མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས༡༡འཚོགས་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༢༠ཉིན་སྤེལ།  སློབ་ཆེན་མི་འདྲ་བ་༢༤ནས་ཕེབས་པའི་སློབ་ཆེན་སློབ་མ༡༠༠ལྷག་ཚང་འཛོམས་ཐོག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་འཚོགས་བཞིན་པ་རེད།

rrrrrrrrrrད་ལོའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༡པ་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོམས་ཆེན་དུ་འཚོགས་བཞིན་པ་དང་།   སྐབས་འདིའི་ཚོགས་ཆེན་ཐོག་བརྗོད་གཞི་ཆེན་པོ་བཞི་སྟེ(རིག་གཅིག་རྐང་འཛིན་གྱི་མཐུན་རྐྱེན་དང་འདུན་ལམ་)དང་(གཞི་རིམ་གོང་འོག་གི་དགེ་རྒན་གྱི་སྤུས་ཚད་)།  (བོད་ཀྱི་མཐོ་རིམ་སློབ་གསོའི་མ་ལག་གསར་བསྐྲུན་)དང་(ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་གནད་དོན་)སོགས་ལ་བགྲོ་གླེང་གནང་བཞིན་པ་རེད་འདུག  ད་ཐེངས་ཚོགས་ཆེན་དུ་སློབ་ཆེན་མི་འདྲ་བ་༢༤དང་སློབ་ཆེན་དེ་དག་ལས་ཕེབས་པའི་ཁྱོན་སྡོམ་སློབ་ཆེན་སློབ་མ་༡༠༡ཙམ་ཚང་འཛོམས་བྱུང་ཡོད་འདུག  དེ་ཡང་ཕྱི་ཟླ་༢ཕྱི་ཚེས་༡༥ལ་ཚོགས་ཆེན་འགོ་བརྩམས་ཤིང་ཕྱི་ཟླ༢ཕྱི་ཚེས༢༡ལ་མཇུག་ཡོངས་སུ་བསྒྲིལ་འཆར་ཡོད་འདུག   ད་ལྟའི་བར་ཚོགས་ཟིན་པའི་ཉིན་བཞིའི་ཞིབ་ཕྲའི་གནས་ཚུལ་གཤལ་གསལ་ལྟར།  

ཉིན་དང་པོ།

ཕྱི་ལོ་༢༠༡༧ཟླ་༢ཚེས་༡༥ཉིན་གྱི་ཞོགས་པའི་ཕྱག་ཚོད་༨་དང་ཕྱེད་ཀའི་ཐོག་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོམས་ཆེན་དུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༡པ་དངོས་སུ་ཚོགས་སོང་བ་དང་།ཚོགས་ཆེན་དུ་སྐུ་མགྲོན་གཙོ་བོར་བྷ་ན་རཱ་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་མཆོག་གི་སྐུ་ཚབ་ཏུ་སྨན་གྱི་སྡེ་ཚན་གྱི་སློབ་སྤྱི་(V.K. Shukla)དང་རྒྱལ་སྤྱིའི་སློབ་མའི་ལྟེ་གནས་ཀྱི་ཚོགས་གཙོ་(H.B. Srivavastava)མཆོག་རྣམ་གཉིས་ཕེབས་འདུག་པ་དང་།དེ་བཞིན་དབུས་ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་ཀྱང་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོར་ཕེབས་འདུགསྐུ་མགྲོན་རྣམ་པས་མཆོད་མེ་སྒྲོན་པ་དང་ཚོགས་བཅར་བ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་གྱི་རྒྱལ་གླུ།བོད་ཀྱི་རྒྱལ་སྤྱིའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་དུད་ཞུས་པ་བཅས་རིམ་བཞིན་ཚོགས་ཆེན་དབུ་འཛུགས་ཞུས་སོང་།
བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཚོགས་གཙོ་ཆོས་སྐུ་ལགས་ཀྱིས་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ངོ་སྤྲོད་དང་འབྲེལ།ཚོགས་ཆེན་འདི་ཉིད་ཐོག་མར་དབུ་ཚུགས་པའི་བརྒྱུད་རིམ་དང་ཚོགས་ཆེན་གྱི་དགོས་དམིགས་གཙོ་བོ།ཚོགས་ཆེན་གྱི་ལངས་ཕྱོགས་དང་འབོད་སྒྲ་སོགས་མདོ་བསྡུས་ངོ་སྤྲོད་གནང་སོང་།ཁོང་གིས་གསུང་དོན། “བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཟབ་སྦྱོང་ཞིག་ཚོགས་པ་བརྒྱུད།སྐབས་དེའི་མཐོ་རིམ་སློབ་མ་རྣམས་ཀྱིས་བོད་རིགས་མཐོ་རིམ་སློབ་མའི་འབྲེལ་ལམ་ཡག་པོ་ཡོང་བའི་ཆེད་ལོ་འཁོར་ཚོགས་ཆེན་ཞིག་གོ་སྒྲིག་བྱས་ན་ཡག་པོ་ཡོད་པའི་བསམ་ཚུལ་བཏོན།དེ་བཞིན་༢༠༠༦ལོར་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དང་པོ་ཚོགས་ཐུབ་པ་བྱུང་ཡོད་པ་དང་།དེ་ནས་ད་ལྟ་བར་དུ་ཚོགས་ཆེན་ཐེངས་༡༠ཚོགས་ཟིན་པ་རེད།ཚོགས་ཆེན་ཐེངས་དང་པོ་གོ་སྒྲིག་བྱེད་མཁན་ནི་ཚེ་དབང་རིག་འཛིན་དང་རྡོ་རྗེ་ཚེ་བརྟན་སོགས་སློབ་མ་བཞིའམ་ལྔ་ཞིག་ཡོད་པ་དང་།ཚོགས་ཆེན་འདི་ཉིད་ནི་འབོད་སྒྲ་གཅིག་དང་རྩ་དོན་གཅིག་གི་ཐོག་ནས་འགྲོ་བཞིན་པ་ཡིན།འབོད་སྒྲ་ནི་རང་ངོ་རང་ཤེས་དང་རང་འགན་རང་འཁུར་ཞེས་པ་ཡིན་ལ།རྩ་དོན་དེ་ནི་ཚོགས་ཆེན་འདི་ཉིད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་སོགས་ཀྱི་ཤུགས་རྐྱེན་གང་ཡང་མེད་པའི་ཐོག་མཐོ་རིམ་སློབ་མ་རང་གི་མངོན་འདོད་དང་བསམ་ཚུལ་གླེང་ཐུབ་པའི་གདང་ཆ་ཞིག་བསྐྲུན་རྒྱུ་དེ་རེད།ཚོགས་ཆེན་གྱི་གྲུབ་ཆའི་སྐོར་ནས་བཤད་ན།གྲུབ་ཆ་གསུམ་དུ་ངེས་པ་སྟེ་ཞིབ་འཇུག་ཚོགས་ཆུང་དང་གོ་སྒྲིག་ཚོགས་ཆུང་།སྤྱི་ཁྱབ་འབྲེལ་མཐུད་པ་གསུམ་པོ་ཆགས་ཡོད།དེ་བཞིན་ཞིབ་ཕྲའི་གནས་ཚུལ་ཤེས་འདོད་རྣམས་ཀྱི་དྲ་ཚིགས་འདི་www.tcsce.com བརྒྱུད་ནས་གསན་གཟིགས་ཐུབ་པ་ཡིན།”ཞེས་གསུང་སོང་།


དེ་བཞིན་ཚོགས་ཆེན་གྱི་སློབ་སྟོན་པ་གཉན་ཐར་ལགས་ཀྱིས་སྐབས་༡༡པའི་ཚོགས་ཆེན་ངོ་སྤྲོད་དང་འབྲེལ།སྐབས་༡༡པའི་ལས་འགུལ་ཅི་རིགས་ཤིག་སྤེལ་ཡོད་པའི་ལས་རིམ་རྣམས་ངོ་སྤྲོད་བྱས་སོང་། “ཚོགས་ཆེན་སྐབས་༡༠པའི་ཐོག་གཏན་འཁེལ་བྱུང་བ་བཞིན།ངེད་བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་དང་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གཉིས་མཉམ་འབྲེལ་ཐོག་ཚོགས་ཆེན་སྐབས་༡༡པ་གོ་སྒྲིག་བྱེད་པའི་ཐག་གཅོད་གནང་ཡོད།འོན་ཀྱང་།ཐོག་མའི་སྐབས་ནས་གཏན་འཁེལ་བྱས་པ་ལྟར་ཚོགས་ཆེན་གྱི་མ་དངུལ་མཁོ་སྒྲུབ་དང་བརྗོད་གཞི་གཏན་འབེབས་སོགས་ལས་འགན་མང་ཆེ་བ་མཐོ་སློབ་རང་ནས་གཙོ་འགན་བཞེས་པ་རེད།སློབ་མ་རྣམས་ཀྱིས་དབྱར་ཀའི་གུང་སེང་དང་སྟབས་བསྟུན་ཏེ་ས་གནས་མ་འདྲ་བ་དྲུག་ལྷག་ནས་ཞལ་འདེབས་སློང་བ་རེད།དེ་མིན་ད་ལོ་དམིགས་བསལ་ཞིག་ལ།དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྐབས་༣༤པའི་སྔོན་དང་མ་འདྲ་བར་མཐོ་རིམ་སློབ་མ་རང་ངོས་ནས་ལས་འགུལ་ཁག་འགའ་སྤེལ་ཟིན་པ་རེད།ཟླ་འགའི་སྔོན་ནས་ཁྱབ་བསྒྲགས་བྱས་པར་བརྟེན་ལས་འགུལ་ལ་ཉམས་ཞུགས་གནང་མཁན་གྱི་མཐོ་རིམ་སློབ་གྲྭ་ཁག་༡༦ཙམ་བྱུང་ཡོད་པ་དང་སློབ་མ་༡༠༠ལྷག་འདུ་འཛོམས་བྱུང་བ་རེད།ལས་འགུལ་ཁག་ནི་དད་ལྡན་ཆོས་ཞུ་བར་སྤྱི་ཚོགས་ཞབས་ཞུའི་ལས་འགུལ་སྤེལ་ཡོད་པ་དང་དེའི་ཁོངས་སུ་ཁོར་ཡུག་གཙང་བཟོའི་ལས་འགན་ཁག་དང་སྨན་ཞབས་དགོས་མཁོ་མཐུན་རྐྱེན་སྦྱར་བ་སོགས་ཚུད་པའི་རྣམ་གྲངས་འགའ་ཡོད་པ་དང་།དེ་མིན་སློབ་མ་སྤྱི་དང་བོད་ཀྱི་སྐད་ཡིག་ལ་སྨན་པའི་བགྲོ་གླེང་ཁག་གཉིས་གོ་སྒྲིག་བྱས།བགྲོ་གླེང་ཁག་གཉིས་ཀྱི་དང་པོ་ནི་(དཔེ་ཀློག་གི་རིན་ཐང་)ཞེས་པ་ཡིན་ལ།གཉིས་པ་རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ་ཞེས་པ་ཡིན།རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ལ་འབྲུག་དང་བལ་ཡུལ།མོན།བོད་པ་སོགས་ནས་ཉམས་ཞིབ་པ་ཁག་ཅིག་གདན་འདྲེན་བྱས་ཏེ་བགྲོ་གླེང་བྱས་ཡོད་པ་མ་ཟད།བགྲོ་བགྲོ་འདི་ཉིད་ལ་ཕྱོགས་མང་ནས་རྒྱ་ཆེ་མི་མང་དང་སློབ་མ་སོགས་ནས་དགའ་བསུ་དང་བསྔགས་བརྗོད་ཀྱང་ཐོབ་ཡོད།བརྗོད་གཞི་གཏན་འབེབས་ཀྱི་སྐོར་ནས་ངེད་བྷ་ན་ར་སི་ཧིན་རྡུའི་སློབ་ཆེན་གྱི་བོད་རིགས་སློབ་