ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

༧གོང་ས་མཆོག་གི་རང་རྣམ་གཉིས་པ་བོད་འགྱུར་གནང་འདུག

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༥།༠༤ཉིན་སྤེལ། ༧གོང་ས་མཆོག་གི་མཛད་རྣམ་དག་ལས་རང་རྣམ་སྔ་རྗེས་གཉིས་པོ་འདི་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཅེས་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་སོང་།

Tibet-Lunch Book-2017ཁ་སང་ཕྱི་དྲོའི་ཚོུད་༣།༣༠ཐོག  བཞུགས་སྒར་ངྷ་སར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། དེ་ག་དཔེ་མཛོད་ཁང་ནས་དཔར་འགྲེམས་བྱས་པའི་༼བཙན་བྱོལ་ནང་གི་རང་དབང་།༽ཞེས་པའི་འགྱུར་དེབ་གཉིས་པ་ཞིག་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཞིང་མཛད་སྒོ་སྟབས་བདེ་ཞིག་སྐོང་སོང་།


དེ་ཡང་གོང་ཚེས་ཉིན་གྱི་དཔེ་དེབ་དབུ་འབྱེད་ཐོག  སྐུ་མགྲོན་གཙོ་བོ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་ལོ་ཙ་བ་བསྟན་འཛིན་ཤེས་རབ། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་མིན་དོ་སྣང་ཅན་དང་གསར་འགོད་པ་བཅས་མི་གྲངས་༦༠ལྷག་ཅིག་འདུ་འཛོམས་བགྱིས་སོང་།

Tibet-LukDor-2017གཞན་ཡང་སྐོང་ཚོགས་འདིའི་གོ་སྒྲིག་ལྟར་ཐོག་མར་དགེ་བཤེས་ལྷག་རྡོར་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་དུ། ཁོང་གིས་གསུང་དོན། "༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དེབ་འདི་བྲི་ཡ་ལ་དོན་དག་གཙོ་བོ་གཉིས་ཤིག་བཀའ་སྩལ་ཡོད་པ་དེ་ནི། གཅིག དེང་སྐབས་ཏྭ་བླའི་བླ་མའི་སྐོར་ཤེས་འདོད་དང་དོ་སྣང་བྱེད་མཁན་མི་གྲངས་མང་ནས་མང་དུ་འགྲོ་བཞིན་ཡོད་པ་དང་། གཉིས། ངོས་རང་དང་འབྲེལ་བའི་རྒྱལ་རབས་ལོ་རྒྱུས་ཀྱི་གནས་ཚུལ་མང་པོ་ཞིག་ཡོད་པ་དེ་རྣམས་ཀྱག་ཀྱོག་མེད་པར་གསལ་བོ་བཟོ་བ་གལ་ཆེན་པོ་ཆགས་ཡོད་པ་དེ་ཡིན། ཞེས་བཀའ་སྩལ་གནང་འདུག " ཅེས་དང་།

དགེ་བཤེས་མཆོག་གིས་མུ་མཐུད་དུ་བརྗོད་དོན། "ཕྱི་ལོ་༡༩༩༡ལོར། བཙན་བྱོལ་ནང་གི་རང་དབང་ཞེས་པའི་དེབ་འདི་ནི་པར་རྒྱབ་དུས་སུ། ༧གོང་ས་མཆོག་བཙན་བྱོལ་ལ་བཞུགས་ཏེ་ལོ་༣༠ལྷག་ཅིག་ཕྱིན་པའི་ཁྲོད། ༧གོང་ས་མཆོག་གིས་འཛམ་གླིང་མི་རིགས་ཀྱི་དོན་དུ་སྐུ་ལུས་མང་པོ་བསྐྱོན་ནས་འཛམ་གླིང་དུ་ཆེ་མཐོང་གི་ངོས་འཛིན་ཐོབ་པ་དང་ཆབས་གཅིག་རྒྱ་དམར་གཞུང་ནས་མུ་ཐུད་དུ་རིན་པོ་ཆེ་མཆོག་ལ་ཁ་རྡུང་ཚིག་གཙུབ་བཏང་བསྡད་ཡོད་པ་རེད། འཛམ་གླིང་སྤྱིའི་ནང་དུ་བོད་ཀྱི་ལངས་ཕྱོགས་སུ་དོ་སྣང་དང་བོད་ཀྱི་ཡ་ང་བའི་གནས་སྟངས་སྐོར་ལ་གདུང་སེམས་མཉམ་བསྐྱེད་བྱས་ཤིང་། ཕྱི་ལོ་༡༩༨༩ལོར། ༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་པ་ཞིག་རེད།" ཅེས་དང་།

