཕྲལ་དུ་སེམས་པ་བཟང་པོ་ཞིག་ཡོང་རྒྱུ། དཔེར་ན། ཞེ་སྡང་དང་སེམས་རྩུབ་པོ་དེ་འདྲ་མི་ཡོང་བ། སེམས་ཞི་དུལ་ཡོད་པའི་ཐོག་ནས་སོ་སོའི་ལུས་པོ་དེའང་བདེ་པོ་ཡོང་རྒྱུ། མི་ཚེ་དེའང་སྐྱིད་པ་ཡོང་རྒྱུ། རང་སྐྱིད་པའི་ཞོར་ལ་རོགས་ཀྱང་སྐྱིད་པ་ཡོང་རྒྱུ་ཡོད་སྟབས། ཚང་མས་དེ་ལྟར་སེམས་ཡག་པོ་བསྐྱེད། སྨོན་ལམ་ཡག་པོ་རྒྱག དེ་ནས་མ་ཎི་རིལ་སྒྲུབ་གནད་སྨིན་གཅིག་གནང་ཤོག་ཨང་། མཁྱེན་སོང་ངམ།
ཁ་སྔོན་ནས་བསམ་བློ་འཁོར་སོང་། ད་རེས་མ་ཎི་རིལ་སྒྲུབ་ཀྱི་འགོ་དེར་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དབང་ཞིག་བྱེད་ན་ཡག་པོ་ཡོད་རེད་དྲན་བྱུང་། མི་གཞན་གྱིས་དབང་འདི་བྱེད་རོགས་ཞེས་བརྗོད་མཁན་སྦྱིན་བདག་གང་ཡང་མེད། ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་གི་དབང་དེ་ངོས་ཀྱིས་སྐུར། སྦྱིན་བདག་དེ་ངོས་རང་ཡིན། སྔོན་ལ་ཐུགས་རྗེ་ཆེན་པོར་དབང་གནང་རོགས་གནང་ཅེས་གསོལ་བ་འདེབས་རྒྱུ་དང་། མ་ཎི་རིལ་སྒྲུབ་སྤྱན་རས་གཟིགས་ཕྱག་བཞི་བ་ཞེས་གོང་དུ་ཞུས་པ་ནང་བཞིན་རེད། དེའི་རྗེས་སྤྱན་རས་གཟིགས་ཕྱག་བཞི་བའི་རྗེས་གནང་བྱེད་རྒྱུ་དེ་ལྟར་ཡིན། ངོས་ཀྱིས་སྒྲུབ་བཞག་བྱེད་པའི་རིང་ཁྱེད་རང་ཚོས་འཕགས་བསྟོད་ཅིག་འདོན། དེ་ནས་མ་ཎི་བསག་རྒྱུ་འདི་ལྟར་ཡིན། ཞེས་བཀའ་སློབ་སྩལ་རྗེས་བཀའ་དབང་སྔོན་འགྲོའི་སྒྲུབ་བཞག་མཛད།
སྒྲུབ་ཞག་གྲུབ་མཚམས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་སྤྱིར་སེམས་ཅན་ཐམས་ཅད་དང་། ཡང་སྒོས་འཛམ་གླིང་འདིར་གནས་པའི་སྨྲ་ཤེས་དོན་གོ་བ་མིའི་རིགས་ཆགས་སྡང་གི་གཞན་དབང་དུ་གྱུར་བ་དེས། ང་ཚོ་རང་གཞན་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ཡང་། ཆགས་སྡང་གི་གཞན་དབང་དུ་ཡིབ་བསྡད་སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ལ་དང་དོད་ཀྱིས་སླེབས་བཞིན་ཡོད། སྡུག་བསྔལ་གྱི་རྒྱུ་ཕྱི་རུ་མེད་པར་གཙོ་བོ་སོ་སོའི་ནང་ལ་ཡོད། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །ཅེས་དགེ་བ་ཟེར་བ་ལ་དོན་དམ་པའི་དགེ་བ་བཤད་རྒྱུ་ཡོད་ཀྱང་། དགེ་བ་དང་སྡིག་པ་གཉིས་ནི་གཙོ་བོ་འབྲས་བུ་རང་དང་གཞན་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་ཚེ་དེ་དགེ་བ་དང་། རང་དང་གཞན་ལ་སྡུག་བསྔལ་ཡོང་བ་ཞིག་ཡིན་ཚེ་དེ་སྡིག་པ་ཡིན་པ་རེད། དེར་བརྟེན་དགེ་བ་དང་སྡིག་པ་ཅེས་པ་ནི། འབྲས་བུ་བཟང་ངན་ལ་བལྟས་ནས་འཇོག་རྒྱུ་མ་གཏོགས་རང་མཚན་པ་ཞིག་འཇོག་ཐབས་མེད་པར་བརྟེན་ང་ཚོ་ཚང་མར་རང་བཞིན་ལྷན་སྐྱེས་ཀྱི་ཤེས་པ་ཞིག་ཡོད་པ་དེ་དང་འབྲེལ་ནས་ཚོར་བ་ཞིག་ཡོད་པ་དང་། ཚོར་བ་དེའི་ཐོག་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་གི་ངང་གིས་ཡོདད། སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་ནའང་། སྡུག་བསྔལ་གྱི་རྒྱུ་མཐར་ཐུག་ཆགས་སྡང་གཉིས་པོ་འཛམ་གླིང་འདིར་དང་དུ་བླངས་ནས་འགྲོ་བཞིན་ཡོད། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག