ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

སྐད་ཡིག རིག་གཞུང་། ངོ་བོ་བཅས་ཀྱི་འབྲེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༠༧ཉིན་སྤེལ། མི་རིགས་གང་ཞིག་ཡིན་རུང་སོ་སོའི་ཐུན་མོང་མ་ཡིན་པའི་ངོ་བོ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ལྟར། ང་ཚོ་བོད་མི་རིགས་ལ་ཡང་འཛམ་གླིང་ལ་ངོ་གནོང་མི་དགོས་པའི་ཚད་ལྡན་གྱི་སྐད་ཡིག་ཅིག་ཡོད། ཅེས་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་གིས་བརྗོད་སོང་།

Tibet-speakers-2017དེ་རིང་སྔ་དྲོའི་ཚོུད་༡༠།༣༠ཐོག  བཞུགས་སྒར་ངྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ།  སྐད་ཡིག རིག་གཞུང་། ངོ་བོ་བཅས་ཀྱི་འབྲེལ་བ། ཞེས་པའི་བརྗོད་གཞི་ཞིག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་བྱས་ཏེ།  སྐུ་མགྲོན་གཙོ་བོ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་རྒྱལ་སྤྱིའི་བོད་རིག་པའི་ལོ་རྒྱུས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་དང་ཨོག་སི་ཧྥོ་ཊི་གཙུག་ལག་སློབ་གྲྭ་ཆེན་མོའི་ཉམས་ཞིབ་པ་དང་སློབ་དཔོན་འབུམ་རམས་པ་མདའ་ཚན་བླ་མ་སྐྱབས་གཉིས་ཀྱིས་གཙོས། Tibet-Chief-2017ཝ་རཱ་ནཱ་སི་མཐོ་སློབ་ཀྱི་བརྡ་སྤྲོད་སློབ་དཔོན་ལྷག་པ་ཚེ་རིང་དང་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་གཙུག་ལག་རམས་འབྱམས་པའི་ངེས་སྟོན་པ་སློབ་དཔོན་བསོད་ནམས་རྒྱལ་མཚན། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་དྲུང་ཆེ་དང་བུད་མེད་རྩོམ་པ་པོིའི་སྡེ་ཚན་གྱི་འགན་འཛིན་ཉི་མ་མཚོ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པ་བསྟན་འཛིན་བདེ་གསལ། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་གཞོན་པ་པདྨ་མཚོ་སོགས་ཀྱིས་གོང་འཁོད་བརྗོད་གཞིའི་ཐོག་འབྲེལ་ཡོད་གཏམ་བཤད་བྱས་སོང་།

Tibet-Lobdupalsang-2017གཞན་ཡང་སྐོང་ཚོགས་ཀྱི་ཐོག་མར་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་མཆོག་ནས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་དུ། ཁོང་གིས་བརྗོད་དོན། "སྐད་ཡིག་ནི་འགྲོ་བ་མིའི་རིགས་ཀྱི་ནང་བསམ་བློའི་ཞིབ་དཔྱོད་དང་རིག་གཞུང་ནི་ནང་བསམ་བློའི་ཡང་སྙིང་ཡིན་པ་ལ་བརྟེན་སྟེ། མི་རིགས་གང་ཞིག་ཡིན་རུང་སོ་སོའི་ཐུན་མོང་མ་ཡིན་པའི་ངོ་བོ་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པ་ལྟར། ང་ཚོ་བོད་མི་རིགས་ལ་ཆ་མཚོན་ན་ཡང་། ང་ཚོར་འཛམ་གླིང་འདིར་ངོ་གནོང་མི་དགོས་པའི་ཚད་ལྡན་གྱི་སྐད་ཡིག་ཅིག་ཡོད་པ་མ་ཟད། དེ་ནི་དགྲ་འདུལ་གཉེན་སྟོང་ཙམ་མིན་པར། བོད་རང་གི་ཁྱད་ཆོས་ལྡན་པའི་རིག་གཞུང་རྒྱུན་འཛིན་དང་གསར་བྱུང་གི་རིག་གནས་གདམས་བསྒྱུར་བྱས་པས། བོད་བཙན་པོའི་གདུང་རྒྱུད་དེ་རང་དབང་རང་བཙན་དང་རང་ཁ་རང་གསོས་ཀྱི་མི་རིགས་ཤིག་གི་ངོ་བོ་ཞིག་ཡིན་པ་ནི་བསྙོན་དུ་མེད། ཡིན་ནའང་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་རྒྱ་ནག་གིས་ངལ་རྩོལ་བསྒྱུར་བཀོད་ཀྱིས་མི་མང་ཁ་ཐོར་དང་རིག་གཞུང་ལ་ཉམས་རྒུད་ནས་ཉམས་རྒུད་དུ་གཏོང་བཞིན་པས། ད་ཐེངས་ཀྱི་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན།"  ཞེས་འགྲེལ་བརྗོད་གནང་སོང་།

