བོད་ས་ཡོངས་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༢༤ཉིན་སྤེལ། འདས་ལོར་བོད་མི་ ༣༦ འཛིན་བཟུང་དང་བོད་མི་ ༤ ཡིས་རང་ལུས་མེར་བསྲེགས་གནང་བ་དང་། ༡༩༩༡ ལོ་ནས་ད་བར་འཛིན་བཟུང་དང་བཀག་ཉར་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ ༥༠༠༠ ལས་བརྒལ་ཡོད་འདུག ཅེས་སྙན་ཐོར་འཁོད་འདུག

Tibet-Human-Rights-TCHRD-Report-2017ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠།༣༠། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བོད་རྒྱ་དབྱིན་གསུམ་ཅན་གྱི་༢༠༡༦ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་ལོ་འཁོར་སྙན་ཐོ་དེ་གངས་སྐྱིད་དཔེ་མཛོད་ཁང་གི་ཚོགས་ཁང་དུ་འགྲེམ་སྤེལ་གནང་སོང་།

དེ་ཡང་ལྟེ་གནས་དེ་གའི་ལོ་འཁོར་སྙན་ཐོའི་ནང་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནས་ཚུལ་མདོར་བསྡུས་ཤིག་ཚུར་དྲངས་ན།
༢༠༡༦ ལོའི་ནང་གི་གནས་སྟངས་ཛ་དྲག་ཤོས་གཅིག་ནི། རྒྱ་གཞུང་གིས་གྲྭ་བཙུན་ ༢༠༠༠༠ ལྷག་ཙམ་གྱིས་བསླབ་པ་སློབ་གཉེར་གནང་སའི་གསེར་རྟ་བླ་རུང་སྒར་གཏོར་བཤིག་དང་། གྲྭ་བཙུན་སྟོང་ཕྲག་མང་པོ་དེ་ག་ནས་བཙན་ཤེད་ཀྱིས་ཕྱི་ལ་ཕུད་ཅིང་། ལྷག་ཤུལ་དུ་གྲྭ་ཤག་ ༥༠༠༠ ལས་ཡོད་མི་ཆོག་པའི་ཚོད་འཛིན་བྱས་པ་དེ་ཡིན། གནས་སྟངས་དེར་རྐྱེན་བྱས་ཏེ་ད་སྔ་བཙུན་མ་ ༣ གྱིས་རང་ཤི་བརྒྱབ་ཡོད། ཕྱིར་འཕུད་བཏང་ཟིན་པའི་གྲྭ་བཙུན་ཁག་རང་རང་གི་ས་གནས་སྲིད་གཞུང་གིས་བདུན་ཕྲག་མང་པོར་འཇུ་བཟུང་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤེལ་འདུག་པ།

རྒྱ་ནག་གཞུང་གིས་སྒྲིག་གཞི་དང་ཁྲིམས་འཆར་སྣ་མང་གི་སྒོ་ནས་བོད་ནང་གི་ཆོས་དད་རང་དབང་ལ་བཀག་སྡོམ་ཤུགས་ཆེན་བྱེད་ཀྱིན་ཡོད། སྤྱིར་ཆོས་མེད་སྨྲ་བའི་སྲིད་གཞུང་ཡིན་པའི་རྒྱ་ནག་གཞུང་གིས་དུས་རྒྱན་ཆོས་ལུགས་དང་ཆོས་ལུགས་དད་མོས་ཞེས་པ་ཁས་ལེན་བྱེད་ཀྱི་མེད་སྟབས། ཆོས་ལུགས་ཀྱི་གནས་བབ་སྤྱི་ལ་ཆོས་ལུགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཞེས་མི་འདོད་པའི་ཁ་སྒྱུར་དང་། ཁྲིམས་དང་སྒྲིག་སྲོལ་གང་མང་ཞིག་མཉམ་བསྡེབས་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་བྱེད་ཀྱིན་ཡོད། དེའང་ཕྱི་ལོ་ ༢༠༠༥ ལོའི་ནང་ཆོས་ལུགས་ལས་དོན་ཐད་ཀྱི་སྒྲིག་གཞི་ཞེས་པ་གཏན་འབེབས་ཟིན་ཡོད་པ་དེ་ཉིད་བསྐྱར་ཞིབ་ཀྱིས་ ༢༠༡༧ ནང་དངོས་སུ་ལག་བསྟར་བྱ་རྒྱུ་རེད་འདུག ཅེས་འཁོད་འདུག