མའི་མཐུན་ཚོགས་ཀྱི་སློབ་མ་ཡོངས་ཐེངས་མང་པོར་སྐོང་འཛོམས་དང་གྲོས་སྡུར་ཡང་ཡང་བྱས་པ་དང་།སྔོན་ཚུད་ཚོགས་ཆེན་ཐེངས་བཅུ་ཚོགས་ཟིན་པའི་ཉམས་མྱོང་རྣམས་གཞིར་བཞག་ཐོགསྐབས་དེ་དག་གི་བརྗོད་གཞི་ཁག་དང་གྲོས་ཆོད་ཁག་ལ་བསྐྱར་ཞིབ་བྱས་པའི་ཐོག་ད་ལྟའི་བརྗོད་གཞི་འདི་དག་གཏན་འབེབས་བྱས་ཡོད།ད་ལོ་བརྗོད་གཞི་མང་པོ་ཞིག་གི་ཐོག་གྲོས་ཆོད་མང་པོ་ཞིག་འཇོག་རྒྱུ་དེ་མ་ཡིན་པར་གནད་དོན་ཁག་ཅིག་གནད་བསྡུས་བྱས་ཏེ་བརྗོད་གཞི་ཁག་བཞི་ཙམ་ལ་བགོས་ཡོད་པ་དང་།བགྲོ་གླེང་རྣམས་གནད་ལ་ཁེལ་ཆེད་ཉིན་གཅིག་གི་རུང་ལ་བརྗོད་གཞི་གཅིག་རང་གཙོ་འཛིན་ཐོག་བགྲོ་གླེང་བྱེད་རྒྱུ་དང་དགོང་མོ་གྲོས་ཆོད་གཞག་རྒྱུ་གཏན་འཁེལ་བྱས།ད་སྔ་ང་ཚོའི་སྤྱི་ཚོགས་ནང་འབུམ་རམས་པ་དང་རིག་གཅིག་རྐང་འཛིན་བྱེད་མཁན་དཀོན་པོ་ཡིན་ཙང་།བརྗོད་གཞི་བཞིའི་ནང་ནས་དང་པོ་(རིག་གཅིག་རྐང་འཛིན་གྱི་མཐུན་རྐྱེན་དང་འདུན་ལམ་)ཞེས་པ་ཡིན།འདིར་འཛོམས་ཡོད་པའི་སློབ་མ་མང་ཤས་ཤིག་གཞི་རིམ་སློབ་གྲྭ་རྣམས་འགྲིམས་ཏེ་ཡོང་ཡོད་པ་དང་སློབ་མ་མང་པོ་ཞིག་ལ་གཞི་རིམ་སློབ་གྲྭའི་དགེ་རྒན་གྱི་སྤུ་ཚད་ཐད་བསམ་འཆར་ཡང་མང་པོ་ཡོད་པས།བརྗོད་གཞི་གཉིས་པ་(གཞི་རིམ་གོང་འོག་གི་དགེ་རྒན་གྱི་སྤུས་ཚད་)ཞེས་པ་ཡིན།དབུས་ཝ་ཎ་མཐོ་སློབ་དང་ས་རཱ།ནོར་གླིང་མཐོ་སློབ་སོགས་ཀྱི་འབྲེལ་ལམ་གཅིག་ཏུ་བྱས་ཐོག་བོད་ཀྱི་སློབ་གསོ་གོང་འཕེལ་ཆེད་བགྲོ་གླེང་བརྗོད་གཞི་གསུམ་པ་(བོད་ཀྱི་མཐོ་རིམ་སློབ་གསོའི་མ་ལག་གསར་བསྐྲུན་)་ཞེས་པ་ཆགས་ཡོད།དེ་བཞིན་རྒྱ་གར་ནང་ལ་ས་གནས་ཁག་མ་འདྲ་༥༠ནང་བོད་རིགས་སློབ་གཉེར་བ་༣༠༠༠ལྷག་ཡོད་པ་དང་དེའང་བཙན་བྱོལ་སྤྱི་ཚོགས་ལ་བསྟུན་ན་གྲངས་ཀ་ཉུང་ཉུང་རྩ་ནས་མིན་པ།ཁོང་ཚོ་སྤྱི་ཚོགས་འདིའི་གྲུབ་ཆ་ཆགས་ཡོད་པ་དང་སྤྱི་ཚོགས་ལ་འགན་ཁུར་མཁན་ཆགས་ཡོད་པ་དང་།ནམ་རྒྱུན་སྤྱི་ཚོགས་ཀྱི་གནད་དོན་མང་པོ་ཞིག་གླེང་བཞིན་པ་ཡིན་ཙང་།ང་ཚོའི་བརྗོད་གཞི་མཐའ་མ་དེ་(ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་གནད་དོན་)ཞེས་པ་ཡིན།དེ་ལྟར་ཉིན་བཞིའི་རུང་ལ་བརྗོད་གཞི་འདི་དག་གི་སྐོར་ནས་བགྲོ་གླེང་བྱེད་རྒྱུ་དང་ཉིན་དྲུག་པར་སྔོན་གྱི་ལས་དོན་རྣམས་བསྐྱར་ཞིབ་བྱེད་རྒྱུ་ཡིན།”ཚོགས་ཆེན་གོ་སྒྲིག་བྱེད་སྟངས་དང་འབྲེལ་ཏེ་ལས་རིམ་རྣམས་ངོ་སྤྲོད་བྱས་སོང་།

དེ་ནས་སྤྱི་ཁྱབ་འབྲེལ་མཐུད་པ་ཉི་མ་ཚེ་རིང་ལགས་ཀྱིས་ཚོགས་ཆེན་དང་འབྲེལ་བའི་གནད་དོན་ཁག་ལ་གསལ་བཤད་བྱས་སོང་། “སྤྱིར་མཐོ་རིམ་སློབ་མའི་ཚོགས་ཆེན་འདི་ཉིད་མི་མང་པོ་ཞིག་གིས་ངོ་ཤེས་ཀྱི་མེད་པ་རེད།ལྷག་དོན་ད་ལོ་གོ་སྒྲིག་ཚོགས་ཆུང་གིས་དངོས་སུ་སྤྱི་ཚོགས་ནང་ལ་ཞུགས་ཏེ་ལས་འགུལ་སྤེལ་ཡོང་དུས་མི་མང་ཆེ་བར་ཚོགས་ཆེན་གྱི་སྐོར་ཤེས་རྟོགས་མེད་པ་མ་ཟད།མཐོ་རིམ་སློབ་མ་ཚོས་ལས་ཀ་གང་བྱེད་ཀྱི་ཡོད་མེད་དང་ཚོགས་ཆེན་གྱི་དམིགས་ཡུལ་གང་ཡིན་སྐོར་ལ་དོགས་དྲི་མང་པོ་ཡོང་གི་ཡོད།དེ་ལན་རྒྱག་ཤེས་པ་ཞིག་དགོས་པ་དེ་གལ་ཆེན་དོན་དུ་ཚོར་གྱི་ཡོད།ཚོགས་ཆེན་འདི་ཉིད་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཤུགས་རྐྱེན་གང་ཡང་མེད་པའི་ཐོག་སློབ་མ་རྣམས་ཀྱི་བསམ་ཚུལ་དང་འདོད་ཕྱོགས་རྣམས་གཅིག་ཏུ་སྤུངས་ཐུབ་པ་དང་།བསམ་ཚུལ་དེ་གྲོས་ཆོད་ཀྱི་ངོ་བོར་བྱས་ཏེ་ཚོགས་ཆེན་གྱི་གྲུབ་ཆར་གྱུར་བའི་ཞིབ་འཇུག་ཚོགས་ཆུང་གིས་གྲོས་ཆོད་དེ་དག་འབྲེལ་ཡོད་ལས་ཁུངས་ཁག་དང་ལྷན་ཁང་ཁག་ལ་འབུལ་རྒྱུ།ཕུལ་བ་ཙམ་མ་ཡིན་པར་དེ་དག་ལག་བསྟར་ཡོང་ཆེད་སྐུལ་དེད་ཀྱང་ཡང་ཡང་བྱེད་ཀྱི་ཡོད།དེ་འདྲ་བྱས་པ་ཡིན་ན་སྤྱི་ཚོགས་ལ་དངོས་སུ་ཕན་ནུས་ཆེན་པོ་ཡོང་གི་ཡོད།དཔེར་ན་ཤེས་རིག་ལས་ཁུངས་དང་གཞི་རིམ་སློབ་གྲྭ་ཁག་ལ་ང་ཚོ་མཐོ་རིམ་སློབ་མ་རྣམས་ཀྱིས་ཞིབ་འཇུག་དང་བསམ་གཞིག་བྱས་པའི་འབྲས་བུ་རྣམས་ཕུལ་ཏེ་སྐུལ་དེད་བྱས་པ་ཡིན་ན་གནད་དོན་མང་པོ་ཞིག་གསལ་བོ་ཆགས་ཡོང་བ་དང་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་སེལ་འགྲོ་བ་ཡིན།སྤྱིར་ད་ཐེངས་ཀྱི་ཚོགས་ཆེན་འདི་འབྲས་སྤུངས་བློ་གསལ་གླིང་དང་བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་འབྲེལ་ཐོག་གོ་སྒྲིག་བྱེད་རྒྱུ་གཏན་འཁེལ་བྱུང་ཡོད་པ་དང་འཚོགས་ཡུལ་གྱི་ས་གནས་ཀྱང་བློ་གསལ་གླིང་དུ་གཏན་འཁེལ་ཡོད་མོད།ལྷོ་ཕྱོགས་འབྲས་སྤུངས་སུ་ད་ལོ་འཇམ་དབྱངས་དགུན་ཆོས་འཚོགས་ཀྱིན་པའི་རྐྱེན་བྱས་ཏེ་འཚོགས་ཡུལ་བརྗེ་དགོས་བྱུང་།ཚོགས་ཆེན་འདིར་ཐོག་མའི་འཆར་གཞི་ཡིན་ན་མཐོ་སློབ་ཁག་༥༡་དང་མཐོ་རིམ་སློབ་མ་༡༥༡་ཚོགས་བཅར་ལ་ཕེབས་ཐུབ་པའི་རེ་བ་བྱས།དགོན་སྡེ་ཁག་གི་བཤད་གྲྭ་རྣམས་དང་བཙུན་དགོན་རྣམས།དེ་མིན་ཀ་ཐོག་སྒང་གསུམ་ཚུད་པའི་བོད་རིགས་གནས་ཡུལ་གྱི་སློབ་གཉེར་ཁང་གང་ཡོད་ལ་འབྲེལ་བ་བྱས་ཡིན།ད་ལྟ་ཚོགས་འདུར་དངོས་སུ་བཅར་ཐུབ་པའི་མཐོ་སློབ་ཁག་༢༣བྱུང་ཡོད་པ་དང་།ཚོགས་བཅར་བ་དངོས་ལ་སློབ་མ་༦༩ཕེབས་ཐུབ་པ་བྱུང་ཡོད།དེ་མིན་ཞིབ་འཇུག་ཚོགས་ཆུང་གི་ཚོགས་མི་༣དང་ཟུར་ཉན་བ་༡༥།གོ་སྒྲིག་པའི་ངེས་སྟོན་པ་དང་ཚོགས་གཙོ་བཅས་འཁྱོན་མི་གྲངས་༡༠༠ལྷག་འཛོམས་ཐུབ་པ་བྱུང་ཡོད།”ཅེས་གསུངས་སོང་།
བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་མཆོག་གི་སྐུ་ཚབ་སྨན་གྱི་སྡེ་ཚན་ནས་སློབ་དཔོན་ཆེན་མོ་(V.K. Shukla)མཆོག་གི་གསུང་བཤད་གནང་བ། “གོང་དུ་རིགས་བདག་མཆོག་གིས་༧ཏ་ལའི་བླ་མ་མཆོག་ལ་མཇལ་འཕྲད་བྱས་མྱོང་ངམ་ཞེས་བཀའ་འདྲི་གནང་སོང་།བློ་ཕམ་བྱུང་བ་ཞིག་ལ་ངས་ཏ་ལའི་བླ་མ་མཆོག་དངོས་སུ་མཇལ་མྱོང་མེད།འོན་ཀྱང་ཁོང་གི་གསུང་ལ་ཐོས་བསམ་དང་གནས་ཚུལ་རྣམས་ལ་རྗེས་ལོན་བྱེད་མཁན་ཞིག་ཡིན།༧ཏ་ལའི་བླ་མ་མཆོག་ནི་འཛམ་གླིང་ཞི་བདེ་དང་སེམས་ཀྱི་བདེ་སྐྱིད་སོགས་གསུང་མཁན་གྱི་སྐྱེ་ཆེན་དམ་པ་ཞིག་ཡིན་པ་དང་།ཁོང་གིས་དུས་རྒྱུན་བདེ་སྐྱིད་ལྡན་པའི་མི་ཞིག་ཇི་ལྟར་བྱེད་དགོས་སྐོར་ལ་བཀའ་སློབ་ལམ་སྟོན་གནང་བཞིན་ཡོད།ཁོང་གིས་དཀའ་ངལ་ཅི་རིགས་ལ་གདོང་ལེན་བྱེད་དགོས་ཀྱང་འཚེ་མེད་ཞི་བ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ཡོད་པ་རེད།ཡང་ཁོང་གི་གསུང་བཤད་ཅིག་ཏུ་ངེད་ཅག་གིས་ཕྱི་ཁོར་ཡུག་ལ་དོ་སྣང་བྱེད་དགོས་པ་བཞིན་ནང་སེམས་ཀྱི་འཕྲོད་བསྟན་ལའང་དོ་སྣང་བྱེད་དགོས་ཞེས་གསུང་ཡོད།ལྷག་པར་དུ་ཁོང་གི་(དཔེ་དེབ་བདེ་སྐྱིད་ཀྱི་སྒྱུ་རྩལ་)ཞེས་པའི་ནང་བྲིས་པ་བཞིན།བདེ་སྐྱིད་ཅེས་པ་ལེན་ཆོག་ཆོག་གི་འབྲས་བུ་ཞིག་གཏན་ནས་མ་ཡིན་པར་དེ་ལ་རང་ངོས་ནས་སེམས་ལ་འགྱུར་བ་བཏང་སྟེ་སྦྱོང་བརྡར་བྱས་ན་ཐོབ་ཐུབ་པ་ཞིག་ཡིན་ཅེས་གསུང་།དེ་མིན་བྷ་ན་ར་སི་ཧིན་རྡུའི་གཙུག་ལག་སློབ་གཉེར་ཁང་གིས་གོ་སྒྲིག་བྱས་པའི་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་༢༥༠༠འཁོར་བའི་མཛད་སྒོའི་ཐོག་༧ཏཱ་ལའི་བླ་མ་མཆོག་ཕེབས་ཡོད་པ་དང་།རྗེས་སུ་དྲན་འོས་པ་ཞིག་ལ་སྐབས་དེར་༧ཏཱ་ལའི་བླ་མ་མཆོག་ལ་འབུམ་རམས་པའི་ཆེད་མཁས་ཕྱག་ཁྱེར་དང་པོ་གནང་ཐུབ་པ་བྱུང་ཡོད།”ཅེས་གསུང་སོང་།