ཅེས་དངོས་གནས་སྨོན་ལམ་རྒྱག་གི་ཡོད་ཚེ། ཁ་ཞེ་གཉིས་མེད་ཀྱི་བསམ་བློ་དེ་ཡིན་ཚེ་ག་ཚོད་ཐུབ་ཐུབ་ཀྱིས་སྡུག་བསྔལ་གྱི་རྒྱུ་སེམས་མ་བཏུལ་བ་ངོ་སྤྲོད་བྱས་ཏེ། དེས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་དེ་ངོ་སྤྲོད་བྱེད་པ་དང་། བདེ་བའི་རྒྱུ་སེམས་བཏུལ་བ་རེད་དེ་ངོ་སྤྲོད་བྱས། ཆོས་ཡོད་ན་རེད་ཆོས་མེད་ནའང་རེད། ཆོས་གང་དང་གང་ཡིན་ཡང་ཁྱད་པར་མི་འདུག གང་ལྟར་སེམས་བཏུལ་བ་ཞིག་བྱུང་ན་བདེ་སྐྱིད་ཡོང་གི་རེད། སེམས་མ་བཏུལ་ན་སྡུག་བསྔལ་ཡོང་རྒྱུ་རེད། སྤྱོད་འཇུག་ནས་གསུངས་པ་ལྟར། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་གྱུར། །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཟེར་བ་ཏག་ཏག་རེད་འདུག འཛམ་གླིང་འདིར་དེ་ལྟ་བུ་འདུག

འཛམ་གླིང་འདིར་སེམས་ཞི་བདེ་ཡོང་བ་ཞིག་དང་། ཆགས་སྡང་ལ་ཉེས་དམིགས་སུ་མཐོང་བ་ཞིག་ལ་ང་ཚོས་འབད་བརྩོན་བྱེད་དགོས་ཀྱི་ཡོད། དེ་སློབ་གསོའི་ཐོག་ནས་ཡོང་རྒྱུ་རེད། ལོ་སྟོང་ཕྲག་ཁྲི་ཕྲག་རིང་སྨོན་ལམ་བརྒྱབ་ཡང་དེས་ཕན་གྱི་མི་འདུག དོ་བདག་སོ་སོས་སེམས་འདུལ་བའི་འབད་བརྩོད་བྱེད་པ་དང་། སེམས་མ་བཏུལ་བ་ཉུང་དུ་གཏོང་བར་འབད་བརྩོན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། དེ་རིང་འདིར་ཐུགས་རྗེ་ཆེན་པོའི་དབང་བྱེད་རྒྱུའི་དམིགས་ཡུལ་གཙོ་བོ་ནི་སེམས་མ་བཏུལ་བ་འདུལ་བར་བྱེད་རྒྱུའི་དམིགས་ཡུལ་གཙོ་བོ་རེད།། སེམས་འདུལ་ཐབས་ལ་སྤྱིར་འཛམ་གླིང་ཀུན་ལ་ཁྱབ་པ་ཞིག་གི་ཐོག་ནས་བཤད་པ་ཡིན་ན། དམིགས་བསལ་ཆོས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གི་ཐོག་ནས་འཛམ་གླིང་འདིར་བྱམས་བརྩེ་སྤེལ་བ་ཞིག་བྱེད་དགོས་ཀྱི་ཡོད། ལོ་སྟོང་ཕྲག་གི་རིང་གཙོ་བོ་རྒྱ་གར་འཕགས་པའི་ཡུལ་ལ་ Secular ཟེར་བ་དེ་ཆོས་དང་མ་འབྲེལ་བའི་ཐོག་ནས་མི་བཟང་པོའི་བསླབ་བྱ་བྱེད་པ་ཞིག་དང་། དེ་བཞིན་ Non violence ཨ་ཧིམ་ས་ཞེས་པ་ནི་འཚེ་བ་མེད་པའི་དོན་རེད། འཚེ་བ་མེད་པ་ཞེས་པ་ནི་ཕྱི་རོལ་ཅ་ལག་ལྟ་བུ་ཞིག་གི་ཐོག་ནས་འཚེ་བ་ཡོད་མེད་སྐད་ཆ་བཤད་རྒྱུ་མ་ཡིན་པར། འཚེ་བ་ཡིན་དང་མིན་ཞེས་པ་ནི་སེམས་རྒྱུད་དང་འབྲེལ་བའི་ཐོག་ནས་སྐད་ཆ་བཤད་ཀྱི་ཡོད་པས་འཚེ་བ་མེད་པ་ལ་བྱམས་བརྩེ་དགོས་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་བཀའ་དབང་དང་སྤྱན་རས་གཟིགས་ཕྱག་བཞི་བའི་རྗེས་གནང་བ་བཅས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།