དེ་མིན་ལྟེ་གནས་དེ་གའི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བརྗོད་པ་ལྟར་ན། འདས་ལོར་གཅིག་པུར་མི་གྲངས་ ༣༦ འཛིན་བཟུང་བྱས་ཡོད་ཅིང་། ཆ་སྙོམས་བྱས་ན་ཟླ་རེར་མི་ ༣།༢༧ རེ་འཛིན་བཟུང་བྱས་ཡོད་པ་དང་། ༢༠༡༥ ལོའི་ནང་འཛིན་བཟུང་བྱས་པའི་མི་གྲངས་ཆ་སྙོམས་བྱས་ན་ཟླ་རེར་མི་ ༩ རེ་འཛིན་བཟུང་བྱས་ཡོད་འདུག གཞན། ཤེས་རྟོགས་བྱུང་བར་ ༡༩༩༡ ལོ་ནས་ད་བར་རྒྱ་གཞུང་གིས་གང་བྱུང་འཇུ་བཟུང་དང་བཀག་ཉར་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ ༥༠༠༠ ལྷག་ཙམ་ཡོད་པ་དང་། ལྟེ་གནས་ཁང་གིས་ད་དུང་དེ་ལས་མང་བར་ཚོད་དཔག་བྱེད་བཞིན་ཡོད་འདུག ཅེས་བརྗོད་སོང་།

སྙན་ཐོ་དེར་བོད་ནང་གི་ཁོར་ཡུག་སྐོར་འཁོད་དོན། རྒྱ་ནག་གཞུང་གིས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར་ཚོགས་པའི་ཆིངས་གནས་རྒྱལ་ཁབ་གྱི་ཚོགས་ཆེན་ཐེངས་ ༢༡ པའི་སྟེང་གཏན་འབེབས་བྱས་པའི་གནམ་གཤིས་འགྱུར་ལྡོག་དང་དུག་རླངས་ཕྱིར་གཏོང་ཉུང་འཕྲིའི་མོས་མཐུན་གྲོས་ཆོད་གང་བྱུང་བ་རྣམས་ལག་བསྟར་ཁས་ལེན་བྱས་ཡོད་ལ། དེ་བཞིན། རྒྱ་གཞུང་གིས་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་ཞེས་པ་གཏན་འབེབས་ཀྱིས་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་། དུག་རླངས་ཕྱིར་གཏོང་བྱེད་ཚུལ་ཉུང་འཕྲི་དགོས་སྐོར་བཤད་ཡོད། ཡིན་ནའང་རྒྱ་གཞུང་གིས་ཤོད་བཞིན་པའི་ཡར་རྒྱས་འཛུགས་སྐྲུན་གྱིས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་། དེར་ཡོད་པའི་བོད་མི་ས་ཡང་མང་པོའི་འཚོ་གནས་ལ་དོ་ཕོག ལྷག་པར་དུ་བོད་ཀྱི་རང་བྱུང་ཐོན་ཁུངས་བསྔོག་འདོན་དང་། རྒྱ་ནག་ཏུ་འོར་འདྲེན་བྱས་པ་བརྒྱུད་ནས་རྒྱལ་ཁབ་འཕེལ་རྒྱས་གཏོང་བ་དང་། ཆུ་མཛོད་དང་གློག་ཁང་ས་ཚིགས་གང་མང་བརྒྱབ་དང་རྒྱག་འཆར་ཡོད། ཅེས་སོགས་བཀོད་འདུག

གཞན་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གི་འདི་ལོའི་སྙན་ཐོའི་ནང་། དང་པོ། བསམ་བློའི་རང་དབང་དང་སྨྲ་བརྗོད་རང་དབང་། གཉིས་པ། མི་སྒེར་གྱི་རང་དབང་དང་ཐོབ་ཐང་། གསུམ་པ། ཆོས་དད་རང་དབང་། བཞི་པ། སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་གཞན་ཁག ལྔ་པ། བོད་པའི་རང་བྱུང་ཁོར་ཡུག དྲུག་པ། ཆབ་སྲིད་བཙོན་པའི་མིང་གཞུང་ཐོ་འགོད། ཞེས་སྙན་ཐོ་ཧྲིལ་བོ་ཚན་པ་ ༦ དང་ཤོག་ངོས་ ༡༩༡ ལས་གྲུབ་འདུག་པ་བཅས།།

གསར་འགོད་པ། ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།