དགོངས་ཚུལ།

པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་སུས་ཐག་གཅོད་ཐུབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༦ཉིན་སྤེལ། ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་གལ་ཆེ་ཤོས་ཤིག་ནི་པཎ་ཆེན་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནས་གློད་གྲོལ་ཐོབ་ཆེད་དུ་སྤེལ་གྱི་ཡོད་མོད། ད་ལྟ་ད་དུང་ཡང་རྒྱ་མིས་ལན་འདེབས་བྱས་མྱོང་མེད། ཅེས་བརྗོད་སོང་།

Tibet-Tsering tsomo-2017འདི་ཟླའི་ཕྱི་ཚེས་༢༤ཉིན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེ་ཡི་འཁྲུངས་སྐར་དང་སྟབས་བསྟུན་གྱིས་བརྗོད་གཞི་གོ་སྒྲིག་བྱས་པའི་སྐུ་མགྲོན་གཙོ་བོ་གཉིས་ལས་ཚེ་རིང་མཚོག་ལགས་སུ། འདི་ག་གསར་ཁང་གིས་ཆེད་དུ་བཅར་འདྲི་ཞུས་དོན། ཁྱོད་ཀྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་དང་ཚོགས་སྡེ་ཁག་གིས་རྒྱ་ནག་ལ་བཏོན་པའི་དྲི་བ་དྲིས་ལན་དང་དཔྱད་བརྗོད་བྱས་པ་སོགས་གཞིར་བཞག་སྟེ། མ་འོངས་པར་ང་ཚོས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་གཟུགས་གསལ་ཐང་ངང་མཇལ་བཅར་ཞུ་ཐུབ་དང་མ་ཐུབ་པའི་ཚོར་བ་ག་འདྲ་ཞིག་ཡོད་ཅེས་པའི་དྲིས་ལན་གདབས་པར། ཁོ་མོས"དེ་ནི་ཧ་ཅང་གིས་བཤད་ཁག་པོ་རེད། གཅིག པཎ་ཆེན་རིན་པོ་ཆེ་མཆོག་རྗེས་ནས་ང་ཚོར་བསྟན་ཀྱང་། ཚན་རིག་ཐོག་བརྟག་དཔྱད་མ་བྱས་ན་ཡིད་ཆེས་བྱུང་བ་ཁག་པོ་རེད། གཉིས། རིན་པོ་ཆེ་གློད་གྲོལ་བྱུང་སོང་ན། ཁོང་ལ་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་མཐུན་པའི་སློབ་སྦྱོང་བསྐྲུན་ཡོད་མེད་ནི་གནད་འགག་ཅིག་རེད། " ཅེས་བརྗོད་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཚོགས་ཐོག་གི་སྐུ་མགྲོན་གཙོ་བོ་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་གཉིས་གཙོས། ངྷ་ས་ཁུལ་གྱི་ས་གནས་འགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་གི་འགན་འཛིན་དང་སྐུ་ཚབ། དོ་སྣང་ཅན་བཅས་མི་གྲངས་༧༠ལྷག་འདུ་འཛོམས་གནང་སོང་།

