ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

༧གོང་ས་མཆོག་གིས་ཨ་རིའི་སྐུ་ཚབ་ཚོར་བཀའ་སློབ་སྩལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༡༠ཉིན་སྤེལ། དེ་རིང་ང་ཚོ་འདིར་འཛོམས་ཏེ་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་པ་ཞིག་རྩ་བ་ཉིད་ནས་མ་རེད། ཅེས་༧གོང་ས་མཆོག་གིས་བཀའ་སྩལ་བ།

Tibet-HHDalailama-2017༧གོང་ས་མཆོག་གིས་དེ་རིང་དངོས་སུ་འདིར་འཁོད་པའི་ང་ཚོའི་བོད་མི་རྒན་གཞོན་སེར་སྐྱ་རྣམས་དང་། འདིར་ཕེབས་མ་ཐུབ་པའི་བོད་མི་འཛམ་གླིང་གི་རང་དབང་ཡུལ་གྲུ་ཁག་གི་གནས་སྡོད་པ། ལྷག་པར་དུ་རང་དབང་བྲལ་ཞིང་དངངས་སྐྲག་འོག་གནས་པའི་གཞིས་ལུས་རྒྱ་ཆེའི་མི་མང་བཅས་ཚང་མར་ངོས་རང་གིས་སྐད་ཆ་ཁ་ཤས་ཞུས་མྱོས་སྤྲོ་སོང་། ཅེས་གསུངས་སྩལ་པ་དང་།

རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་བཀའ་སྩལ་དོན། ང་ཚོ་བོད་མི་རིགས་ནི་གསང་བ་ནས་མངོན་གསལ་དུ་ཐོན་པ། ཆ་བཞག་ན། ཧ་ལམ་ལོ་སྟོང་ཕྲག་༢༠ནས་༣༠བཤད་ཀྱི་ཡོད་ཅིང་། ད་ལྟ་མི་སྡེ་སྤྱི་ཚོགས་ཤིག་ཆགས་པའི་གྲས་ཀྱི་སྔ་ཤོས་ཤིག་དང་། ང་ཚོའི་མི་རབས་འདིར་དུས་ཀྱི་འགྱུར་བ་ཧ་ཅང་གིས་ཆེན་པོ་བྱུང་ཞིང་། ཕྱི་ལོ་༡༩༥༩ལོར་བཙན་བྱོལ་ལ་འབྱོར་སྐབས། ང་ཚོར་གནམ་དང་ས་མ་གཏོགས་ངོ་ཤེས་གྲོགས་པོ་མེད་པ་འདྲ་བས་ན། ད་ནི་ག་འདྲ་བྱས་ཡོང་ཨང་བསམ་སྟེ་དངངས་འཚབ་ཁྲོད་བསྡད་དགོས་པའི་གནས་སྟངས་ཤིག་རེད།

Tibet-US-Delagation-2017དེ་ནས་རིམ་བཞིན་དུ་ང་ཚོ་བཙན་བྱོལ་ཏུ་ལོ་༥༨ལྷག་ཅིག་འགོར་བཞིན་པ་དང་། ང་ཚོའི་དངངས་སྐྲག་གི་གནས་སྟངས་དེ་ནི་རིམ་བཞིན་འགྱུར་བ་ཕྱིན་ཞིང་། དེ་རིང་འདིར་ཆ་བཞག་ན། ང་ཚོ་བཙན་བྱོལ་བ་ཞིག་རེད། བཙན་བྱོལ་བའི་ངོས་ནས་བཤད་ན་སྐྱབས་མེད་མགོན་མེད་ལྟ་བུ་ཞིག་རེད། ཡིན་ནའང་། ང་ཚོ་ངོ་ཤེས་མེད་སར་ངོ་ཤེས་བྱུང་ཞིང་། གྲོགས་པོ་མེད་སར་གྲོགས་པོ་བྱུང་། རྒྱབ་སྐྱོར་བྱེད་མཁན་ཡིན་ནའང་ལྷག་བསམ་རྣམ་དག་རེད། དཔལ་འབྱོར་གྱི་ངོས་ནས་རྒྱབ་སྐྱོར་བྱས་པ་མ་རེད་ལ། ཆབ་སྲིད་ཀྱི་གནས་སྟངས་འོག་རྒྱབ་སྐྱོར་བྱས་པ་ཡང་མ་རེད། བདེན་པ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དཔེར་ན། དེ་རིང་འདིར་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ལྕམ་ནཱན་སེ་ཕི་ལོ་སེ་དང་ང་ཚོ་ལོ་མང་རིང་ངོ་ཤེས་ཡིན། མོ་དང་མོའི་ཕྱག་རོགས་དགའ་རབ་ཞིག་འདིར་ཕེབས་པ་རེད། བྱས་ཙང་། ཁོང་རྣམས་ཀྱིས་ང་ཚོར་དཔལ་འབྱོར་གྱི་ཐོག་ནས་རོགས་རམ་བྱས་པ་རེད་དམ་ཟེར་ན་མ་རེད། ང་ཚོར་བདེན་པ་ཡོད་ཅིང་། དེ་གཅིག་པུས་ཀྱང་འགྲིག་གི་མི་འདུག བདེན་པ་འཚེ་བའི་ལམ་ཏུ་ཕྱིན་པ་ཡིན་ན། མིར་ཤ་ཚ་ལབ་ཡ་ཁེག་པོ་རེད། ང་ཚོས་བདེན་པ་མ་རྩར་བཞག་ཅིང་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་སྟེ་འཐབ་རྩོད་བྱས་བསྡད་ཡོད་པ་རེད། ཅེས་དང་།

Tibet HHPelosi-2107གཞན་ཡང་། ང་ཚོས་རྒྱ་ནག་ལ་རྩོད་ལེན་བྱེད་ཀྱི་ཡོད་མོད། རྒྱ་མི་རིགས་ལ་གུས་བརྩི་དང་། མདོར་ན་གུང་ཁྲན་ཏང་ཡོན་སྦུབས་སུ་དོག་པོར་ཡོད་པ་རྣམས་སུ་སྙིང་རྗེ་སྒོམ་ཞིང་། ཐ་ན་གཏོང་ལེན་གྱི་དམིགས་པ་བྱས་ཏེ་ཁོ་ཚོའི་སེམས་ཀྱི་དངངས་སྐྲག་དང་ཁོང་ཁྲོ། དོག་པའི་རིགས་ཚུར་བླངས་ཤིང་། ང་རང་ཚོས་བྱམས་བརྩེ་དང་བཟོད་པ། ཡིད་ཆེས་རིགས་ཕར་བརྗེས་ཏེ་དངོས་སུ་ལག་ལེན་གྱི་ཐོག་ནས་ཕན་ཐོག་གང་ཡང་མེད་ཀྱང་། བསམ་བློའི་ནང་དུ་ཁྱད་པར་ཆེན་པོ་འདུག དེ་བཞིན་དུ་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་པ་དེ་ནི་བྱམས་བརྩེ་ཡི་བློ་དང་མ་བྲལ་བའི་ཐོག་འཐབ་རྩོད་བྱེད་ཀྱི་ཡོད་པས་ན། ང་ཚོར་རྒྱབ་སྐྱོར་བྱེད་མཁན་ལོ་བཅུ་ཕྲག་ནས་བཅུ་ཕྲག་བརྒྱུད་མང་རུ་འཕེལ་གྱིན་པ་ནི། ང་ཚོའི་ལྷག་བསམ་དང་བསམ་པ་རྣམ་དག