ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་ཀྱི་ཚོང་ལས་བདེ་ཚོགས་བཙུགས་ཏེ་ལོ་༡༢འཁོར་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༤ཉིན་སྤེལ། ད་ལོ་བོད་ཀྱི་ཚོང་ལས་བདེ་ཚོགས་ལ་ཚོགས་དངུལ་འཕུལ་མཁན་༡༤༢བྱུང་སོང་ཞེས་ཚོགས་གཙོས་བརྗོད་སོང་།

ཁ་སང་ཉིན་རྒྱབ་ཚོུད་༢།༠༠པའི་ཐོག  བོད་ཀྱི་ཚོང་ལས་བདེ་ཚོགས་བཙུགས་ཏེ་ལོ་འཁོར་༡༢ལོན་པའི་མཛད་སྒོ་བཞུགས་སྒར་ངྷ་སའི་ནོར་བུ་མགྲོན་ཁང་གི་ཚོགས་ཁང་དུ་སྐོང་སོང་།

Tibet-Cheif gust-2017གཞན་ཡང་ལོ་འཁོར་ཚོགས་ཆེན་དང་འབྲེལ་བར་བོད་ཀྱི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བླ་མ་ལགས་སུ་འདི་ག་གསར་ཁང་གིས་དངོས་བརྒྱུད་བཅར་འདྲི་ཞུས་དོན།  ད་རེས་ཀྱི་མཛད་སྒོ་འདིར་སྔོན་ཆད་ཀྱི་མཛད་སྒོ་དག་དང་མ་འདྲ་བའི་ཁྱད་པར་དང་ལས་གཞི་ཅི་ཞིག་ཡོད་མིན་སྐོར་ལ་བརྗོད་དོན། "སྔོན་དང་མ་འདྲ་བའི་ཁྱད་པར་ནི་ཚོགས་མི་མང་རུ་སོང་ཡོད་པ་དང་ལས་གཞི་ནི་ཡོ་རོབ་དང་ཨ་རིར་འགྲོ་ཐུབ་པ་དེ་ཡིན"ཅེས་དང་། ཡང་གསར་འགོད་པས་ཚོང་ལས་བདེ་ཚོགས་སུ་མི་འབོར་ག་ཚོད་ཅིག་ཡོད་པའི་ལན་དུ། "རྒྱ་བལ་གཉིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ལོ་བཅུ་གཉིས་རིང་ཚོགས་མི་༣༦༧ཡོད། ཚོགས་མི་ནི་ལན་རེར་མང་རུ་དང་ལན་རེར་ཉུང་རུ་འགྲོ་ཡི་འདུག་ཅིང་། ད་ལོ་ཚོགས་དངུལ་འཕུལ་མཁན་༡༤༢བྱུང་།"ཞེས་དང་།

མུ་མཐུད་གསར་འགོད་པས་ཚོང་ལས་བདེ་ཚོགས་ངོས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ལས་གང་དང་གང་ཚོང་འགྲེམས་བྱས་ཡོད་པར་ལན་གདབས་དོན། "ང་ཚོས་ཚོང་ལས་རིགས་མང་པོ་བྱེད་ཀྱི་ཡོད་པ་ལས། བོད་ཀྱི་རིག་གཞུང་དང་མཐུན་པའི་ལག་ཤེས་ཐོན་ལས་བོད་ཆས་སོགས་དང་གལ་ཆེ་ཤོས་དང་རྒྱུགས་ཆེ་ཤོས་ནི་བལ་ཡུལ་གྱི་ས་གདན་ཡིན།"ཞེས་དང་།

དེ་མིན་གསར་འགོད་པས་བོད་ཀྱི་ཚོང་ལས་བདེ་ཚོགས་སུ་འཛུལ་བའི་ཚོང་པ་ཞིག་ལ་ཁེ་བཟང་ཆེས་ཤོས་ག་རེ་ཡོད་མེད་སྐོར་ལ་ལན་འདེབས་བྱས་དོན། "ང་ཚོའི་སྡིངས་ཆ་འདིར་འཛུལ་བ་ཙམ་གྱིས་དངུལ་གྱི་ཁེ་ཕན་ཕུལ་མ་ཐུབ་རུང་། ཚོང་པ་ཕན་ཚུན་བར་འབྲེལ་ལམ་བཟོ་ཐུབ་པ། ཚོང་ལས་ཆེ་ཤོས་རིགས་བྱེད་དུས་རོགས་རམ་བྱེད་ཐུབ་པ་སོགས་ཀྱི་རོགས་རམ་ཕུལ་ཐུབ་པའི་ཁྱད་ཆོས་ཡོད། ཚོགས་དངུལ་ནི་ལོ་རེར་ཧིན་སྒོར་༥༠༠ཡིན།" ཞེས་ལན་འདེབས་གསལ་བཤད་གནང་སོང་།

Tibet-Sykon-2017དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབྲེལ་ཡོད་གསུངས་བཤད་ལས། ཁོང་གིས་བརྗོད་དོན། "བོད་མིའི་སྒྲིག་འཛུགས་ངོས་ནས་ལམ་སྟོན་གང་ཐུབ་གནང་གི་ཡོད། རྣམ་པ་ཚང་མར་སྔོན་ཆད་ལམ་སྟོན་མ་གནང་གོང་ནས་ཚོང་ལས་ཐོག་ཡག་ཐག་གཅོད་བྱུང་ཡོད་ཙང་། སྤྱི་ཚོགས་སུ་ཕན་པ་ཞིག་ཕྱག་ལས་གནང་དགོས་པ་རེད། དཔེར་ན།  ཚོགས་གཙོས་གསུངས་པ་ནང་བཞིན་དུ། ཚོང་པའི་ཁེ་ཕན་བརྒྱ་ཆར་བཀུག་སྟེ་དཔྱ་ཁྲལ་ལག་དེབ་ཀྱི་དངུལ་ཕུལ་བ་ཡིན་ན། ཞེས་པ་དེར་རྒྱུ་མཚན་འདུག དཔྱ་ཁྲལ་ལག་དེབ་མང་ཤོས་ཕུལ་མཁན་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་དམག་ཁང་དམག་མི་ཡིན་པ་དང་། ཁོ་ཚོའི་ཕོག་ཐོབ་ལས་བརྒྱ་ཆའི་བཞི་དཔྱ་ཁྲལ་ལག་དེབ་ལ་ཕུལ་གྱི་ཡོད་པ་རེད། " ཅེས་དང་།

ཁོང་གིས་མུ་མཐུད་དུ་འཕྲོས་པར། "བོད་ཀྱི་ཚོང་ལས་བདེ་ཚོགས་བཙུགས་ཏེ་ལོ་༡༢འཁོར་བ་ནི་སྟོན་པའི་མཛད་པ་བཅུ་གཉིས་ལྟར་ཧ་ཅང་རྟེན་འབྲེལ་བཟང་པོ་ཡོང་བའི་སྨོན་ལམ་ཡོད། དང་པོ་བཙུགས་པ་ནས་མི་འབོར་མང་རུ་འགྲོ་ཡི་ཡོད་པ་འདྲ། ན་ནིང་ལོ་ཨ་རི་ནས་མཛད་སྒོ་འཚོགས་དུས་རྒྱ་གར་བལ་ཡུལ་ནས་ཚོགས་འདུར་ཕེབས་ཐུབ་ཡོད་པ་དང་། འདི་རེ་བ་ཞིག་དང་བོད་ནང་གི་ཚོང་ལས་པར་འབྲེལ་བ་བྱེད་ཐུབ་པ་ཞིག་རེད། "ཅེས་འགྲེལ་བརྗོད་གནང་སོང་།

Tibet-Speaker-2017གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུངས་བཤད་དུ། ཁོང་གི་བརྗོད་དོན། "ད་ལྟ་འཛམ་གླིང་གི་མི་འབོར་མང་ཤོས་ནི་རྒྱ་གར་དང་རྒྱ་ནག་ཆགས་པའི་ཐོག རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་དུ་ཁྱབ་སྟེ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཙང་། ང་རང་ཚོས་ཀྱང་འཛམ་གླིང་གི་དཔལ་འབྱོར་ལ་ཁ་ཕྱོགས་པའི་གོ་སྐབས་ལེན་དགོས་པ་གལ་ཆེན་པོ་རེད། ལས་བསྡོམས་ནང་དུ་བོད་ནང་ལ་འབྲེལ་བ་བྱེད་པའི་ལས་འཆར་ཞིག་འདུག བོད་ནང་གི་མི་མང་གི་དཔལ་འབྱོར་ཡོང་འབབ་ཆེ་ཤོས་ནི་དབྱར་རྩྭ་དགུན་འབུ་ཡིན་པ་དང་། དེ་ནི་ཕམ་ཚོང་བྱས་ཏེ་གྱོང་རག་པ་སོགས་སུ་ལམ་སྟོན་དང་ཞིབ་འཇུག་བྱས་ཏེ་སྙན་ཐོ་བཏོན་ཐུབ་ན་ཕན་ཐོག་ཆེན་པོ་རེད། དེ་བཞིན་རྒྱ་མི་ཕྱུག་བདག་ཁ་ཤས་བོད་ནང་དུ་ཡོང་སྟེ་ས་ཆ་དང་མགྲོན་ཁང་སོགས་བུ་ལོན་ཕོན་ཆེན་བཏང་ནས་མཐར་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་འཇུག་བྱེད་ཐུབ་ན་ཕན་ཐོག་བྱུང་གི་རེད།"་ཅེས་འགྲེལ་བརྗོད་གནང་སོང་།

དེ་ཡང་འདི་ལོའི་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག  དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རམ་སི་ཝར་བྷི་དང་རྩིས་ཞིབ་པ་ས་ཏི་ཡ་ཀུ་མར། ཚོགས་པ་ཁག་གི་རྒྱུན་ལས་དང་སྐུ་ཚབ་རྣམ་པ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་༧༠ ལྷག་བཅས་འཛོམས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།