Tibet-Dolma Yangchen-2017སྐོང་ཚོགས་འདིའི་སྐབས་སུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བགྲོ་གླེང་གི་བརྗོད་གཞི་དང་འབྲེལ་བའི་བསྒྲགས་གཏམ་དུ། ཁོ་མོས་བརྗོད་དོན། “ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་གལ་ཆེ་ཤོས་ཤིག་ནི་པཎ་ཆེན་རིན་པོ་ཆེ་མཆོག་རྒྱའི་བཙོན་ཁང་ནས་གློད་གྲོལ་ཐོབ་ཆེད་དུ་སྤེལ་གྱི་ཡོད་མོད། ད་ལྟ་ད་དུང་ཡང་རྒྱ་མིས་ལན་འདེབས་བྱས་མྱོང་མེད། ང་ཚོས་བཙན་བྱོལ་ནས་ལས་འགུལ་གསར་མང་པོ་ཞིག་ལ་བསམ་བློ་འཁོར་ནས་པཎ་ཆེབ་རིན་པོ་ཆེ་ཡི་སྐོར་ལ་ལས་འགུལ་སྤེལ་བའི་ནུས་པ་ཆུང་རུ་འགྲོ་ཡི་མེད་འགྲོ་བསམ། ང་ཚོ་བུད་མེད་ཅིག་ཡིན་པ་དང་། ཡང་སྒོས་ཨ་མ་ཞིག་ཡིན་སྟབས། ཁོང་དགུང་ལོ་དྲུག་གི་སྟེང་ནས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པ་རེད། ད་ལྟ་གར་སོང་ཆ་མེད་ཆགས་ཡོད་པ་རེད། ང་ཚོ་ལ་སེམས་འཚབ་ཆེན་པོ་འདུག”ཅེས་བརྗོད་སོང་།

Tibte-bagduo-2017གྲྭ་བག་གྲོ་ལགས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་བཀྲིན་སྐོར་ནས་བརྗོད་པ། ཁོང་གིས་བརྗོད་གྱུར། "ཕྱི་ལོ༡༩༦༡ ལོར། པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་མིའི་བདེ་སྡུག་སྡེ་ཚན་༨དུ་དབྱེ་ནས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བརྩམས་པ།
ཕྱི་ལོ་༡༩༦༢ ལོར། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་སྲིད་བློན་ཀྲུག་ཨིན་ལེ་བརྒྱུད་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་ཕུལ་པ། ཕྱི་ལོ་༡༩༦༢ ལོར། རྒྱ་ནག་གི་དབྱར་དུས་ཀྱི་ཚོགས་ཆེན་སྟེང་མའོ་ཙེ་ཏོང་ཁོང་ཁྲོ་ཆེན་པོ་ལངས་ཏེ། ཁོ་རང་གིས་མགོ་ཁྲིད་བྱེད་བསམ་པ་དེ་ཁྱེད་རང་ཚོའི་ཉིན་མོའི་རྨི་ལམ་རེད་ཅེས་བཤད་པ། ཕྱི་ལོ ༡༩༧༩ ལོར། རྒྱལ་ལོ་དོན་འགྲུབ་བོད་དུ་ཕེབས་ཏེ་པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་སྐབས། པཎ་ཆེན་རིན་པོ་ཆེས་རང་གི་སྟོད་གོས་ཕུད་དེ་སྐུ་གཟུགས་ཀྱི་རྨ་ཁ་རྣམས་རྒྱལ་ལོ་དོན་འགྲུབ་ལ་བསྟན་ཏེ། ངས་བོད་དོན་ཐོག་ལས་ཀ་བྱས་ཏེ་རིག་གནས་གསར་བརྗེ་སྐབས་ང་ལ་གདུག་རྩུབ་མནར་གཅོད་བཏང་བའི་དཔང་རྟགས་འདི་ཡིན་ཞེས་གསུངས་གནང་འདུག"

དེ་མིན་གྲྭ་བག་གྲོ་ལགས་ཀྱིས་མུ་མཐུད་དུ་བརྗོད་པར།
པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་རྗེས་དབུས་གཙང་ཁུལ་དུ་ཐེངས་དང་པོར་ཕེབས་སྐབས། ས་ཕྱོགས་གང་སར་སྒོ་བྱང་སྟེང་རྒྱ་ཡིག་མ་གཏོགས་མེད་པར་གཟིགས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུའི་སྐབས་འཕྲལ་དུ་སྒོ་བྱང་རྣམས་བོད་ཡིག་ནང་འབྲི་དགོས་པའི་བཀའ་བཏང་བ་དང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་སོགས་བོད་ཀྱི་ས་ཕྱོགས་གང་སར་ཡིག་རྨོངས་སེལ་བའི་སློབ་གྲྭ་བཙུགས་པ། ཕྱི་ལོ༡༩༨༥ལོར། འདས་པའི་ངོ་ལོ་ཉེར་ལྔའི་རིང་ལྷ་སའི་ཆོ་འཕྲུལ་སྨོན་ལམ་རྒྱུན་ཆད་པ་དེའང་བསྐྱར་གསོ་གནང་པ་སོགས་ཀྱི་སྐོར་ནས་འགྲེལ་བརྗོད་གནང་སོང་།