དགེ་བཤེས་མཆོག་གིས་དེབ་ཀྱི་སྐོར་ནས་གསུང་དོན། "༧གོང་ས་མཆོག་གི་རྣམ་ཐར་འདི་ནི་མི་གཞན་པ་ནང་བཞིན་སོ་སོས་བྱས་རབས་དང་བལྟས་རབས་བཀོད་པའི་ལོ་རྒྱུས་ལྟ་བུ་ཞིག་མ་རེད། དེ་བཞིན་དེབ་འདི་ནི་རྒྱ་དམར་གྱིས་ཧམ་བཤད་བྱས་ཏེ་ང་ཚོར་ཐུབ་ཚོད་མང་པོ་བཏང་ཡོད་པདེའི་ཁ་གཏད་དུ་ལངས་ཏེ། ཕ་རོལ་པོར་གཙུབ་པོ་བཤད་དེ་ལན་འདེབས་བྱེད་པའི་བཟོ་འདྲ་བོ་ཞིག་ཀྱང་མ་རེད། དེབ་འདིའི་ནང་ལོག་ཏུ་༧གོང་ས་མཆོག་རང་གི་དངོས་མྱོང་གི་མི་ཚེ་བྱུང་བ་དང་ལྷག་པར་རྒྱ་མིས་སླེབས་ཏེ་དངོས་སུ་དཀའ་སྡུག་ཅི་མྱོང་གི་གནས་ཚུལ་ཞིབ་རྒྱས་བཀོད་ཡོད་པ་ཞིག་རེད། " ཅེས་དང་།

གཞན་ཡང་དེབ་འདི་སྔོན་ཆད་ལྡི་ལི་བོད་ཁང་ནས་དཔར་འགྲེམས་གཅིག་བྱས་ཡོད་པའི་སྐོར་ནས་དགེ་བཤེས་ལགས་ཀྱིས་གསལ་ཁ་བྱས་དོན། ཁོང་གིས་བརྗོད་དོན། "དེབ་འདི་ནི་སྔོན་ལྡི་ལི་བོད་ཁང་ནས་བོད་བསྒྱུར་བྱས་ཏེ་དཔར་འགྲེམས་ཤིག་བྱས་ཡོད་པ་རེད། ང་རང་སྐུ་སྒེར་ཡིག་ཚང་དུ་ཡོད་དུས་ལེའུ་གལ་ཆེན་གཉིས་གསུམ་ཞིག་བོད་བསྒྱུར་བྱས་པ་ཡིན། དེ་ནི་ལྡི་ལི་བོད་ཁང་གིས་བསྐུར་རོགས་གནང་ཞེས་བཀའ་ཕེབས་པ་བཞིན་སྐུར་བ་ཡིན། དེབ་འདི་འདྲ་ཞིག་ཡོད་བཞིན་དུ་བསྒྱུར་དེབ་གསར་བ་དཔར་འགྲེམས་དགོས་དོན་ཅི་ཡིན་པའི་སོམ་ཉི་བྱུང་སྲིད་པས་ན། སྐབས་དེར་བསྟན་འཛིན་ཤེས་རབ་ལགས་ཀྱིས་ལྡི་ལི་བོད་ཁང་དུ་ཕྱག་ལས་གནང་གི་ཡོད་ཅིང་། ཁོང་གིས་དེབ་འདི་ནི་མི་ཚང་མས་གོ་སླ་བའི་སྒོ་ནས་བསྒྱུར་ཐུབ་པ་ཡིན་ན། བོད་ཀྱི་དཔེ་མཛོད་ནས་པར་བསྐྲུན་བྱེད་ཀྱི་ཡིན་མིན་སྐོར་ནས་ངེད་གཉིས་བཀའ་མོལ་བྱུང་མྱོང་བ་དང་། ངས་ཀྱང་ཁས་ལེན་བྱས་ཤིང་། འདིའི་རིགས་སུ་འགྱུར་གཉིས་གསུམ་ཅི་ཡོད་ཀྱང་ཡག་ཐོག་ཡག་བརྩེགས་ཡིན་པ་ལས་བསྐྱོན་ཆ་གང་ཡང་མེད་པས་ན། ༧གོང་ས་མཆོག་གི་བཀའ་སློབ་རྩ་ཆེན་པོ་འདི་ནི་དེ་རིང་བོད་ཀྱི་དཔེ་མཛོད་ཁང་དུ་དཔར་འགྲེམས་བྱེད་པའི་སྐལ་བ་ལྡན་སོང་བ་རེད།" ཅེས་འགྲེལ་བརྗོད་གནང་སོང་།