བྷ་ན་ར་སིའི་རྒྱལ་སྤྱིའི་སློབ་མའི་ལྟེ་གནས་ཀྱི་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་བ།རང་ཉིད་ཀྱི་ལས་གནས་ངོ་སྤྲོད་དང་འབྲེལ།བོད་རིགས་སློབ་མ་རྣམས་ལ་བསྔགས་བརྗོད་བྱས་སོང་།ཁོང་གིས་ཚོགས་ཆེན་འདི་ཉིད་སློབ་མ་འདི་དག་གིས་གོ་སྒྲིག་བྱས་པར་དགའ་ཚོར་ཡོད་པ་གསུང་བ་དང་།རྒྱ་གར་ནང་དུ་བོད་རིགས་མཐོ་རིམ་སློབ་མ་༣༠༠༠ལྷག་གིས་སློབ་གཉེར་བྱེད་ཀྱིན་པ་སོགས་བརྗོད་དེ།འབུམ་རམས་པ་རྣམས་ནི་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་གལ་གནད་ཡིན་སྐོར་གསུངས་སོང་།འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ།ཁོར་ཡུག་སྲུང་སྐྱོབ་སོགས་ལ་གཞོན་སྐྱེས་རྣམས་ཀྱིས་ནུས་པ་འདོན་ཐུབ་པ་གལ་ཆེན་ཡིན་སྐོར་གསུངས།ཁོང་མོན་རྟ་དབང་དུ་ས་དཔྱད་རིག་པའི་ཞིབ་འཇུག་ཆེད་འགྲོ་སྐབས།ཐོག་མར་༧གོང་ས་མཆོག་དང་མཇལ་འཕྲོད་བྱུང་ལ་ཁོང་ང་ཚོའི་ལམ་སྟོན་པ་ཡང་དག་ཅིག་ཡིན་པར་གསུངས།གཞོན་སྐྱེས་ཚོའི་ངོས་ནས་སྤྱི་ཚོགས་དང་སློབ་གསོའི་ཐོག་བསམ་གཞིག་ནན་ཏན་བྱེད་དགོས་གལ་ཆེ།སྤྱི་ཚོགས་ཁྲོད་ཀྱི་ནད་པ་དང་སྐྱོ་བ་རྣམས་རོགས་སྐྱོར་བྱེད་དགོས་པའང་གལ་ཆེན་ཡིན་པས་ཁྱེད་དག་གིས་གནད་དོན་འདི་རིགས་ཐོག་བགྲོ་གླེང་བྱེད་དགོས་པ་གལ་ཆེན་ཡིན།
དགེ་བཤེས་དག་དབང་བསམ་གཏན་མཆོག་ནས་གསུང་བཤད།མཐོ་རིམ་སློབ་མ་ཚོས་ཚོགས་ཆེན་ཚོགས་པ་འདི་གལ་ཆེན་རེད་ཅེས་གསུང་སོང་།རང་ངོ་རང་ཤེས་དང་རང་འགན་རང་ཁུར་གྱི་འབོད་སྒྲ་འདི་ཧ་ཅང་ཡག་པོ་མཐོང་སོང་།སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་ནས་བགྲོ་གླེང་བྱེད་དང་བྱེད་མུས་འདིར་བསྔགས་བརྗོད་བྱེད་རྒྱུ་ཡིན་གསུང་སོང་།སོ་སོའི་རྒྱབ་ལྗོངས་དེ་ཤེས་བ་ཡིན་ན་སོ་སོ་རང་ཉིད་ངོ་ཤེས་ཀྱི་རེད།རང་ཉིད་ངོ་ཤེས་ན་རང་ཉིད་ཀྱི་འགན་འཁྲི་དེ་གང་ཡིན་ཤེས་ངེས་རེད།ང་ཚོའི་རྒྱབ་ལྗོངས་ནི།དཔལ་ཡོན་གྱི་ཆ་ནས་ཧ་ཅང་གསལ་བོ་རེད།དམག་དོན་གྱི་ཆ་ནས་ཀྱང་སྟོབས་ཤུགས་ཆེན་པོ་བྱུང་ཡོད།བསྟོད་རྒྱ་གར་ནས་སྨད་རྒྱ་ནག་བར་དུ་དབང་བསྒྱུར་བའི་སྐོར་སོགས་ཀྱི་ལོ་རྒྱུས་ཡོད།རིག་གཞུང་ལ་རྒྱ་གར་གྱི་རིག་གནས་རྣམས་བོད་པས་ནང་འདྲེན་བྱས་ཡོད།འཛམ་གླིང་གི་ཤེས་བྱའི་འོད་སྣང་བསྐྲུན་མཁན་དང་ལྟ་གྲུབ་འདྲ་མིན་ཡོད་པའི་རྒྱ་གར་ཡུལ་གྲུ་འདིར་སྟོན་པ་ཤཀྱ་ཐུབ་པ་འཁྲུངས་བ་དང་།རྒྱ་གར་ནི་རིག་གཞུང་ཤིན་ཏུ་ཕྱུག་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ།རྒྱ་གར་མིའི་གཤིས་ཀ་ལ་གཞན་ལ་བཙན་གནོན་གྱི་གཤིས་ཀ་མེད།དེ་དག་ཀྱང་ནང་པའི་སློབ་གཉེར་ཁང་ན་ལན་ཏ་དང་དབུ་ཀརྨ་ལ་ཤི་ལ་སོགས་ནས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་ཡོད་པའི་རྐྱེན་དང་དེ་དག་ཉམས་ཆགས་ལ་སོང་བ་ནས་རྒྱ་གར་ལ་རིག་གཞུང་གི་རྩ་བའི་རྒྱུན་ཆད་པ་རེད།དེའི་སྐབས་སུ་བོད་ལ་རྒྱ་གར་གྱི་པཎ་གྲུབ་མང་པོ་གདན་དྲངས་བ་དང་དེ་བཞིན་དུ་ཕྱག་དཔེ་མང་པོ་བསྒྱུར་ཡོད།ཕྱོགས་མཚུངས་སུ་རིག་གནས་ཆེ་ཆུང་བཅུ་སོགས་ཀྱི་སྐོར་ནས་ཕབ་བསྒྱུར་གནང་ཡོད་པར་བརྟེན།བོད་པས་ན་ལན་ཏའི་རིགས་གཞུང་ཉར་ཚགས་བྱས་པ་ཙམ་མ་ཟད།རིག་གཞུང་དེ་དག་གསོན་པོར་གནས་ཐུབ་