ཚེ་རིང་མཚོ་མོ་ལགས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐོར་ལ་བརྗོད་པ། ཁོ་མོས་བརྗོད་དོན། "རྒྱ་དམར་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་འཁྲིད་བྱས་པ་ནི། རྒྱལ་སྤྱིའི་ཁྲིམས་ཐོག་ནས་རྒྱ་ནག་གཞུང་ལ་ནག་ཉེས་ཆེན་པོ་ཡོད་པ་དང་། དང་པོ། པཎ་ཆེན་ཆུང་སྲིད་མཆོག་གི་ནང་དུ་གཞུང་གི་དམག་མི་བཏང་བ་དང་། གཉིས་པ། ཕ་མ་ནང་མི་དང་བཅས་པ་འཛིན་བཟུང་བཙན་ཁྲིད་བྱས་པ། གསུམ་པ། གར་སོང་ཆ་མེད་ལྟ་བུར་གྱུར་བའི་ནག་ཉེས་གསུམ་འདུག་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ནང་ “གར་སོང་ཆ་མེད” ཟེར་བ་དེ་ནག་ཉེས་ཆེན་པོར་བརྩི་བཞིན་ཡོད་པ་རེད།"ཅེས་དང་།

ཁོ་མོས་རྒྱལ་སྤྱིའི་རྩོམ་པ་པོ་དོ་སྣང་ཅན་དང་གཞུང་ཕྱོགས་ནས་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཆེད་དུ་རྒྱ་ནག་ལ་སྐད་ཆ་བྲིས་ཡོད་པའི་རིགས་གྲུབ་དོན་བརྗོད་པ་ལས། ཕྱི་ལོ་༡༩༩༧ ལོར། ཕྱི་རྒྱལ་གྱི་སྐུ་ཚབ་མང་པོ་ཞིག་གིས་རྒྱ་གཞུང་ལ་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་ཆགས་པའི་སྐོར་དྲིས་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པས་པཎ་ཆེན་རིན་པོ་ཆེ་ད་ལྟ་ལྷ་རི་རྫོང་གི་གྲོང་གསེབ་ཅིག་ཏུ་ནང་མི་དང་ལྷན་དུ་བདེ་པོ་ཡིན་ཚུལ་བརྗོད་ཡོད་པ་དང་། དེའི་རྗེས་ཨ་རིའི་སྐུ་ཚབ་རྒྱ་ནག་ལ་ཕྱིན་སྐབས་རྒྱ་གཞུང་གིས་ཁོང་ཚོར་པཎ་ཆེན་རིན་པོ་ཆེ་རྒྱལ་ས་པེ་ཅིན་དུ་བཞུགས་ཡོད་སྐོར་ལབ་ཡོད་པ། ཕྱི་ལོ་༡༩༩༨ ཟླ་ ༩ པའི་ནང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་འགན་འཛིན་ལྕམ་སྐུ་ཞབས་རཱོ་ཝིན་སཱོན(Robinson)ལགས་རྒྱ་ནག་ལ་སྐོར་སྐྱོད་དུ་ཕེབས་སྐབས། པཎ་ཆེན་རིན་པོ་ཆེའི་སྐོར་ནན་འདྲི་གནང་སྟེ་རིན་པོ་ཆེར་མཇལ་འདོད་འདུག་ལབ་སྐབས་རྒྱ་ནག་གཞུང་གིས་མཇལ་བཅུག་མེད་པ་མ་ཟད། ༢༠༠༠ ལོར་དབྱིན་ཡུལ་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་ཚོགས་སྐབས། དབྱིན་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ལ་དྲི་བ་བཏང་བའི་ལན་དུ་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་ཡིན་པ་དང་། ཁོང་ད་ལྟ་སློབ་གྲྭར་འགྲོ་བཞིན་ཡོད་པ། ཁོང་གི་ཡབ་ཡུམ་གཉིས་ཀྱིས་མི་ཆ་མེད་རིགས་དང་གསར་འགོད་པ་སོགས་ལ་ཐུག་འདོད་མེད་སྐོར་སོགས་བརྗོད་འདུག་པ་མ་ཟད། པར་གཉིས་བསྟན་ཏེ་འདི་པཎ་ཆེན་རིན་པོ་ཆེ་རེད་ལབ་སྟེ་རྗེས་ལ་པར་དེ་གཉིས་ཁོང་ཚོར་མ་སྤྲད་པར་ཕྱིར་འཁྱེར་ཡོད་འདུག