Tibet-samdong-2017སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་འགྱུར་དེབ་དབུ་འབྱེད་དང་འབྲེལ་བའི་གསུང་བཤད་དུ། ཁོང་གིས་གསུངས་དོན། "༧གོང་ས་མཆོག་གི་རང་རྣམ་གཉིས་པའམ་རང་རྣམ་རྒྱས་པ་འདི། དེ་སྔོན་ལྡི་ལི་བོད་ཁང་ལས་ཐེངས་གཅིག་བསྒྱུར་དེ་དཔར་འགྲེམས་ཟིན་པ་ཞིག ད་དུང་ཡང་བསྐྱར་བསྐྱར་ཞིབ་ཀྱི་ཐོག  འགྱུར་གཉིས་པ་ཞིག་དཔེ་མཛོད་ཁང་དུ་དཔར་བསྐྲུན་གནང་བ་སྟེ། དེ་རིང་མང་ཚོགས་ནང་འགྲེམས་སྤེལ་དབུ་འབྱེད་བྱེད་ཐུབ་པའི་གོ་སྐབས་བཟང་པོ་འདིར་ང་རང་བཅར་ཐུབ་པ་ལ་ཧ་ཅང་གིས་དགའ་བོ་བསམ་པའི་ཚོར་སྣང་བྱུང་།" ཞེས་དང་།

བཀའ་བློན་ཁྲི་ཟུར་མཆོག་གིས་མུ་མཐུད་དུ་གསུང་དོན། "༧གོང་ས་མཆོག་གི་མཛད་རྣམ་དག་ལས་རང་རྣམ་སྔ་རྗེས་གཉིས་པོ་འདི་ནི་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད། སྤྱིར་བཏང་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་སྐོར་ལ། ཕྱི་རྒྱལ་གྱི་རྩོམ་པ་པོ་རྣམས་ཀྱིས་བྲིས་པའི་སྐད་ཡིག་གཞན་གྱི་ནང་དུ་སྡེ་ཚན་མི་ཉུང་བ་ཞིག་ཡོད་ཅིང་། བོད་རིགས་རྩོམ་པ་པོ་ཚོས་བྲིས་པའི་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་བྱེ་བྲག་པ་སོ་སོའི་དོན་ལ་རྩལ་དུ་བཏོན་སྟེ་བྲིས་པ། ཡང་འགའ་ཤས་ཀྱིས་སྙན་ཚིག་གི་ལམ་ནས་རང་སོ་སོའི་ཚོར་སྣང་བཏོན་པ་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་གཞུང་འབྲེལ་གྱིས་༧གོང་ས་མཆོག་གི་མཛད་རྣམ་དེབ་ཐར་ཡོངས་སུ་རྫོགས་པ་ཞིག་ཐུགས་སྣང་བྱས་ཏེ་སྐུ་སྒེར་ཡིག་ཚང་ནས་དབུ་འཛུགས་གནང་ཞིང་། རྗེས་སུ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཐུགས་འགན་གཙང་མ་བཞེས་ཏེ། ད་ལྟ་སྡེ་ཚན་གང་ལ་གང་འཚམས་ཤིག་ཐོན་ཚར་ཡོད་ཅིང་། ད་དུང་ཁ་ཤས་ཐོན་རྒྱུར་བསྡད་ཡོད་པ་རེད། དེ་དག་ཚང་མ་ལས་ད་ལྟ་ངས་རང་རྣམ་གཉིས་པོ་ནི་གལ་ཆེན་ཡིན་པར་ཞུ་དགོས་དོན། རྣམ་ཐར་རིགས་སུ་བྲི་གཟུགས་མི་འདྲ་བ་གསུམ་ཞིག་འདུག དང་པོ། གང་གི་རྣམ་ཐར་གང་ཡིན་པ་དེ་རང་ཉིད་ཀྱིས་གསུང་བཞག་པ་དེར་རང་རྣམ། གཉིས་པ། མི་གཞན་ནམ། ཡང་ན་རང་གི་བླ་མ་དང་སྐྱེས་ཆེན་དམ་པ་སུ་གང་ཡིན་པ་དེའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་བང་རིམ་སྒྲིག་ནས་འབྲི་བའི་ལུགས་སྲོལ་ཞིག་ཡོད་པ་དེར་རྣམ་ཐར་དང་། གསུམ།  འདི་ནི་ང་ཚོའི་བོད་ཀྱི་ཐུན་མོང་མིན་པའི་གནས་སྟངས་ཤིག་རེད། ཆོས་ཀྱི་རྒྱུན་བྱེ་བྲག་པ་ཞིག་གི་བྱུང་རིམ་བསྣམ་སྟེ་ཕེབས་པ། ཡང་མིན་ན། དགོན་སྡེའམ་གདན་ས་བྱེ་བྲག་པ་ཞིག་གི་གདན་རབས་བསྣམ་སྟེ་ཕེབས་པ། དེ་ཚོའི་རིགས་དེ་ནི་ཆོས་དེ་དང་དེའི་ཡི་དམ་དེ་དང་དེའི་ཆོས་འབྱུང་དང་བླ་བརྒྱུད་སྐོར་བྲིས་པ། ཡང་མིན་ན་གདན་ས་སོའི་མཁན་པོ་དང་བླ་མའི་གདན་རབས་སླེབས་པ། བཅས་རག་པ་ཙམ་དབྱེ་ན་གསུམ་ཞིག་འདུག " ཅེས་དང་།
 
ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་པ་འཕྲིན་པ་ལས་ནི་མི་ཕལ་བའི་སྐད་ཆའི་ཐོག་བཤད་ན་འཆར་གཞི་དང་ལྡན་པ་ཞིག་ཡིན་པའི་སྐོར་ནས་གསུངས་དོན། "རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ལ་གཟིགས་པ་ཡིན་ན་མཁྱེན་པ་ཞིག་རེད། མཚམས་མཚམས་སུ་༧གོང་ས་མཆོག་གིས་ཞད་ཤོབ་དང་སྦྲགས་ཏེ་ཟུར་རེ་གསུངས་ཀྱི་འདུག རྗེ་དགེ་འདུན་གྲུབ་པ་གྲྭ་བ་གྲྭ་རྐྱང་ཞིག་རེད། བླ་བྲང་མེད་ལ་སྐུ་གོང་མ་ཡང་ཡོད་པ་མ་རེད། དགོངས་པ་རྫོགས་དུས་སུ་ཡང་སྲིད་ཕེབས་ཀྱི་རེད་དང་ཕེབས་ཀྱི་ཡིན་སྐོར་གྱི་གསུངས་ཡང་གནང་ཡོད་པ་མ་རེད། ཡིན་ནའང་། དགེ་འདུན་རྒྱ་མཚོ་དགོང་ལོ་བཞི་དང་ཕྱེད་ཀའི་ཐོག་བཀྲ་ཤིས་ལྷུན་པོར་ཕེབས་སྟེ། དགེ་འདུན་གྲུབ་ཀྱི་བསྙེན་གནས་སྒྲོན་མ་ཡི་མཚོན་པའི་མིང་ནས་འབོད་པའི་གསུངས་མང་པོ་ཞིག་བསྐྱོན་པ་ཡིན་ཙང་། པཎ་ཆེན་ཡེ་ཤེས་རྩེད་མོས་མཚོན་པའི་སྐབས་དེའི་དགེ་འདུན་གྲུབ་པའི་སློབ་མ་རྣམས་ཀྱིས་ངོས་འཛིན་མ་གནང་རང་གནང་ཆགས་པ་ཞིག་རེད། ངོས་འཛིན་བྱས་པའི་རྗེས་སུ། བཀྲ་ཤིས་ལྷུན་པོར་བཞུགས་སྲོལ་མ་བདེ་བའི་དབང་གིས་འབྲས་སྤུངས་སུ་ཕེབས་དགོས་བྱུང་ཞིང་། ཐ་མར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་དབུས་དང་། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་གཙང་བྱས་པའི་བརྒྱུད་རིམ་འདི་ནི། འགྲོ་བའི་དོན་མཛད་ཕྱོགས་ཀྱིས་འཆར་གཞི་ཞིག་ལྡན་ཡོད་པ་འདྲ་བོ་འདུག རྒྱལ་དབང་ལྔ་པ་ནས་བཟུང་། ཆོས་སྲིད་གཉིས་ཀྱི་བདག་པའི་ངོ་བོ་བཞེས་པ་ཞིག་རེད། "ཅེས་དང་།

