ཞི་བདེའི་གཟེངས་རྟགས་ཐོབ་པའི་དུས་དྲན་ཐེངས་༢༠པ་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉའི་དྲ་བས་སྤྱི་ལོ་༢༠༠༩ཟླ་༡༢ཚེས་༡༠ཉིན་སྤེལ། དེ་རིང་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ལོ་༡༩༨༩ལོར་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཧྲི་པོ་༢༠འཁོར་བའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཤིག་ཞུས་སོང༌།

སྲུང་བརྩི་དེའི་ཐོག་བོད་པའི་སྲོལ་རྒྱུན་གྱི་གཞས་དང་ཞབས་བྲོ་མང་པོ་གཟིགས་འབུལ་ཞུས་སོང་ལ། ཐེངས་འདིར་བོད་པའི་རྩོམ་པ་པོ་རྣམས་ཀྱིས་བོད་ནང་དུ་ཆབ་སྲིད་བརྩོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་སྙན་ཞུ་དང་རྩོམ་དེབ་སོགས། དཔེ་དེབ་མང་པོ་ཞིག་དུས་དྲན་འདི་དང་སྟབས་སྟུན་ནས་དབུ་འབྱེད་གནས་སོང༌།

དེ་ཡང་ཐོག་མར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཚབ་ཚེ་རིང་ཕུན་ཚོགས་མཆོག་གིས་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱངས་གནང་དོན། འདས་ལོའི་ནང་བོད་ས་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས་རྒྱ་ནག་གཞུང་གིས་དྲག་གནོན་འོག་མི་ཇི་ཙམ་ཤི་སྐྱོན་བྱུང་བའི་ཞིབ་ཕྲའི་གནས་ཚུལ་དེ་རེད། འོན་ཀྱང་འདི་ལོ་ཕྱི་ཟླ་ ༡༠ ཚེས་ ༢༧ ནང་ཚུན་དུ་ང་ཚོར་ཐོབ་པའི་གནས་ཚུལ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ ནས་ད་བར་བོད་མི་ ༢༢༨ མནར་གཅོད་ཀྱིས་འདས་གྲོངས་སུ་ཕྱིན་འདུག དེའི་ནང་ནས་མི་ ༡༡༨ ཀྱི་མིང་དང་བཅས་པའི་ཞིབ་ཕྲའི་གནས་ཚུལ་གསལ་རྟོགས་བྱུང་ཡོད། བོད་མི་ ༣༧༡ བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ་དང༌། བོད་མི་ ༤༦༥༧ འཛིན་བཟུང་ངམ་བཀག་ཉར་བྱས་ཡོད། བོད་མི་ ༩༩༠ གར་སོང་ཆ་མེད་དུ་གྱུར་བ་མ་ཟད། བོད་མི་ ༡༢༩༤ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། ཁོང་ཚོ་མ་ཡིན་པའི་བོད་མི་ཇི་ཙམ་ཚེ་ལས་འདས་པ་དང༌། བཙོན་ཁང་དུ་བཅུག་པ། སྡུག་སྦྱོང་མནར་གཅོད་འོག་ད་དུང་གནས་ཡོད་པ་སུས་ཤེས་ཐུབ། ལྷག་པར་ྋཀུན་གཟིགས་པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་ཆུང་བྱིས་པའི་དུས་ནས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་བྱིས་པའི་ཐོབ་ཐང་ཙམ་ཡང་བརྩི་སྲུང་མེད་པར་བཙན་འཕྲོག་བྱས་ཏེ། ད་ཆ་དགུང་ལོ་ཉེ་ཤུར་ཉེ་བར་སླེབས་ཀྱང་སྤྱི་མང་གི་ཐོབ་ཐང་མ་འཐོབ་པར་དུས་ད་ལྟ་ཡང་འཚོ་བཞུགས་དང་གར་ཡོད་ཆ་མེད་ལ་གནས་ཡོད་པ་དེར་བློ་འཚབ་ཆེན་པོ་ཡོད་པ་མ་ཟད། ཆུང་སྲིད་རིན་པོ་ཆེས་དབུས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་འགྲོལ་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད།

ཉེ་བའི་ཆར་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་ཁུངས་ལྡན་གྱི་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་སར་སྔ་ལོའི་ཞི་རྒོལ་དང་འབྲེལ་བའི་བོད་མི་བློ་བཟང་རྒྱལ་མཚན་དང༌། ལོ་ཡག་གཉིས་འཕྲལ་མར་སྲོག་ཐོག་དང༌། རྐང་བཙུགས་དང༌། བསྟན་འཛིན་ཕུན་ཚོགས། སྤེན་སྐྱིད་བེུདབཅས་བོད་མི་གསུམ་ལོ་གཉིས་དུས་འགྱངས་ཀྱི་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད་པ་ལྟར་སྲོག་ཐོག་བཏང་འདུག་ཅིང༌། ད་དུང་བོད་ཀྱི་ས་ཁུལ་གཞན་དུའང་གོང་མཚུངས་ཀྱི་བོད་མི་འཛིན་བཟུང་དང་ཁྲིམས་ཐག་བཅད་པའི་གནས་ཚུལ་གོ་ཐོས་ཡོང་བཞིན་འདུག

གོང་གསལ་བོད་ནང་ཡ་ང་བའི་གནས་སྟངས་དང་དཀའ་ངལ་སེལ་རྒྱུར་རྒྱ་ནག་གཞུང་གི་མཁྲེགས་བཟུང་གི་ལངས་ཕྱོགས་འགྱུར་བ་གཏོང་རྒྱུར་རེ་བ་མེད་པ་ཞིག་མཐོང་གི་ཡོད་ཀྱང༌། ཕྱོགས་གཞན་ཞིག་ནས་བལྟས་ན། སྔ་ལོ་བོད་ནང་ཞི་རྒོལ་ཆེན་པོ་བྱུང་བ་ནས་བཟུང་རྒྱ་ནག་ནང་བློ་གཟུ་བོར་གནས་པའི་ཤེས་ཡོན་ཅན་དང་ཁྲིམས་རྩོད་པ། སྤྱིར་བཏང་མང་ཚོགས་ཀྱིས་རྒྱ་ནག་གཞུང་གིས་རྫུན་པའི་དྲིལ་བསྒྲགས་ལ་དབུ་འཁོར་ནས་མི་བཞུགས་པའི་དན་རྟགས་གསལ་སྟོན་གྱི་སྙན་ཐོ་ཡོངས་གྲགས་སུ་བཏོན་པ་དང༌། རྒྱ་གཞུང་གི་ཐབས་བརྒྱ་བྱུས་སྟོང་གིས་བརྒྱུད་ལམ་ཁག་བཀག་བསྡོམས་བྱེད་མིན་ལ་མ་ལྟོས་པར་དྲ་རྒྱའི་ནང་བོད་དོན་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་པ་དང༌། རྒྱལ་སྤྱིའི་ཁྱོན་ལའང་བོད་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་ལྷག་ཆེ་རུ་ཕྱིན་ཡོད། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༦ ནས་ ༨ བར་སུད་སི་གྲོང་ཁྱེར་འཇི་ནི་ཝར་ཚོགས་པའི་བོད་རྒྱ་བགྲོ་གླེང་ཚོགས་འདུའི་ཐོག་ཐུན་མོང་གི་ལྟ་ཚུལ་ཞེས་པའི་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། ད་ལྟའི་བོད་ཀྱི་གནད་དོན་གྱི་འབྱུང་རྩ་ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་གདོང་ཐུག་ལས་བྱུང་བ་ཞིག་མིན་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ལ་ལག་བསྟར་བྱས་པའི་སྲིད་དབང་སྒེར་སྡོམ་གྱི་དབང་བསྒྱུར་དང༌། རིག་གཞུང་ཐོག་མི་རིགས་རྩ་གཏོར་གྱི་བྱེད་བབ་ལས་བྱུང་བ་ཞིག་རེད་ཅེས་གསུངས་སོང་། 

དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ཀྱི་གསུངས་བཤད་གནང་དོན། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བའི་དུས་སྐབས་འཁེལ་བ་ལྟར་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཞུས་ཏེ། འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེན་བརྩིས་ནས་སྲུང་སྐྱོབ་གནང་མཁན་དང༌། དེ་བཞིན་རང་དབང་མང་གཙོའི་རྒྱལ་ཁབ་ཁག་ལ་ད་དུང་ཡང་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་དྲང་བདེན་མིན་པའི་ཁྲིམས་གཅོད་མུ་མཐུད་བྱས་དང་བྱེད་བཞིན་པ་དཔེར་ན། ཉེ་སྔོན་ཕྱི་ཟླ་ ༡༠ པའི་ནང་ན་ནིང་བོད་ནང་བོད་དོན་ཞི་བའི་ལས་འགུལ་ཁྲོད་ཞུགས་མཁན་བོད་མི་ན་གཞོན་ཁག་ཅིག་ལ་ནག་མེད་ཉེས་འཛུགས་ཀྱིས་སྲོག་ཐོག་བཏང་ཡོད་པ་དང༌། ད་དུང་བོད་མི་དམར་གསོད་དང༌། འཛིན་བཟུང་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པར་ངོ་རྒོལ་དང༌། དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ། རྒྱལ་སྤྱིའི་ཁྱོན་གྱི་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་བོད་ནང་ཛ་དྲག་གི་གནས་སྟངས་ལ་བདེན་རྒྱབ་དཔུང་རོགས་ངེས་གནང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང༌། རྒྱ་ནག་གཞུང་ནས་ཀྱང་ལུགས་མཐུན་ལག་བསྟར་ངེས་པར་དགོས་པའི་དགོས་འདུན་ཤུགས་ཆེ་བྱ་བཞིན་ཡོད་ཅེས་གསུངས་སོང༌།