Tibet-Tsering Tsomo-2017བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་མཆོག་ནས་སྐད་གཉིས་སློབ་གསོའི་སྐོར་གྱི་སྙན་ཐོ་ཞིག་དེ་ག་ལྟེ་གནས་ཁང་ནས་བཏོན་པ་དེ་ངོ་སྤྲོད་དུ། ཁོ་མོས་བརྗོད་དོན། "སྤྱིར་ང་ཚོའི་ཚོགས་པའི་ངོས་ནས་བོད་ནང་གི་དཀའ་ངལ་གང་རག་པ་ཐམས་ཅད་རྒྱལ་སྤྱིའི་སྤྱི་ཚོགས་སུ་སྙན་ཐོ་སྤེལ་བའི་ལས་ཀ་བྱེད་ཀྱིན་ཡོད་དུས། ད་རེས་ཀྱི་སྙན་ཐོ་འདི་ནི་དབྱིན་ཇིའི་སྟེང་ནས་འགྲེམས་སྤེལ་བྱས་པ་ནི། Bilingual Education Policy In Tibet བོད་ནང་གིི་སྐད་གཉིས་སློབ་གསོའི་སྲིད་ཇུས། ཞེས་པ་འདི་ཡིན། དེ་མིན་རྒྱ་ནག་གི་སྤྱི་སྐད་བེད་སྤྱོད་བྱས་ཏེ་བོད་ཡིག་གི་མིང་ཚིག་གཅིག་ཡིན་ནའང་རྒྱ་ཡིག་ལམ་ནས་སློབ་ཁྲིད་བྱེད་པ་ལག་བསྟར་བྱེད་བཞིན་པ་དང་། ཉེ་ལམ་མཚོ་ལྷོ་རུ་སྐད་གཉིས་སློབ་གསོའི་རྙོག་གླེང་བྱུང་བ་སོགས་ནི་རྒྱ་མིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་བཟོ་བའི་ཐབས་ལམ་འཐེན་གྱི་ཡོད་པ་སོགས་སྙན་ཐོར་ཞིབ་ཕྲ་བཀོད་ཡོད།" ཅེས་འགྲེལ་བརྗོད་གནང་སོང་།

Tibet-TCHRD-2017དེ་ཡང་གོང་ཚེས་ཉིན་གྱི་ཚོགས་འདུར་ཞུགས་མཁན་ནི། གོ་སྒྲིག་བྱེད་མཁན་ལས་ཁུངས་གཉིས་ཀྱི་ལས་མི་རྣམས་གཙོས་ས་རཱ་མཐོ་སློབ་དང་ནོར་གླིང་མཐོ་སློབ་ཀྱི་སློབ་མ། ཟུར་ཉན་ལ་ཆེད་དུ་ཕེབས་མཁན་སོགས་མི་གྲངས་༡༠༠ལྷག་ཅིག་གིས་སྐོང་འཚོགས་འདིར་མཉམ་ཞུགས་གནང་སོང་།

མཐར་ཉིན་རྒྱབ་གྱི་ཚོགས་འདུར་གཏམ་བཤད་པ་རྣམས་ཀྱིས་འབྲེལ་ཡོད་གསུངས་བཤད་གྲུབ་རྗེས། གཏམ་བཤད་པ་རྣམས་ཀྱིས་ཕན་ཚུན་དྲི་བ་དྲིས་ལན་དང་ཚོགས་ཞུགས་པའི་ཁྲོད་ནས་བསམ་ཚུལ་དང་དྲི་བ་བཏོན་པ་དང་དྲི་ལན་གདབ་རྗེས། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་སྨན་ཤེར་བློ་གྲོས་ལགས་ཀྱིས་བགྲོ་གླེང་མཇུག་སྡོམ་དང་ཐུགས་རྗེ་ཆེའི་གསུང་བཤད་བྱས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།