ཕྱི་ལོ་༡༩༥༢ལོར་ཟམ་གདོང་རིན་པོ་ཆེ་ཁོང་རང་དགོང་ལོ་༡༤ལྷག་གི་ཐོག་གྲྭ་སར་གསར་དུ་སླེབས་སྐབས་སུ། འབྲས་སྤུངས་སྒོ་མང་དུ་༧གོང་ས་མཆོག་གིས་ལམ་རིམ་གསུང་ཆོས་མཇུག་བསྡོམས་སྐབས་ཀྱི་བཀའ་སྩལ་བ་ཞིག་གི་སྐོར་ནས་གསུངས་དོན། “ཕྱི་ལོ་༡༩༥༢ལོར་ཟླ་གཉིས་རིང་འབྲས་སྤུངས་སྒོ་མང་དུ་༧གོང་ས་མཆོག་གིས་ལམ་རིམ་གསུང་ཆོས་མཇུག་བསྡོམས་སྐབས་ཀྱི་བཀའ་སྩལ་བ་ཞིག་གི་གསལ་བོ་དྲན་གྱིན་འདུག སྐབས་དེར་༧གོང་ས་མཆོག་དགུང་ལོ་གཞོན་ཞིང་མཛད་པ་འཕྲིན་ལས་དེ་ཙམ་རྒྱས་མེད་དུས་རེད། མཇུག་བསྡོམས་སྐབས་སུ་སྐུ་མདུན་གྱིས་བཀའ་སྩལ་དོན། ‘བོད་སྤྱི་མཐུན་གྱི་བསོད་ནམས་ཀྱིས་ལྕོག་པ་ཡིན་ན། ད་ལྟའི་རྒྱལ་བའི་སྐུ་ཕྲེང་འདི་ནི་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དང་སྐལ་བཟང་རྒྱ་མཚོ། ངག་དབང་བློ་བཟང་རྒྱ་མཚོ་གསུམ་ག་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་གི་མཛད་པ་འཕྲིན་ལས་འཕེལ་བའི་ཡིད་ཆེས་གཏན་པོ་ཡོད། ང་ཡང་སྡེ་བ་གཞུང་གི་ལྟོ་ཟིན་པ་ཞིག་ཡིན་ཙང་ངས་སྤྲེལ་ལད་བཤད་པ་གང་ཡང་མིན།’ ཅེས་བཀའ་གནང་སོང་། སྐབས་དེར་ང་རང་བུ་གུ་ཆུང་ཆུང་ཡིན་རུང་ཧང་སང་སྟེ། རྒྱལ་དབང་དེ་གསུམ་ལ་གསུང་འབུམ་པོད་མང་པོ་ཡོད་པ་དེ་དག་མཉམ་དུ་བསྡོམས་པ་ལས་ལྷག་པ་ཞིག་ག་འདྲ་ཡིན་ན་བསམ་པ་ཞིག་བྱུང་སོང་། ད་ལྟ་ང་ཚོས་བལྟས་པ་ཡིན་ན། དུས་འདས་པའི་ལོ་ངོ་བདུན་བརྒྱ་ཡན་མན་ཞིག་གི་བྱུང་རབས་སུ་ཕྱི་བལྟས་བྱས་པ་ཡིན་ན། རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་མཛད་པ་འཕྲིན་ལས་ལྟ་བུ་ཞིག་རྒྱལ་དབང་སྐུ་ཕྲེང་སྔོན་མ་རྣམས་སུ་བྱུང་མ་མྱོང་བ་ལྟ་བུ་ཞིག་དང་། བླ་ཆེན་གཞན་པ་སུས་ཀྱང་སྐུ་ཚེ་གཅིག་གི་རིང་ལ་མཛད་པ་འཕྲིན་ལས་འདི་ལྟ་བུ་ཞིག་བྱུང་མེད་པའི་བཟོ་ཞིག་རེད།