ཡང་དེ་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཡོད་པའི་བོད་ཀྱི་འགྲེམ་སྟོན་ཁང་དུ། ནོར་ཝེ་བོད་རིགས་མཐུན་ཚོགས་ཀྱིས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་རྩོམ་གནང་བའི་༼བཀག་སྡོམ་བྱས་པའི་བོད་ཀྱི་རིག་གནས་གསར་བརྗེའི་དྲན་ཐོ་༽ཞེས་པའི་དཔེ་དེབ་དེ་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང༌། རྩོམ་པ་པོ་འོད་ཟེར་ལགས་ནི་སྤྱི་ལོ་༡༩༦༦ལོར་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐྱེས་ཡོད་འདུག

དེབ་དེའི་ནང་སྤྱི་ལོ་༡༩༦༦ནས་༡༩༧༠བར་རིག་གནས་གསར་བརྗེ་ཆེན་པོའི་སྐབས། རྩོམ་པ་པོ་འོད་ཟེར་གྱི་པཱ་ལགས་ཀྱིས་བརྒྱབ་པའི་འདྲ་པར་བརྒྱ་ཕྲག་མང་པོ་ཡོད་པ་དང༌། ཁོང་གི་པཱ་ཕ་ཚེ་རིང་རྡོ་རྗེ་ལགས་ནི་དེའི་སྐབས་སུ་བོད་སྡོད་བཅིངས་བཀྲོལ་དམག་གི་དམག་དཔོན་ཞིག་དང༌། ཁོ་བོ་ནི་པར་ལེན་རྒྱུར་ཧ་ཅང་དགའི་མི་སྣ་ཞིག་ཡིན་པ་མ་ཟད། རྒྱུན་དུ་ཁོང་གིས་བསྐྱོན་པའི་འདྲ་དཔར་དེ་ཚོ་དོ་ནན་གྱིས་ཉར་ཚགས་བྱས་ཡོད་པ་ཞིག་རེད་འདུག སྤྱི་ལོ་༡༩༩༡ལོར་ཁོང་ཉིད་འདས་གྲོངས་སུ་ཕྱིན་ཡོད་འདུག

རྩོམ་པོ་འོད་ཟེར་ལགས་ཀྱིས། སྤྱི་ལོ་༡༩༩༩ལོར་ཕྱི་རྒྱལ་ནས་བོད་ནང་སླེབས་པའི་༼བྱ་དོར་གྱི་ལས་དབང་༽ཞེས་པའི་དེབ་འདི་བཀླགས་རྗེས་པཱ་ལགས་ཀྱིས་བསྐྱོན་པའི་འདྲ་པར་འདི་རྣམས། དེབ་དེ་རྩོམ་མཁན་གྱི་རྒྱ་ནག་གི་རྩོམ་པ་པོ་ཝང་ལིད་ཞུང་ལ་བསྐུར་རྒྱུའི་ཐག་གཅོད་བྱས་ནས། དེའི་དུས་ངའི་པཱ་ལགས་ཀྱི་འདྲ་པར་འདི་རྣམས་མུ་མཐུད་སྒམ་ནང་བཅུག་བཞག་པ་ལས། དྲང་བདེན་གྱི་ཐོག་ནས་བོད་ཀྱི་གནད་དོན་ལ་ཞིབ་འཇུག་གནང་མཁན་གྱི་མཁས་པ་ཞིག་ལ་ཕུལ་བ་ཡིན་ན། གཅིག་བྱས་ན་ནུས་པ་ཞིག་ཐོན་སྲིད་ཀྱི་རེད་སྙམ་བྱུང་ཞེས་གསུངས་འདུག

འདྲ་པར་དེ་དག་ནི་སྤྱི་ལོ་༡༩༦༦ནས་༡༩༧༦བར་བོད་ནང་དུ་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་སྐབས་ཀྱི་གནས་ཚུལ་ཞིག་རེད། དེ་རིང་གཞུང་འབྲེལ་གྱི་མཛད་སྒོ་དེའི་རྗེས་སུ། བོད་ཀྱི་འགྲེམ་སྟོན་ཁང་དུ་བོད་གཞུང་ཕྱི་དྲིལ་ལས་ཁུངས་དང༌། ནོར་ཝེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆུང་བདག་ཀོ་རིས་གཉིས་ཀྱི་དཔེ་དེབ་དབུ་འབྱེད་གོ་སྒྲིག་ཞིག་ཞུས་སོང་ལ། དཔེ་དེབ་འདིའི་བོད་སྒྱུར་གནང་མཁན་ནི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་རེད་འདུག

དེའི་སྐབས་སུ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་དྲ་ཐོག་ནས། རྒྱ་གར་དང༌། བོད་པ། ཕྱི་རྒྱལ་བ་བཅས་ལ། ཁོང་ཉིད་ཀྱི་རྩོམ་དེབ་བོད་ཡིག་ཐོག་ནས་གསར་དུ་དབུ་འབྱེད་གནང་བ་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
༸སྐྱབས་མཆོག་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ལི་ལྗོངས་ཕོ་ཉས།



བརྗོད་གཞི་གཞན་ཁག་ལ་གཟིགས།