དེའི་རྗེས་ལ་པཱོ་ལན་ཌི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཁོང་ཚོར་ཡི་གེ་ཞིག་བསླེབས་ཏེ། པཎ་རིན་པོ་ཆེ་དང་ཁོང་གི་ཕ་མ་སྤུན་ཚང་མ་བདེ་ཐང་རེད། ཁོང་གི་ཕ་མ་གཉིས་ཀྱིས་མི་ཆ་མེད་དང་ཐུག་འདོད་མི་འདུག རྒྱ་ནག་གི་མི་མང་གི་བསམ་ཚུལ་ལ་གཞུང་གིས་བརྩི་བཀུར་བྱེད་བཞིན་ཡོད། དེ་ནི་ཁོང་ཚོའི་རང་དབང་རེད། ཁྱེད་རང་ཚོ་པཱོ་ལན་ཌི་ལུང་པས་ཀྱང་མི་མང་གི་བསམ་ཚུལ་ལ་བརྩི་བཀུར་ཞུ་བཞིན་ཡོད་རྒྱུ་རེད། དེར་བརྟེན། པཎ་ཆེན་རིན་པོ་ཆེ་དང་ཁོང་གི་ནང་མི་ཚོས་མི་གཞན་ལ་ཐུག་འདོད་མི་བྱེད་པ་དེ་རང་གི་ཐོག་ནས་འདམ་ག་བྱས་པ་རེད། དེ་ལ་ང་ཚོས་བརྩི་བཀུར་བྱེད་ཀྱི་ཡོད་བཅས་བརྗོད་འདུག་པ་སོགས་ཀྱི་སྐོར་ནས་འགྲེལ་བརྗོད་གནང་སོང་།།

Tibet-TWA 2017ཁ་སང་སྔ་དྲོའི་ཆར། བཞུགས་སྒར་ངྷ་སར་ཡོད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་བོད་རྒྱལ་ལོ་༢༡༤༤ རབ་གནས་མེ་བྱ་ཕྱི་ལོ་༢༠༡༧ཟླ་༤ ཚེས་༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དགུང་ལོ་ཉི་ཤུ་རྩ་བརྒྱད་ཧྲིལ་པོ་བཞེས་པའི་སྐུའི་འཁྲུངས་སྐར་དང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་བློ་བཟང་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་སྟེ་ལོ་ངོ་ཉི་ཤུ་རྩ་བརྒྱད་འཁོར་བའི་དུས་ཚིགས་དང་བསྟུན་ ༼ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་རིན་པོ་ཆེ་མཆོག་གི་མཛད་རྗེས་ལ་བཀྲིན་དང་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ད་བར་རྒྱ་དམར་གྱིས་འཛིན་བཟུང་བཀག་ཉར་༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག བོད་ཀྱི་གསོལ་མགྲོན་ཁང་གི་ཡང་ཐོག་ཏུ་གོ་སྒྲིག་བྱས་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།