བོད་ཀྱི་མཁས་དབང་བླ་ཆེན་ཁག་གི་དུས་འཁོར་དབང་ཆེན་གཅིག་པུར་ཆ་བཞག་ན། ཧ་ལམ་དུས་འཁོར་དབང་ཆེན་གཉིས་ནས་གསུམ་མ་གཏོགས་གནང་མཁན་མེད་པ་ཞིག་རེད། ཇོ་ནང་ཏཱ་ར་ན་ཐས་དུས་དབང་མང་པོ་ཞིག་གནང་ཡོད་ཀྱང་། སློབ་མ་༢༥ལས་མ་བརྒལ་བ་ཞིག་ཡིན་ས་རེད། ཏྭ་ར་ན་ཐའི་སྐུ་ཚེ་རིང་དུས་དབང་བརྒྱ་ལས་བརྒལ་བ་ཞིག་གནང་ཡོད་པ་དེ་ཡོངས་ཀྱི་སློབ་མའི་གྲངས་ཀ་བསྡོམས་པ་ཡིན་ན། ༧རྒྱལ་བ་རིན་པོ་ཆེ་ཡིས་དུས་དབང་ཐེངས་གཅིག་གནང་བའི་སློབ་མའི་བརྒྱ་ཆའི་གཅིག་ཀྱང་ཟིན་པ་དཀའ་ལས་ཁག་པོ་རེད། འདི་ལྟར་འཇིག་རྟེན་ཁྱོན་ཡོངས་ཀྱི་ནང་ལ་༧སྐྱབས་མགོན་རིན་པོ་ཆེ་ཡི་མཛད་པ་འཕྲིན་ལས་ཇི་ལྟར་གནང་གི་ཡོད་པ་དེ་ནི་མི་རྣམས་ཀྱིས་ཚོད་དཔག་ཏག་ཏག་ཅིག་ཐུབ་ཀྱི་ཨེ་ཡོད་བསམ་གྱི་འདུག”ཅེས་དང་།

ཡང་ཟམ་གདོང་རིན་པོ་ཆེ་ཡིས་མུ་མཐུད་དུ་གསུངས་དོན། “ང་རང་ཚོའི་ནང་ཚགས་ལྟ་བུ་ཞིག་ཆགས་ཏེ། ༧རྒྱལ་བ་རིན་པོ་ཆེ་མཆོག་གིས་བློ་ཡུལ་ལས་འདས་པའི་མཛད་པ་འཕྲིན་ལས་དང་ལྷག་པར་དུ་གསུང་གི་མཛད་པ་ག་འདྲ་ཞིག་བསྐྱང་ཡོད་པའི་སྐོར་དེ། ༧རྒྱལ་བ་རིན་པོ་ཆེར་ཐད་ཀར་ལྗགས་རྩོམ་གནང་བ་དང་བཅར་འདྲི་ཞུ་བ་སོགས་སྐད་ཡིག་གཞན་པའི་ནང་དུ་ཡོད་པ་དེ་དག་ནི་སྐད་རིགས་༦༠ནས་༧༠ནང་དུ་ཡོད་པ་རེད། བོད་པའི་སྤྱི་ཚོགས་ནང་དུ། ད་ལྟ་དེ་ཚོར་ཚོད་དཔག་ཡག་པོ་ཐུབ་པ་ཞིག་དང་། ལྷག་པར་དུ་སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་པ་བཞེས་ཕྱོགས་ག་འདྲ་ཡིན་པ་དང་དགོངས་པ་དེའི་མཐར་ཐུག་གི་དགོངས་གཞི་དགོས་པ་ག་རེ་ཡོད་པ། དེའི་སྐབས་ཀྱི་དམིགས་ཡུལ་ག་རེ་ཡིན་པ། དེར་བརྟེན་དེ་བོད་མི་རིགས་ཀྱི་འགན་དབང་ག་འདྲ་ཞིག་ཆགས་ཀྱི་ཡོད་པ་སོགས་ཀྱི་གྲངས་ལ་བསམ་ཤེས་བྱེད་མཁན་དང་། གཏིང་ཟབ་པའི་ཞིབ་འཇུག་བྱེད་མཁན་ནི་དཀོན་པོ་ཆགས་འདུག ”ཅེས་དང་།