པ་གནང་ཡོད།དེར་བརྟེན་བོད་པའི་ཁ་ན་མ་ཎི་ཙམ་ལས་མེད་ཀྱང་དེ་ཡིས་འཇིག་རྟེན་ལ་ཞི་བདེའི་འོད་སྣང་བསྐྲུན་ཡོད།བོད་ཀྱི་སྐད་ཡིག་འདི་ཡང་ལེགས་སྦྱར་དང་རྒྱ་ནག་སྐད་སོགས་ལས་ཧ་ཅང་ཐ་དད་ཡིན་པ་དང་སྐད་ཡིག་འདི་ཉིད་གཅེས་འཛིན་བྱེད་དགོས་པའང་གལ་གནད་དུ་ཆགས།བོད་པའི་འགན་ཁུར་གསུམ།༡) སྲོལ་རྒྱུན་རིག་གཞུང་དང་དེང་རབས་རིག་གཞུང་ཟུང་འབྲེལ་བྱེད་ཐུབ་པ་དགོས།༢) སོ་སོའི་རིག་གནས་སྦྱོང་བ་བྱེད་དགོས་པ་གལ་ཆེ་བ།༣) སྤྱི་ཚོགས་ལ་ལག་རྗེས་འཇོག་ཐུབ་པ་ཞིག་བྱེད་དགོས་པ།རྒྱ་གར་ནང་བོད་ཀྱི་མཐོ་རིམ་སློབ་གཉེར་བ་༣༠༠༠ལྷག་ཡོད་པ་དང་དེའི་ནང་ལ་འབུམ་རམས་པའང་ག་མཚམས་ཡོད།འབུམ་རམས་པ་ཟེར་དུས་མཐོ་སློབ་ཁག་ཏུ་འཛུལ་ནས་རྩོམ་བཤུས་འགས་ལག་འཁྱེར་ཞིག་མཁོ་སྒྲུབ་བྱེད་པ་ཙམ་མ་ཡིན་པར།སློབ་གྲྭ་ཆེ་ཆུང་སོགས་ལ་མ་ལྟོས་པར་རང་ཉིད་ཀྱི་ལས་འགན་གཙིགས་འཛིན་ཐོག་ཆེད་རྩོམ་ལེགས་པོ་ཞིག་འབྲི་ཐུབ་པ་གལ་ཆེ།བརྗོད་གཞི་དམིགས་བསལ་བ་ཞིག་གི་སྟེང་དུ་བསམ་བློ་ཞིབ་ཕྲ་བཏང་ནས་དམིགས་བསལ་བ་ཞིག་ཆགས་ཐུབ་པ་ཡིན་བཟང་།ལྷག་དོན་སྤྱི་ཚོགས་ལ་འགན་ཁུར་བའི་ཐོག་བརྗོད་གཞི་གདམ་ཐུབ་ན་གལ་ཆེ་བར་མཐོང་།དེ་བཞིན་ཁོང་གིས་དབྱིན་སྐད་ཐོག་ནས་དཔལ་ན་ལན་ཌའི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་འབྱུང་རྩ་ཡིན་པ་དང་།དེང་གི་སྤྱི་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱིས་ཕན་ཐོག་ནི་ཚན་རིག་སོགས་དང་མཉམ་གནས་ཐུབ་པ་ཞིགསེམས་ཁམས་རིག་དང་དབང་རྩའི་ཚན་རིག་སོགས་ནི་ནང་བསྟན་རིག་གནས་ཀྱིས་ཞབས་ཞུ་སྒྲུབ་ཐུབ་པ་སོགས་གསུངས་ཡོད།

ཉིན་གཉིས་པ།

ཕྱི་ལོ་༢༠༡༧ཟླ་༢ཚེས་༡༦ཉིན་གྱི་ཞོགས་པའི་ཆུ་ཚོད་༩པའི་ཐོག་ཝ་ཎ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོམས་ཆེན་དུ་ཉིན་གཉིས་པའི་ཚོགས་འདུ་དབུ་འཛུགས་གནང་ཡོད་པ་དང་། (ཝ་ཎ་དང་སྨན་རྩིས་ཁང་སོགས་མཐོ་སློབ་ཁག་གི་འབྲེལ་ལམ་ལས་བོད་ཡིག་གི་མཐོ་རིམ་སློབ་གསོའི་མ་ལག་ཅིག་སྐྲུན་ཐབས།)ཞེས་པའི་བརྗོད་གཞིའི་ཐོག་འབྲས་སྤུངས་བློ་གསལ་གླིང་མཐོ་སློབ་དང་།ནོར་གླིང་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་།དགའ་ལྡན་ཤར་རྩེའི་མཐོ་སློབ།ཤེས་རབ་དགའ་ཚལ་གླིང་།སྒྲོལ་མ་གླིང་།སེར་བྱེས་མཁས་སྙན་གྲྭ་ཚང་།འབྲས་སྤུངས་སྒོ་མང་གྲྭ་ཚང་སོགས་མཐོ་སློབ་གྲྭ་ཚང་ཁག་བདུན་གྱིས་བགྲོ་གླེང་གནང་ཡོད།

འབྲས་སྤུངས་བློ་གསལ་གླིང་མཐོ་སློབ་ཀྱི་སློབ་མ་ཚེ་དཔག་རྡོ་རྗེ་ལགས་ཀྱིས་བརྗོད་གཞི་འདི་ཉིད་བོད་མི་རིགས་དང་རྒྱལ་ཁབ་སོགས་ཀྱི་གནད་དོན་ཞིག་ཆགས་ཡོད་པ་དང་།མི་རིགས་ཀྱི་གནད་དོན་ནི་སྐད་ཡིག་གཙོ་བྱས་པའི་རིག་གནས་འདི་ཉིད་ཉར་ཚགས་དང་གོང་འཕེལ་བྱེད་དགོས་པ་དེ་རེད་ཅེས།ཁོང་གིས་བརྗོད་གཞི་འདི་ཉིད་ས་བཅད་གསུམ་དུ་དབྱེ་བ་བྱས་ཏེ་བརྗོད་དོན།

༡) བོད་པའི་འདས་དོན་ལ་ཕྱིར་མིག་ལྟ་བ།
༢) ད་ལྟའི་གནས་བབ་གླེང་བ།
༣) མ་འོངས་པའི་ཁ་ཕྱོགས་འཚོལ་བ་དང་མཇུག་བསྡུ་བ།