དྲང་བདེན། རྒྱ་མི་རིགས་ལ་ཆ་བཞན་ན་ཡང་། དངོས་གནས་ཁོང་ཁྲོའི་རིགས་མེད་པ་བྱས་ཏེ་ང་ཚོས་གཉིས་ཕན་གྱི་ལམ་ནས་དཀའ་ངལ་འདི་སེལ་ཐུབ་ན་བསམ་སྟེ་འབད་བརྩོན་བྱས་པ་ཡིན་པས་ན། རྒྱ་མི་རིགས་ཀྱི་ནང་ནས་ཀྱང་རྒྱབ་སྐྱོར་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་འདི་ང་ཚོས་ཤེས་དགོས་པ་ཞིག་རེད། ང་ཚོར་བོད་པར་ཡང་གྲོགས་པོ་མེད་སར་གྲོགས་པོ་དང་ངོ་ཤེས་མེད་སར་ངོ་ཤེས་ཆགས་པ་ཤུགས་ཆེ་རུ་ཆེ་རུ་འགྲོ་བ་འདི་ནི། ང་ཚོ་བསམ་པ་རྣམ་དག་དང་དྲང་པོ་དྲང་རྐྱང་གིས་མིའི་བརྩེ་བ་མ་དོར་བར་དཀའ་ལས་རྒྱག་གི་ཡོད་པ་སོང་ཙང་། འཛམ་གླིང་འདིར་རིན་ཐང་ཞིག་སླེབས་ཏེ་མང་པོས་དོ་སྣང་བྱེད་ཀྱི་འདུག འདི་ནི་ང་ཚོའི་བོད་ཀྱི་རིག་གཞུང་དང་གོམ་གཤིས་ཆགས་ཡོད་པ་དང་། འདི་འདྲའི་བྱམས་བརྩེ་དང་གཉིས་ཕན་གྱི་བསམ་བློ་ནི་ང་ཚོ་བོད་པའི་དཀའ་ངལ་གཅིག་པུ་མིན་ཞིང་། འཛམ་གླིང་གི་དཀའ་ངལ་མང་པོ་ཞིག་ལ་བྱམས་བརྩེ་དང་གཉིས་ཕན་གྱི་བློ་ཞིག་སྟེ། རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད། གཞན་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པའི་བསམ་བློ་ཞིག་བཏང་བ་ཡིན་ན། འཛམ་གླིང་དུ་མིས་བཟོས་པའི་དཀའ་ངལ་ག་ཚོད་ཅིག་འདུག་གམ། མི་ག་ཚོད་གསད་ཀྱི་འདུག་གམ། འདི་དག་ནི་བྱམས་བརྩེ་ཡིས་བློས་སེལ་རྒྱུ་མ་གཏོགས་གོ་ཚོན་དང་དངུལ་གྱིས་སེལ་ཐུབ་པ་ཞིག་ཡོད་པ་མ་རེད།