གཞན་ཡང་མཁས་དབང་ཁོང་གིས་མུ་མཐུད་འགྱུར་དེབ་སྐོར་ནས་བརྗོད་དོན། “༧སྐྱབས་མགོན་རིན་པོ་ཆེ་ཡི་མཛད་རྣམ་བོད་ཡིག་ལ་བསྒྱུར་ཐུབ་པ་འདིར་རྗེས་སུ་ཡི་རངས་ཞུ་ཡི་ཡོད། ང་རང་ཝ་རྭ་ན་སིར་ཡོད་པའི་སྐབས་སུ། ང་ཚོའི་རིག་བདག་སློབ་དཔོན་ཆེན་པོ་ཀབ་བྷ་ལ་ཝ་སང་མཆོག་གིས་སྐྱབས་མགོན་རིན་པོ་ཆེར་སྙན་སེང་ཞུས་སོང་། དེ་རིང་སང་ཉིན་ནུབ་ཕྱོགས་དང་འཇིག་རྟེན་ཁྱོན་ཡོངས་སུ། ༧གོང་ས་མཆོག་གི་ལམ་སྟོན་དང་གདམ་ངག འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འོས་འགན་ཞེས་པ་དེ་ནི་མི་ཚང་མས་དོ་སྣང་བྱེད་པའི་གནས་ཚུལ་ཞིག་ཏུ་གྱུར་འདུག ང་ཚོའི་འདི་ནས་ཉམས་ཞིབ་པ་བཞི་ལྔ་ཞིག་གིས་སྡེ་ཚན་བཙུགས་ཏེ། ༧རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ནང་ནས་འཇིག་རྟེན་སྤྱི་ཡོངས་ལ་འཁྲི་བའི་འོས་འགན་འདིའི་སྐོར་ལ་ཉམས་ཞིབ་དང་རྩོམ་སྒྲིག་བྱེད་པའི་ལས་གཞི་སྤེལ་དགོས་ཀྱི་མིན་འགྲོ་བསམ་གྱི་ཡོད་ཅེས་སྙན་སེང་ཞུས་སོང་། ༧གོང་ས་མཆོ་གིས་ ‘དགོས་པ་མ་རེད་གཡུགས་ཤོག’ གསུངས་སོང་བ་དང་། ‘སྒྲིག་འཛུགས་ཤིག་གི་ཐོག་འདིའི་སྒང་ལ་ཉམས་ཞིབ་བྱེད་དགོས་རེད་ཅེས་མི་ཁ་ཤས་སྐོ་བཞག་བྱས་ཏེ་ཕོག་དངུལ་སྤྲད་ནས་བསྡད་པ་ཡིན་ན། ཆོ་གང་ཡང་ཡོད་པ་མ་རེད། མའོ་ཙེ་ཏུང་གི་བྱེད་སྟངས་འདྲ་བར། ངའི་བསླབ་བྱར་ཉན་དགོས་རེད། ངའི་དེབ་དེ་ཡར་མར་ལ་བསྒྱུར་དགོས་རེད་ཅེས་བཙན་བཀའ་བཏང་བ་ཞིག་ཆགས་འགྲོ་ཡི་རེད། རང་དབང་གི་ཐོག་བྱེད་མཁན་ཡོད་པ་དེར་ཁྱེད་རང་ཚོས་མཐུན་རྐྱེན་སྦྱར་ན་ཡག་པོ་ཡོད་པ་མ་གཏོགས། སློབ་གྲྭའི་སྒྲིག་འཛུགས་ངོས་ནས་ཉམས་ཞིབ་འདི་འདྲ་ཞིག་འཛུགས་ཀྱི་ཡིན། འདི་ལ་ཕེབས་ཤོག་ལབ་ན། ཁ་ཤས་དངོས་གནས་དྲང་གནས་ཡོང་གི་རེད། ཁ་ཤས་འགྲོ་ས་མེད་པར་བརྟེན་ནས་ཡོང་གི་རེད། དེ་ལ་ཆོ་གང་ཡང་མེད་པས་ན་གཡུགས་ཤོག་གསུངས་སོང་།’ སྐབས་དེར་ངའི་བསམ་བློའི་ནང་དུ་མ་བདེ་བ་ཞིག་བྱུང་སོང་། བོད་པ་ཚོས་༧རྒྱལ་བ་རིན་པོ་ཆེར་མཇལ་སྐབས་སུ་མིག་ཆུ་གཏོང་བ་དང་སྐྱབས་སུ་མཆི་ཞེས་ཞེ་དྲགས་ཤིག་བྱེད་ཀྱི་ཡོད་པ་རེད་དེ། དངོས་གནས་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ང་ཚོའི་མི་ཚེ་འདིའི་ནང་ལ་སོ་སོའི་དོན་དག་ལ་ཁེ་ཕན་ལེན་ཡ་ག་རེ་ཡོད་པ་རེད། བོད་རྒྱལ་ཁབ་དང་མི་རིག་ཀྱི་དོན་དུ་ཁེ་ཕན་ལེན་ཡ་ག་རེ་ཡོད་པ་རེད། འཇིག་རྟེན་སྤྱི་ཡོངས་ཀྱི་ཆེད་དུ་ང་ཚོས་སྒྲུབ་དགོས་པའི་ལས་དོན་ག་རེ་ཡོད་པ་རེད། དེ་འདྲའི་ཐོག་མང་པོ་ཞུ་མཁན་ཅུང་ཙམ་དཀོན་པོ་རེད། ཚོར་བའི་ཐོག་ནས་མིག་ཆུ་བཏང་། ཕྱག་དབང་ཞུས། ཧ་ལས་ན་ངའི་མིག་ན་ཡི་འདུག་པས་ལྗགས་ཕུ་ཞིག་གནང་རོགས། མགོ་ན་ཡི་འདུག་པས་ཕྱག་དབང་ཞིག་གནང་རོགས། དེ་འདྲའི་རིགས་མ་གཏོགས་གསང་བ་གསུམ་གྱི་རྣམ་པར་དག་པ་རླབས་ཆེན་པོ་དེ་ཚོར་དོ་སྣང་དང་རྗེས་སུ་འཇུག་པའི་འདུན་པ་ཉུང་ཉུང་ཡིན་པའི་བཟོ་ཞིག་འདུག ”ཅེས་འབྲེལ་ཡོད་གསུངས་བཤད་གནང་སོང་།


