དགོངས་ཚུལ།

ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༤།༠༥ཉིན་སྤེལ། ཧོན་སུར་རབ་རྒྱས་གླིང་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་བཀོད་འདུག

འདི་ཟླའི་ཕྱི་ཚེས་ ༤ ཉིན་གྱི་གནས་ཚུལ་ལྟར་ན། ཧོན་སུར་རབ་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་དབུས་བོད་མིའི་ངལ་སེལ་ཚོགས་པའི་ཚབ་ཞུས་ཏེ་ཧོན་སུར་རབ་རྒྱས་གླིང་བོད་མི་རྣམས་ལ་རྒྱ་གར་གཞུང་གིས་ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱར་མཚན་རྟགས་བཀོད་པའི་གནས་ཚུལ་གསར་བ་ཐོན་འདུག

དེ་ཡང་མེ་སོར་རྫོང་དཔོན་མཆོག་གིས་རྒྱ་གར་དབུས་གཞུང་གིས་ས་ཞིང་བོགས་གཏོང་ཁྲིམས་མཐུན་གན་རྒྱ་འདི་ཉིད་ཡུན་རིང་ནས་ཐག་གཅོད་མ་ཐུབ་པར་ལྷག་ཡོད་སྐོར་དང་། གན་རྒྱ་འདི་ཉིད་མངའ་སྡེ་གཞུང་དང་རྫོང་རིམ་པའི་འབྲེལ་ཡོད་ལས་བྱེད་དང་ལྷན་བཀའ་བསྡུར་ཡུན་རིང་དང་། རྒྱ་གར་དབུས་གཞུང་ལ་ཞུ་གཏུག་རིམ་པ་བརྒྱུད་མཐར་ཐག་གཅོད་ཐུབ་པ་བྱུང་ཡོད་ལ། ས་ཞིང་གང་ཙམ་ད་དུང་ཡིན་ནའང་རྟོག་ཞིབ་བྱུང་མེད་སྟབས། དེ་དག་གང་མགྱོགས་རྟོག་ཞིབ་བྱ་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་འདུག

དེ་ནས་ནང་སྲིད་བཀའ་བློན་མཆོག་གིས་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ འདི་ཉིད་ཇི་ལྟར་གཏན་འེབབས་གནང་ཚུལ་ངོ་སྤྲོད་ཞིབ་ཕྲ་དང་། ས་ཞིང་བོགས་གཏོང་གནང་བའི་ཁྲིམས་མཐུན་གན་རྒྱ་ཐག་གཅོད་བྱུང་བར་བརྟེན། ས་གནས་ཀྱི་བོད་མི་རྣམས་ནས་རྒྱ་གར་མངའ་སྡེ་གཞུང་གི་ལས་འཆར་ཁང་ནང་མཉམ་ཞུགས་དང་བུ་ལོན་སོགས་ཀྱི་མཐུན་རྐྱེན་ཞུ་ལེན་ཐུབ་སྐོར། དེང་སྐབས་འཛམ་གླིང་ཡུལ་གྲུ་གང་སར་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་སྟབས། བོད་ནང་དུའང་འགྱུར་བ་འགྲོ་རྒྱུ་ཡིན་པ་དང་། ང་ཚོར་བདེན་པ་ཡོད་པར་བརྟེན་འབྱུང་འགྱུར་བོད་དུ་ལོག་རྒྱུའི་དུས་སྐབས་ཞིག་བྱུང་ཚེ་རྒྱ་གར་གཞུང་ནས་བོད་མི་རྣམས་ལ་ས་ཞིང་བོགས་གཏོང་གནང་བ་དེ་ཉིད་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ་མངའ་སྡེ་གཞུང་ལ་ཕྱིར་འབུལ་ཞུ་དགོས་ཞེས་གསུངས་འདུག

ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་ནང་སྐུ་མགྲོན་གཙོ་བོ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། ཆེ་བསྟོད་སྐུ་མགྲོན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་རྫོང་གི་རྫོང་དཔོན་རན་དྷིབ་ Randeep. D མཆོག ཧོན་སུར་ཁུལ་གྱི་རྫོང་དཔོན་གཞོན་པ་སོ་ཇ་ནྱ་ Dr. Soujnya  མཆོག  མངའ་སྡེ་གཞུང་གི་སོ་ནམ་སྡེ་ཚན་གྱི་འགན་འཛིན་གཞོན་པ་ཇེ་ཝེན་ཀ་ཊེཤ་ J Venkatesh ལགས། བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ལྷོ་སྤྱིས་གཙོས་པའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་ས་གནས་འགོ་འཛིན་རྣམ་པ། ལྷོ་ཕྱོགས་གཞིས་ཆགས་ཁག་ལྔའི་མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་། ཧོན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། མི་མང་བཅས་ལྷན་འཛོམས་ཐོག་མེ་སོར་རྫོང་དཔོན་རན་དྷིབ་མཆོག་གིས་རྒྱ་གར་གཞུང་གི་ཚབ་ཞུས་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།