Tibet-AUDENCE-2017དེ་བཞིན་འཛམ་གླིང་གི་ཁོར་ཡུག་དང་གནམ་གཤིས་ཀྱི་དཀའ་ངལ་གྱི་གནས་ཚུལ་ཁ་ཁ་རེད། ང་ཚོ་མིས་བཟོས་པའི་དཀའ་ངལ་ནི་དྲག་པོ་བྱས་ཏེ་མེད་པ་བཟོ་བ་དཀའ་ལས་ཁེག་པོ་ཡིན་པ་དང་། དུས་རབས་ཉི་ཤུ་བའི་ནང་དུ་གོ་མཚོན་བེད་སྤྱོད་བྱས་ཏེ་མི་ག་ཚོད་གསད་ཡོད་དམ། མི་ས་ཡ་༢༠༠ལྷག་ཅིག་གསད་ཡོད་ཅིང་། དེའི་རྐྱེན་གྱིས་ཞི་བདེ་དང་འཆམ་མཐུན་ཞིག་ཡོང་ཐུབ་མེད་ལ། འདས་པའི་ལོ་རྒྱུས་ནང་ལོག་ཏུ་དབང་ཡོད་དང་ཐུབ་ཚོད་བྱས། གོ་ཚོན་གྱི་ནུས་པའི་ཐོག་ཁ་གཏད་བཅག་ན་འདས་པའི་ལོ་རྒྱུས་ནང་དུ་དཀའ་ངལ་སེལ་བ་ཞིག་བྱུང་མྱོང་མེད་ལ། མ་འོངས་པའི་ལོ་རྒྱུས་ནང་དུ་ཁྱོན་ནས་འབྱུང་གི་མ་རེད། བྱས་ཙང་། ང་རང་ཚོའི་བོད་པའི་དོན་དག་འདི་ནི་དྲང་པོ་དྲང་བཞག་དང་བྱམས་བརྩེ་ལྡན་པའི་ངང་ང་ཚོའི་དཀའ་ངལ་སེལ་པ་ཞིང་། དེ་ནི་ང་ཚོས་འཛམ་གླིང་དུ་མིག་དཔེར་བསྟན་སྟེ། གང་ལ་གང་འཚམས་ཀྱིས་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་དང་ཕན་ཐོག་བྱུང་ཐུབ་པ་ཞིག་ཡོད་པ་རེད། དེ་འདྲ་ཡིིན་དུས། ཁ་སང་ངོས་ཁོང་རང་ཚོར་མཇལ་དུས་ཀྱང་ཞུས་པ་ཡིན་ལ། ནམ་རྒྱུན་ནས་བཤད་བསྡད་ཀྱི་ཡོད། ང་ཚོའི་བོད་པར་རྒྱབ་སྐྱོར་གནང་མཁན་ཚོས་བོད་པའི་སར་ཕྱོགས་སུ་ལྷུང་སྟེ་རྒྱབ་སྐྱོར་བྱེད་དགོས་པ་མ་རེད་དཱ། དྲང་བདེན་གྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་ངོས་བཤད་བསྡད་ཀྱི་ཡོད། ངོས་དེ་འདྲ་དྲན་གྱི་འདུག  ང་ཚོ་འཚེ་བའི་ལམ་དུ་སོང་སྟེ་མི་གསོད་ཁྲག་སྦྱོར་བྱས་ཡོད་ན། འདི་བར་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་འདི་ཚོ་ཡོང་ཡ་ཁྱོན་ནས་ཡོད་པ་མ་རེད། དཔེར་ན། ངོས་རང་འཛམ་གླིང་གང་སར་སླེབས་ཀྱི་ཡོད་པ་དང་། ངོས་འབྱོར་བའི་སྐབས་སུ་མི་དེ་ཚོས་ལྷག་བསམ་རྣམ་དག་དང་རྒྱབ་མདུན་མངོན་ལྐོག་མེད་པར། ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། ཅེས་པ་འདི་ཡོང་བའི་བསམ་བློ་ཞིག་ཡོད་པའི་ཆ་ནས་ང་ཚོ་དགའ་བོ་བྱེད་ཀྱིན་པས་ན། འདི་ནི་ངོས་ཀྱི་ཁྱད་ཆོས་མ་རེད། ལོ་སྟོང་ཕྲག་ལྷག་རིང་ལ་ང་ཚོ་བོད་མི་རིགས་ལ་གཙོ་བོ་དཔལ་ན་ལེཎ་ཌའི་ཆོས་བརྒྱུད་བྱམས་བརྩེ། དེ་ཡི་རྒྱབ་བརྟེན་ནི་ལྟ་གྲུབ་གཟི་བོ་ཞིག་གི་ཐོག་ནས་བཤད་བསྡད་ཡོད་ཅིང་། དེ་ལྟ་བུའི་ལྟ་གྲུབ་དེ་ནི་ཚན་རིག་པ་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་དང་། ཕན་ཚུན་བློ་བསྐྱེད་ལེན་ཐུབ་པ་ཞིག་ཏུ་གྱུར་ཡོད་པ་རེད། འདི་ནི་ང་ཚོའི་བོད་མི་རིགས་ཀྱི་རིག་གཞུང་ལ་སྤོབས་པ་སྐྱེས་དགོས་པ་ཞིག་དང་། འཛམ་གླིང་འདིའི་སྒང་དུ་ནང་པ་མང་པོ་ཡོད་པ་རེད་མོད། འདི་འདྲའི་ལྟ་གྲུབ་ཟབ་བརླིངས་རྒྱ་ཆེན་པོ་ཞིག་ང་ཚོ་བོད་པ་མ་གཏོགས་མེད་པས་ན། ང་ཚོའི་ཕ་མེས་ནས་མར་རྒྱུད་འཛིན་གྱིས་བྱམས་བརྩེ་སྒོམ་པའི་གོམས་གཤིས་ཤིག་ཡོད་བསྡད་པ་འདི་ནི། དེ་རིང་ཁ་སང་ང་ཚོ་བོད་པ་གཅིག་པུས་ངོམ་ཡ་དེ་འདྲ་ཞིག་མ་རེད། འཛམ་གླིང་སྤྱི་ལ་ཕན་ཐོག་བྱེད་པའི་ནུས་པ་ཏན་ཏན་འདུག

ད་ལྟ་ང་ཚོ་བཙན་བྱོལ་བ་སྐྱབས་མེད་མགོན་མེད་ཉུང་ཤོས་ཤིག་རེད་དེ། བྱམས་བརྩེ་ཟེར་བ་ཞིག་ལ་འཛམ་གླིང་གིས་དོ་སྣང་བྱེད་དགོས་པ་ཞིག་ང་ཚོས་བྱེད་ཐུབ་ཀྱི་ཡོད་པ་ནི་ང་ཚོས་ཤེས་དགོས་པ་རེད། ང་ཚོར་མིས་དགའ་བོ་བྱེད་པ་དང་རྒྱབ་སྐྱོར་བྱེད་པ་ནི། བོད་མི་རིགས་ཀྱིས་བྱམས་བརྩེ་ཡི་རིག་གཞུང་ཞིག་ལག་ལེན་འཁེལ་ཡོད་པའི་ཆ་ནས་རེད།

Tibet-Temple-2017གཙོ་ཆེ་ཤོས་བོད་ནང་དུ་ཡོད་བསྡད་པའི་རྒྱ་ཆེའི་གཞིས་ལུས་བོད་མི་རྣམས་ཀྱིས་དངོས་གནས་བྱམས་བརྩེ་ཉམས་ལེན་དཀའ་ངལ་དང་ཉེན་ཁ་ཡོད་པའི་ཐོག་ནས་བྱས་ཏེ་ང་ཚོའི་རིག་གཞུང་ཟིན་བསྡད་ཡོད་ཅིང་། རྒྱ་རིགས་གྲོགས་པོ་མང་པོ་ཞིག་གིས་ང་ཚོར་ངོ་མཚར་སྐྱེས་ཏེ་འབྲེལ་བ་བྱས་ཡོང་གི་འདུག