བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་མཇུག་བསྒྲིལ་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༢༣ཉིན་སྤེལ།  བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་ནི་ལོ་རྒྱུས་ཁྲོད་དུ་ཆེས་ཐོག་མ་ཞིག་ཀྱང་ཡིན།

ཕྱི་ཟླ་༢ཚེས༢༣ཉིན་གྱི་ཉིན་གུང་(བུད་མེད་ནུས་སྟོབས་གོང་སྤེལ།)གྱི་ཚོགས་ཆེན་ཡོངས་སུ་མཇུག་བསྒྲིལ་ཡོད་པ་དང།   མཇུག་མཐའི་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་དང་།  དཔལ་ལྡན་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག  དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་བཅས་ཕེབས་སོང་།  
མཇུག་མཐའི་མཛད་སྒོའི་ཐོག་ཏུ་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེ་མཆོག་གིས་བུད་མེད་ཀྱི་ནུས་སྟོབས་ནི་བྱམས་བརྩེ་དང་འབྲེལ་ཡོད་ཚུལ་དང་། བྱམས་བརྩེ་དེའི་རྒྱབ་ལྗོངས་ནི་རང་གཅེས་འཛིན་ཙམ་མིན་པར་གཞན་གྱི་ཆེད་དུ་བསྐྱེད་པར་བྱས་ན།  གནས་བབ་གང་དུ་འཕྲད་ཀྱང་དེ་འདྲ་བའི་བྱམས་བརྩེ་ལ་ནམ་ཡང་ཞུམ་པ་མེད་པ་ཡིན་ཞེས་གསུངས་སོང་།  
དེ་བཞིན་འདི་ལྟ་བུའི་གཞུང་འབྲེལ་གྱི་ངོས་ནས་བུད་མེད་ཀྱི་སྐོར་ནས་ཚོགས་ཆེན་ཞིག་ཚོགས་པ་ནི་བོད་ཀྱི་ལོ་རྒྱུས་ཁྲོད་ནས་ཀྱང་ཆེས་ཐོག་མ་ཡིན་ངེས།  འོན་ཏེ།  བུད་མེད་སྒེར་རེ་རེའི་ངོས་ནས་ཀྱང་མི་རིགས་དོན་དུ་བསམ་བློ་བཏང་ནས་འགན་ཡང་ངེས་པར་འཁུར་དགོས་རེད་ལ།  དེ་རིང་འདི་ནས་མཐའ་དོན་གྱི་གྲོས་ཆོད་རྣམས་ཀྱང་ངེས་པར་དོ་བདག་རེ་རེ་ནས་ངོས་ནས་ལག་བསྟར་བྱེད་དགོས་པ་རེད་ཅེས་ད་ལམ་ཚོགས་ཆེན་དང་འབྲེལ་ནས་གསུང་བཤད་ཆུ་ཚོད་གཅིག་ཙམ་གནང་སོང་།  དེ་བཞིན་ཐེངས་འདིའི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྔོན་འགྲོའི་སྟ་གོན་སོགས་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་ཆ་ཚང་དང་།  ལས་རིམ་འདིའི་ཐད་དུ་ཐོག་མའི་ཟིན་བྲིས་ཕབ་པ་སོགས་ཀྱི་དཀའ་ལས་གཙོ་བོ་བསྐྱོན་མཁན་གྱི་ལས་བྱེད་བུད་མེད་རྒན་པ་ལྔ་ལ་ཆེད་དུ་བཀའ་དྲིན་ཆེ་ཞེས་ཞུས་སོང་།  མ་ཟད།  འབྱུང་འགྱུར་གྱི་གཞུང་ཞབས་ནང་དུ་བུད་མེད་ཀྱི་བརྒྱ་ཆ་མང་དུ་འགྲོ་བའི་རེ་བ་བྱེད་ཀྱིན་ཡོད་དང་།  སྤྱིར་བཅའ་ཁྲིམས་གཞི་བཟུང་བྱས་ན་བུད་མེད་ཀྱི་གནས་ཐོབ་ནི་རྒྱ་གར་ཙམ་མ་ཟད། ཨ་རི་གཙོས་མང་གཙོ་རྒྱལ་ཁབ་དག་གི་སྔོན་མ་གཏོགས་རྗེས་སུ་ལུས་མེད།  འོན་ཏེ།  དེ་འདྲ་བའི་བུད་མེད་གནས་ཐོབ་དེ་བཀའ་ཤག་གི་ངོས་ནས་ཕུལ་བཞག་ཡོད་པ་རེད་ཀྱང་།  གོ་སྐབས་ལེན་མཁན་ནི་ངེས་པར་བུད་མེད་ཉིད་ཡིན་དགོས་པས་ད་ལྟའི་བུད་མེད་རྣམས་ཀྱིས་ས་གནས་འགོ་འཛིན་ནས།  གཞུང་གི་ཞབས་དཀྱགས་ཆ་ཚང་གི་གོ་སྐབས་ལེན་པར་རེ་བ་བྱེད་ཀྱིན་ཡོད་ཅེས་ཚོགས་ཆེན་འདི་དང་འབྲེལ་ནས་གསུང་བཤད་ལྷུག་པོ་བསྩལ་སོང་།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།