Tibet-Tenzin Shirub-2017མཐར་འགྱུར་དེབ་དེའི་ལོ་ཙྭ་བ་བསྟན་འཛིན་ཤེས་རབ་ལགས་ཀྱིས་བསྒྱུར་རྩོམ་དེབ་དེའི་སྐོར་ནས་གསུངས་དོན།  "མཛད་དེབ་འདི་ནི་དབྱིན་ཡིག་གི་དེབ་ཀྱི་ཁ་བྱང་ནི། Freedom in Exileཞེས་པ་དེ་ཁ་ཐུག་གིས་བསྒྱུར་བ་ཡིན་ན། བཙན་བྱོལ་ནང་དུ་རང་དབང་ཟེར་བ་ལྟ་བུ་ཞིག་ཡིན་པ་དེ་ལྟར་འཇོག་འདོད་བསམ་སོང་མོད། བོད་དང་དབྱིན་ཇི་གཉིས་ཀ་ཡག་པོ་མ་ཤེས་པ་ཞིག་གིས་བལྟས་ན་ཕྲད་རྣམ་དབྱེ་ཡི་འགྲོ་སྟངས་མ་ཤེས་པ་ལྟ་བུ་ཞིག་ཆགས་འགྲོ་བས་ན། བཙན་བྱོལ་ནང་གི་རང་དབང་ཞེས་པ་དེ་ནི་བོད་སྐད་ཀྱི་འགྲོས་དང་མཐུན་པ་ལྟ་བུ་ཞིག་བྱུང་སོང་བས་དེ་ལྟར་བཏགས་པ་ཡིན།

ངས་དེབ་འདི་ནི་བསྒྱུར་སྐབས་སུ་བོད་ཡིག་གནས་ཚུལ་དམའ་བོའི་ཐོག་ནས་བྲིས་ཡོད་པས་ན། ཀློག་བདེ་བོ་ཡོད། མདོ་དབུས་ཁམས་གསུམ་གྱི་ལུང་པ་སོ་སོའི་སྐད་མ་ཡིན་པར་བོད་སྤྱི་བའི་སྐད་ཀྱི་ཐོག་བྲིས་ཡོད། "ཞེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།