དེ་བས་ན་ང་རང་ཚོར་སྙིང་སྟོབས་ཤིག་ཡོང་གི་ཡོད་པ་ནི། ང་རང་ཚོའི་བོད་པའི་རིག་གཞུང་གི་ཐོག་ནས་ཡོང་གི་ཡོད་པ་རེད་ལ། བོད་ཀྱི་རིག་གཞུང་འདི་ནི་གནའ་སྔ་མོ་ཡིན་ན། བོད་ས་ཡ་དྲུག་གི་ནང་ལོག་ལ་འཁོར་ནས་བསྡད་པ་ཞིག་རེད། ཁ་སང་དེ་རིང་བོད་ཀྱི་རིག་གཞུང་གིས་འཛམ་གླིང་སྤྱི་ལ་གང་ལ་གང་འཚམས་ཤིག་ཕན་ཐོག་བྱུང་གི་ཡོད་པར་ངོས་རང་གཏན་འཁེལ་གྱི་འདུག ཚོད་ཐུག་གི་འདུག

ཁ་སང་དེ་རིང་ང་རང་ཚོ་ཚང་མས་བོད་དོན་ལ་སེམས་ཤུགས་ཡོད་པ་རེད་ལ། བོད་ནང་གི་རྒྱ་ཆེའི་མི་མང་ཚོས་བོད་དོན་སྒང་ལ་སེམས་ཤུགས་ཡོད་པ་རེད། ང་ཚོའི་སེམས་ཤུགས་དེ་ནི་ཁོང་ཁྲོ་ཟོས་ཏེ་མི་ལ་གནོད་པ་བྱེད་པའི་དུས་ཚོད་མ་རེད། ང་ཚོའི་སེམས་ཤུགས་དེ་ནི་དངོས་གནས་དྲང་གནས་གྲོགས་པོ་བཟོ་བའི་འོག་ནས་ང་ཚོའི་བདེན་པའི་མཐའ་ནི་ཏན་ཏན་སེལ་གྱི་རེད། བདེན་ཚིག་སྨོན་ལམ་ནང་དུ་ངས་བྲིས་བཞག་ཡོད། བྱམས་བརྩེ་ཡིས་ང་ཚོའི་བོད་པའི་འཐབ་རྩོད་སེལ་ཐུབ་པ་དང་འཛམ་གླིང་ལ་མིག་དཔེ་སྟོན་ཐུབ་པ་ཞིག་ཏུ་ང་ཚོས་བསམ་བློ་གཏོང་དགོས་པ་རེད།

ངོས་ཀྱིས་སྐུ་མགྲོམ་རྣམ་པ་ཚོའི་ཡོད་སའི་མདུན་དུ་བཤད་མྱོས་སྤྲོ་སོང་། ཁྱེད་རང་ཚོའི་ངོས་ནས་ཀྱང་། དངོས་གནས་བོད་པར་ཤ་ཚ་དང་རྒྱབ་སྐྱོར་གནང་བ་ཧ་ཅང་གིས་ཡག་པོ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་ཐོག་སྐབས་རེར་བདེ་དང་མ་བདེ་བ་ཡོང་གི་ཡོད་པ་རེད་མོད། ཡིན་ནའང་། དངོས་ནས་ལྷག་བསམ་འཁུར་སྟེ། འཛེམ་ཟོན་མེད་པའི་སྒང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད་ལ། ཨ་རི་ལ་ཆ་བཞག་ན། ཕལ་ཆེར་རང་དབང་ལྡན་པའི་འཛམ་གླིང་ཡོངས་ཀྱི་མགོ་གཙོའི་བཟོ་འདྲ་ཆགས་བསྡད་ཡོད་པ་རེད། ཨ་མ་རི་ཁ་ཧ་ཅང་གིས་གལ་ཆེན་པོ་རེད། འདིར་ཕེབས་མཁན་རྣམས་ནི་ཨ་རིའི་གྲོས་ཚོགས་གོང་འོག་གི་ཡིན་པ་དང་། ང་ཚོ་གྲོགས་པོ་འདྲེས་བརྟན་པོ་ཡོད་པའི་རྒྱབ་སྐྱོར་བ་ཞིག་ཆགས་བསྡད་ཡོད་པ་རེད། བྱས་ཙང་། ཁྱེད་རང་ཚོ་འདིར་ཆེད་མངགས་ཕེབས་ཏེ་བོད་པ་ཚོར་གདུང་སེམས་མཉམ་བསྐྱེད་དང་བདེན་པའི་རྒྱབ་སྐྱོར་གྱི་རྣམ་འགྱུར་ཞིག བོད་རྒྱ་ཆེའི་མི་མང་གི་མདུན་ནས་བསྟན་པ་ལ་བཀའ་དྲིན་ཆེ་ཞེས་ལབ་པ་ཡིན།