དོན་ཚན་དང་པོ་དང་འབྲེལ་ནས་ལོ་རྒྱུས་ཐོག་ལ་བོད་རྒྱལ་ཁབ་ཀྱི་ཤེས་དཔལ་རིག་གསུམ་དར་བའི་རྩེ་མོར་ཟོན་མྱོང་བ་དང་།ལྷག་དོན་ཤེས་ཡོན་རང་གི་སྒང་ནས་རྒྱལ་ཁབ་འཛུགས་བསྐྲུན་ཐུབ་པ་བྱུང་ན་འབུར་དུ་ཐོན་པ་ཞིག་འབྱུང་ངེས་རེད་དགོངས་ཏེ།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་ཐུ་མི་རྒྱ་གར་དུ་བཏང་ནས་ཆོས་དང་རིག་གནས་ནང་འདྲེན་བྱེད་པའི་ལག་ཆ་ལྟ་བུའི་སྐད་ཡིག་ཉིད་གསར་གཏོད་དམ་ལེགས་བཅོས་བྱས་པ་ཡིན།དེ་ཙམ་དུ་མ་ཟད་བསྒྱུར་ཡོང་བའི་རིག་གནས་དེ་དག་འཛིན་སྐྱོང་སྤེལ་གསུམ་བྱས་ཤིང་མི་རབས་ནས་མི་རབས་ལ་རྒྱུན་འཛིན་བྱས་ཡོང་བ་རེད།ད་ལྟ་བོད་རིགས་འདི་ཉིད་ལོ་རྒྱུས་ཀྱི་འགག་རྩ་དག་ལས་རང་ཉིད་ཀྱི་ངོ་བོ་བོར་བརླག་མེད་པར་གནས་ཐུབ་པའང་རིག་གནས་འདིའི་འོད་སྣང་ལ་བརྟེན་ཏེ་བྱུང་ཡོད།དེང་རབས་ཀྱི་རིག་གསར་དག་སློབ་གཉེར་བྱེད་དགོས་པ་གལ་ཆེན་ཡིན་སྲིད་ཀྱང་།བོད་ཀྱི་སྲོལ་རྒྱུན་རིག་གནས་ལྟར་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་འབྲེལ་བའི་ཐོག་ནུས་བ་དེ་ཙམ་ཡོང་མི་སྲིད་པ་རེད།ཕྱོགས་གཞན་ཞིག་ནས་ཀྱང་སྲོལ་རྒྱུན་རིག་གནས་གལ་ཆེན་ཡིན་པ་ཤེས་ཐུབ་ཏེ།སྲོལ་རྒྱུན་རིག་གནས་ཀྱི་མཁས་པ་རྣམས་ལ་འཛམ་གླིང་མི་མང་གིས་གུས་བཀུར་བྱེད་ཀྱི་ཡོད།དཔེར་ན།༧གོང་ས་ཡིད་བཞིན་ནོར་བུ་ལྟ་བུར་ཆ་བཞག་ན་དེང་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཁག་གིས་ཆེད་དུ་གདན་འདྲེན་བྱས་ཏེ་སྲོལ་རྒྱུན་རིག་གནས་ཀྱི་སྐོར་ནས་སློབ་གསོའི་བཀའ་སློབ་གནང་རོགས་ཞུ་ཡི་ཡོད།དེ་དག་གིས་ཀྱང་སྲོལ་རྒྱུན་རིག་གནས་རྩ་ཆེན་ཡིན་པ་དང་དེ་མི་ཉམས་གོང་འཕེལ་གཏོང་དགོས་པ་གཙིགས་ཆེན་ཡིན་པ་གསལ་བོ་ཤེས་ཐུབ་ཅེས་གསུངས།

དོན་ཚན་གཉིས་པ་དང་འབྲེལ་ནས་༧གོང་ས་མཆོག་གི་ཐུགས་རྗེས་བཀའ་དྲིན་ལ་བརྟེན་ནས་ས་རཱ་མཐོ་སློབ་དང་ཝ་ཎ་མཐོ་སློབ་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་གཉེར་བྱེད་སའི་མཐོ་སློབ་མང་པོ་ཞིག་འཛུགས་བསྐྲུན་བྱེད་ཐུབ་པ་བྱུང་ཡོད།དེ་ཡང་མཐོ་སློབ་འདི་དག་ཀུན་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་སའི་སྟི་གནས་རྐྱང་ཆགས་ཡོད་ཙང་།མཐོ་སློབ་འདི་དག་གི་འབྲེལ་ལམ་ཇེ་ཡག་ཏུ་གཏོང་དགོས་པ་དང་ཕན་ཚུན་གྱི་ཕྱག་འཁྱེར་དང་དཔང་ཡིག་སོགས་ངོས་ལེན་ཡོད་པའི་ཐོག་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་གྱི་བྱ་གཞག་རླབས་པོ་ཆེ་བསྒྲུབ་ཐུབ་པ་ན་མི་རིགས་ཀྱི་རྩ་དོན་ལ་ཕན་པ་དང་རྒྱལ་ཁབ་ཀྱི་འབྱུང་འགྱུར་ལ་སྨན་པ་ཡིན་ཅེས་དང་།ཝ་ཎ་མཐོ་སློབ་ཀྱིས་ས་ནོར་སོགས་ཀྱི་མཐོ་སློབ་ཁག་གི་ཕྱག་འཁྱེར་ངོས་ལེན་མེད་པ་ཡིན་ན་རྒྱུ་མཚན་ངེས་པར་དགོས་ངེས་རེད།གྲྭ་ཚང་གི་ངོས་ནས་ཀྱང་དགོན་སྡེ་གཞན་གྱི་གྲྭ་བ་རྣམས་ཚུད་རྒྱུགས་ཀྱི་ལམ་ནས་ཡོང་ཆོག་པ་བྱས་ཡོད་པ་ལས།ཡིག་ཆ་མ་འདྲ་ཙམ་གྱིས་འགོག་རྐྱེན་དུ་འགྱུར་བ་དེ་འདྲ་རྩ་ནས་མེད།དེ་བཞིན་ཝ་ཎ་སོགས་ཀྱིས་ཀྱང་མཐོ་སློབ་གཞན་གྱི་ཕྱག་འཁྱེར་ངོས་ལེན་ཐུབ་པ་ན་བཟང་མོད།ལེགས་སྦྱར་གྱི་ཐོག་ནས་དཀའ་ངལ་ཞིག་འཕྲད་ཀྱིན་ཡོད་སྲིད་པ་རེད།དེའི་སྐོར་ནས་ཉམས་ཞིབ་ཕྲ་རྒྱས་བྱུང་མ་སོང་ཞེས་གསུངས་ཡོད།

དོན་ཚན་གསུམ་པ་དང་འབྲེལ་ནས་སློབ་གཉེར་བྱེད་པའི་དགོས་པ་གླེང་དོན།བོད་མི་རིགས་ཀྱིས་སློབ་གཉེར་བྱེད་པའི་དགོས་དོན་གཙོ་བོ་ནི་རྒྱལ་ཁབ་ཀྱི་ཕུགས་འདུན་འགྲུབ་ཆེད་ཡིན་དགོས།མི་རིགས་ཀྱི་འདུན་པ་རྣམས་འགྲུབ་པ་ཡིན་ན་རང་ཉིད་ཀྱི་དམིགས་ཡུལ་ཡང་རང་བཞིན་གྱིས་འགྲུབ་ཡོང་བ་ཞིག་ཡིན་ངེས་རེད།རྒྱལ་ཁབ་ཅིག་འཛུགས་བསྐྲུན་བྱེད་པ་ལ་དེང་རབས་རིག་གནས་རྐྱང་བས་ཡོང་མི་སྲིད།མི་རིགས་རང་གི་སྲོལ་རྒྱུན་རིག་གནས་རྨང་གཞིར་བཞག་སྟེ་རྒྱལ་ཁབ་འཛུགས་བསྐྲུན་གནང་ཐུབ་པ་ན།དེ་ནི་མི་རིགས་རང་གི་ཤེས་ཡོན་རྨང་གཞི་དང་འབྲེལ་ཆགས་པ་དང་བསམ་བློའི་ཁོར་ཡུག་ཀྱང་ལེགས་པར་འབྱུང་ངེས།དེང་སང་དར་རྒྱས་ཡོད་པའི་རྒྱལ་ཁབ་རྣམས་ཀྱིས་གཞན་གྱི་སྲོལ་རྒྱུན་རིག་གནས་ལ་སློབ་གཉེར་བྱེད་འདོད་ཆེ་བ་འདིས་ཀྱང་སྲོལ་རྒྱུན་རིག་གནས་ཀྱི་གལ་གནད་རང་བཞིན་དེ་བརྗོད་ཐུབ་ཅེས་བགྲོ་གླེང་གནང་སོང་།

