ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དགའ་ལྡན་ཁྲི་ཐོག་ ༡༠༣ པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༢༤ཉིན་སྤེལ། དགའ་ལྡན་ཁྲི་ཐོག་༡༠༣པ་མཆོག་ལ་སྙུང་གཞི་བཞེས་ཏེ་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་མཱར་སཱི་རུ་སྨན་བཅོས་ཀྱི་ཕན་འབྲས་གང་ཡང་མ་ཐོན་པར་དགུང་གྲངས་ ༨༠ སྟེང་སྐུ་གྲོངས་ཡོད་པ་རེད།

འདི་ག་གསར་ཁང་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལྡི་ལིའི་རྒྱ་གར་སྨན་ཁང་མཱར་སཱི་རུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཡོད་འདུག

དེ་ཡང་འདི་ཟླའི་ཕྱི་ཚེས་༢༡ཉིན་གྱི་དགོང་མོའི་ཚོུད་༡༡ཐོག འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༣པ་མཆོག་ལ་སྙུང་གཞི་བཞེས་ཏེ་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་མཱར་སཱི་རུ་སྨན་བཅོས་དང་གདན་ས་ཁག་གིས་ཞབས་རིམ་བསྟུད་མུར་བསྒྲུབས་ཀྱང་ཕན་འབྲས་གང་ཡང་མ་ཐོན་པར་དགུང་གྲངས་ ༨༠ སྟེང་སྐུ་གྲོངས་ཡོད་པ་རེད།

ཉེ་ལམ་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་མིའི་འདི་ཕྱིའི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་མཆོག་སྨན་ཁང་དེར་ཆེད་ཕེབས་གནང་སྟེ་དགའ་ལྡན་ཁྲི་པ་མཆོག་གི་སྐུའི་སྙུང་གཞིར་འཚམས་འདྲི་གནང་ཡོད་པ་དང་། ཕྱི་ཟླ་ ༤ ཚེས་ ༢ ཉིན་དཔལ་རྒྱལ་བ་ཀརྨ་པ་མཆོག་སྨན་ཁང་དེར་ཕེབས་ཏེ་འཚམས་འདྲི་གནང་ཡོད་པ་རེད།

དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ ༡༩༣༧ ལོར་བོད་ཁམས་ཡ་རར་སྐུ་འཁྲུངས་ཞིང་ཆུང་དུས་སུ་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ། དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་བསླབ་པ་སློབ་ གཉེར་གནང་། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་སློབ་གཉེར་གནང་བ་དང་། དེ་ནས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་སློབ་གཉེར་གནང་འདུག རིན་པོ་ཆེ་མཆོག་གིས་གྲྭ་ཚང་གི་ཕྱག་མཛོད་དང་། གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས། དཔེ་ཁྲིད་དགེ་རྒན་སོགས་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་མ་ཟད། དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། ལོ་གསུམ་རིང་རྒྱུད་སྟོད་བླ་མ་དབུ་མཛད་དང་ལོ་གསུམ་རིང་མཁན་པོ་གནང་ཡོད།

2887d95c-77b4-43da-97e2-acad6ffa6c5aཕྱི་ལོ་ ༢༠༠༣ ལོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་བསྩལ་གནང་མཛད་ཡོད་པ་དང་། ༢༠༡༦ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༩ ཉིན་༧གོང་ས་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་ཡོད། ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཚེས་ ༥ ཉིན་དགའ་ལྡན་ཁྲི་ཐོག་ཁང་དུ་ཁྲིར་བཞུགས་མཛད་སྒོ་དངོས་སུ་ཚོགས་ཡོད་པ་རེད།

འདས་པའི་ཟླ་ཤས་རིང་སྐུ་སྙུང་བཞེས་ཏེ་སྨན་བཅོས་བྱས་ཀྱང་དྲག་སྐྱེལ་མ་བྱུང་སྟབས་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༡།༤༥ སྟེང་རྒྱ་གར་རྒྱལ་ས་ལྡི་ལིའི་མཱར་སི་སྨན་ཁང་དུ་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།