ང་རང་ཚོའི་རིག་གཞུང་ནི་ཕྱི་ལོག་ཏུ་མཐོང་བསྡད་པ་ཞིག་མ་རེད། གཙོ་བོ་སེམས་ནང་དུ་ཡ་རབས། སྤྱོད་བཟང་དགོས་ཤིང་། དེ་ནི་ཡང་རྒྱུ་མཚན་ལྡན་པའི་ཐོག་ཏུ་སྣོད་བཅུད་ཡོངས་རྫོགས་ནི་རྟེན་ཅིང་འབྲེལ་བར་བྱུང་ནས་གྲུབ་པ་དང་ལྟོས་གྲུབ་རེད། དེ་ཡིན་ཙང་། རང་ལ་དགོས་པའི་བདེ་སྐྱིད་ནི་ལྟོས་ནས་གྲུབ་པ་རེད་མ་གཏོགས་བདེ་སྐྱིད་ཅེས་རྡོག་རྡོག་ཅིག་ཡོད་པ་མ་རེད། སྡུག་བསྔལ་ནི་ལྟོས་ནས་གྲུབ་པ་རེད་མ་གཏོགས་རང་དབང་གཅིག་པུར་ཡོད་པ་མ་རེད། དེ་བས་ལྟོས་གྲུབ་ཀྱི་རྣམ་བཞག་ལ་བསམ་བློ་འཁོར་བ་ཡིན་ན། ང་ཚོའི་ཉོན་མོངས་ཀྱི་བློར་ལྟོས་གྲུབ་ཀྱི་བློ་འཁོར་གྱི་མེད་པར་མཛུབ་མོ་བཙུག་ས་ཞིག་འཁོར་ཞིང་། ལྟོས་གྲུབ་ཀྱི་རིག་པས་ཉོན་མོངས་ཀྱི་གཉེན་པོ་རང་བཞིན་གྱིས་ཤུགས་ཆུང་རུ་འགྲོ་བ་རེད། ཚན་རིག་པས་ཀྱང་། ཁོང་ཁྲོ་ཟ་སའི་ཡུལ་དེ་ནི་མི་སྡུག་པ་ཞིག་སྣང་གི་ཡོད་ལ། མི་སྡུག་པའི་བརྒྱ་ཆའི་དགུ་བཅུ་ནི་ཁོང་ཁྲོ་ཟ་མཁན་གྱི་སེམས་ཀྱིས་བཟོས་འདུག་ཅེས་བརྗོད་ཀྱི་འདུག སངས་རྒྱས་པའི་གཞུང་ནང་དུ་ཡང་ཏག་ཏག་དེ་གསུངས་ཡོད་པ་རེད། སེམས་སུ་ཞི་བདེ་ཞིག་སླེབས་པ་དེ་ཡིས་ཏན་ཏན་ལུས་ཀྱི་འབྱུང་བར་ཕན་པ་ཞིག་རེད། བྱས་ཙང་། ང་རང་ཚོ་ཚང་མས་སེམས་ཀྱི་བོད་ཀྱི་ཆོས་དང་རིག་གཞུངས་ནི་ལྷ་དང་ཀླུ་ལྟ་བུ་ཞིག་ཏུ་འཛིན་པ་དེ་མ་རེད། བོད་ཀྱི་རིག་གཞུང་ཡིན་པའི་ཆ་ནས་སེམས་སུ་འགྱུར་བ་གཏོང་བ་ཞིག དེ་ནི་སྨོན་ལམ་བཏབ་ནས་མིན་པར་རྟེན་འབྲེལ་དང་རྒྱུ་མཚན་ལ་བསམ་བློ་བཏང་སྟེ་སེམས་སུ་འགྱུར་བ་གཏོང་བ་ཞིག་རེད། དེ་ཡིས་འཛམ་གླིང་སྤྱི་ལ་རོགས་ཕན་བྱེད་ཐུབ་པ་ཞིག་རེད།

ངོས་རང་བཙན་བྱོལ་བ་ཆགས་ཏེ་ལོ་༥༨འགོར་ཞིང་། བཙན་བྱོལ་ལ་འབྱོར་དུས་ལོ་༢༤དང་ད་ལྟ་ལོ་༨༡ལ་ལོན་པ་དང་། བོད་རིགས་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་དཀའ་ལས་རྒྱབ་སྟེ་བོད་མི་རིགས་ཀྱི་རིག་གཞུང་ཞིག་བཙུགས་བཞག་པ་འདི་ནི། རིན་ཐང་ལྡན་པ་ཞིག་རེད་ལ། སོ་སོ་འདི་འདྲའི་རིག་གཞུང་ཡོད་པའི་མི་རིགས་ཤིག་གི་ནང་དུ་སྐྱེས་པ་ནི་སྐལ་བ་བཟང་པོ་ཡིན་བསམ་གྱི་ཡོད། ཚང་མས་ཧུར་ཐག་བྱེད་དགོས་པ་རེད་ཅེས་ཞུ་མྱོས་སྤྲོ་སོང་།

དེ་མིན་འདིར་ཕེབས་གྲོགས་པོ་རྣམ་པ་ཚོར་ཞུས་ཚར་ཡིན། ང་ཚོས་རྒྱ་ཞེས་པ་དེར་གྲོགས་པོའི་འདུ་ཤེས་བཞག་དགོས་ཤིང་། ད་ལྟའི་ང་ཚོའི་བར་དཀའ་ངལ་འདི་ནི་རྒྱ་ལ་ཕན་གྱི་མེད་ལ་བོད་ལ་ཡང་ཕན་ཀྱི་ཡོད་པ་མ་རེད། དཀའ་ངལ་འདི་ནི་སེལ་དགོས་པ་ཞིག་དང་། དེ་སེལ་བར་རྒྱས་ང་ཚོར་དྲག་གནོན་བྱས་ཏེ་ལོ་༦༠ཕྱིན་ཅིང་། དཀའ་ངལ་སེལ་བ་ལས་མིའི་སེམས་སུ་དོག་པ་དང་འཇིགས་སྣང་སླེབས་ཀྱི་ཡོད་པ་དང་། དེ་སླེབས་ན་འཆམ་མཐུན་མི་ཡོང་ལ། འཆམ་མཐུན་མེད་ན་དཀའ་ངལ་སེལ་མི་ཐུབ། བོད་མི་རིགས་རྩ་མེད་བཟོ་བར་དཀའ་ལས་ཁག་པོ་ཡིན། བོད་མི་རིགས་བསྡད་ཀྱི་རེད། དེ་བས་ང་ཚོའི་རྒྱ་རིགས་གྲོགས་པོ་ཚོར།  དེ་རིང་ང་ཚོ་འདིར་འཛོམས་ཏེ་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་པ་ཞིག་རྩ་བ་ཉིད་ནས་མ་རེད། རྒྱ་མི་རིགས་གསར་འགོད་པ་དེ་འདྲའི་བཤད་འདོག་ཁ་བོ་རེད། ཨ་རིའི་ལོག་སྤྱོད་པ་དེ་ཚོས་ཏཱ་ལའི་ལོག་སྤྱོད་པ་མཉམ་དུ་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་འདུག་ཅེས་བཤད་སྲིད་ཀྱི་རེད། དོན་དངོས་གནས་དེ་འདྲ་ཞིག་མ་རེད། ཅེས་བཀའ་སློབ་ཟབ་མོའི་བཀའ་དྲིན་བསྐྱངས་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།