ནོར་གླིང་མཐོ་སློབ་ཀྱི་སློབ་མ་སྟག་འབུམ་ལགས་ཀྱིས་གོང་བཀོད་བརྗོད་གཞི་དང་འབྲེལ་ཐོགདཀའ་ངལ་འདི་ཉིད་འབྲེལ་ཡོད་མཐོ་སློབ་རྣམས་ཀྱི་དཀའ་ངལ་ཞིག་རེད་ཅེས་གསུང་ཡོད་པ་དང་།ཁོང་གི་(དཀའ་ངལ་དང་གྲོལ་ཐབས་)ཞེས་པའི་དོན་ཚན་ཆེན་པོ་གཉིས་ཀྱི་ཐོག་བགྲོ་གླེང་གནང་སོང་།བོད་ཡིག་སློབ་གཉེར་གྱི་ཁོར་ཡུག་ཆུང་སོང་བ་འདིའི་རྒྱུ་རྐྱེན་ལ་ལོ་རྒྱུས་རྒྱབ་བཤིག་རྒྱག་མི་ཐུབ་པས་ཕུགས་འདེད་བྱེད་རྒྱུ་མིན་ཞེས་ཏེ་དཀའ་ངལ་གྱི་སྐོར་ནས་ཉུང་བསྡུས་ཤིག་བརྗོད་དོན།སྨན་རྩིས་ཁང་སོགས་ནས་ལོ་སྐོར་ལྔའི་ནང་སྐབས་གཅིག་རེ་ལས་མེད་ཀྱང་སློབ་མ་གྲངས་༢༤ལས་མི་བསྡུ་བ།འདི་ལྟར་རྩིས་ཤིག་བརྒྱབ་པ་ཡིན་ན་སྨན་རྩིས་ཁང་གིས་ད་བར་སློབ་མ་༢༥༠ཙམ་ལས་གསོ་སྐྱོང་བྱེད་མ་ཐུབ་པ་རེད།རིག་གནས་ལ་ཐོབ་ཐང་དགོས་པ་རེད།འདི་ལ་བོད་རྒྱ་ཞི་མོལ་གྱི་བསམ་ཚུལ་མེད་པའི་ཐོག་ཕན་ཚུན་ལ་བསམ་ཤེས་བྱས་པ་ཡིན་ན།བོད་ཀྱི་རིག་གཞུང་རྒྱ་སྐྱེད་ཀྱི་དགོས་མཁོ་སྒྲུབ་ཐུབ་པ་ཡིན་ཞེས་གསུངས།

ཁོང་གིས་སྔར་མུས་ལྟར་སྡོད་ཐབས་མེད་པར་མཐོ་རིམ་སློབ་མའི་དགོས་འདུན་ཐོག་དེ་ལ་འགྱུར་བ་གཏོང་དགོས་ཞེས་གྲོལ་ཐབས་དོན་ཚན་གསུམ་གྱི་ཐོག་ནས་གསུང་དོན།༡) དོན་ཚན་དང་པོ་ཡར་སྤར་དགོས་བ་གཅིག་ཅེས་པའི་ཐོག་ཕྱག་འཁྱེར་ངོས་ལེན་བྱེད་དགོས་པའི་གནད་དོན་གླེང་བ།འདི་ལ་ཝ་ཎ་གཙུག་ལག་སློབ་གཉེར་ཁང་གིས་ནོར་གླིང་དང་ས་རཱ་མཐོ་སློབ་སོགས་ཀྱི་ཕྱག་འཁྱེར་ངོས་ལེན་ཐོག་བོད་ཀྱི་རིག་གནས་འདི་ཉིད་མི་ཉམས་གོང་འཕེལ་གཏོང་ཐབས་སྐོར་ནས་གླེངས་ཡོད།དེ་ལ་བོད་ཀྱི་རིག་གནས་གཙིགས་འཛིན་གྱིས་སློབ་གཉེར་བྱེད་སའི་ས་རཱ་དང་ནོར་གླིང་སོགས་ཀྱི་ཕྱག་འཁྱེར་ལ་ངེས་པར་མཐོང་ཆེན་བྱས་ཏེ་དེ་ལ་ངོས་ལེན་བྱེད་པ་གཙོ་བོ་ཡིན།འདི་དག་མཐོང་ཆེན་བྱས་ན་བོད་ཀྱི་རིག་གནས་ལ་མཐོང་ཆེན་བྱས་པ་མིན་ནམ།དེ་བཞིན་མཐོ་སློབ་འདི་དག་གཅིག་སྒྲིལ་ཐོག་བོད་ཀྱི་རིག་གནས་ཀྱི་ཁོར་ཡུག་ཡར་རྒྱས་གོང་འཕེལ་གཏོང་དགོས་ཞེས་དགོངས་ཚུལ་བཏོན།དེ་བཞིན་༢) དོན་ཚན་གཉིས་པར་གཡས་གཡོན་རྒྱབ་མདུན་རྒྱ་བསྐྱེད་དགོས་པ་གཅིག་ཅེས་པའི་ཐོག་ནས་སྨན་རྩིས་ཁང་གིས་སློབ་མ་བསྡུས་པ་ཉུང་དྲག་པ་དང་དེའི་ཁུངས་ལུང་སོགས་ཞིབ་ཕྲ་བརྗོད་ནས་སྨན་རྩིས་ཁང་གིས་ངེས་པར་སློབ་ཞུགས་པ་མང་ཙམ་བསྡུ་དགོས་ཞེས་པ་དང་།༣) དོན་ཚན་གསུམ་པར་ཇི་ལྟར་སྤར་སྟངས་དང་རྒྱས་སྟངས་བཤད་པ་ཞེས་ཚན་པ་གསུམ་གྱི་སྒོ་ནས་གླེང་བ།
༡) དབུ་འཁྲིད་ཀྱིས་ཁ་ཐུག་ཏུ་བཀའ་སློབ་གནང་བ་དང་།
༢) མང་ཚོགས་ཀྱིས་སྙན་ཞུ་འབུལ་དགོས་པའི་རིགས་ཤིག
༣) སློབ་གྲྭ་ཁག་གིས་རང་ངོས་ནས་མཐུན་རྐྱེན་སྦྱོར་བ།
ཚན་པ་དང་པོའི་དཔེ་མཚོན་ནི།༡༩༥༩ཟླ་༤ཚེས་༢༠ཉིན་ནེ་རུ་༧གོང་ས་མཆོག་ལ་ཐུག་འཕྲད་དུ་མ་སུ་རིར་མཇལ་འཕྲད་དུ་ཕེབས་དུས་བོད་སློབ་ཟུར་དུ་རྒྱག་དགོས་པ་ལྟར་བྱས་པས་བོད་པ་ལ་ངེས་པར་དུ་རང་རྐྱ་ཐུབ་པའི་སློབ་གྲྭ་ཞིག་དགོས་པ་ང་ཚོའི་སློབ་གསོའི་ཁ་ཕྱོགས་གཙོ་བོ་ཞིག་ཡིན་པ་དང་།གཉིས་པ་ནི་བོད་གཞིས་ན་བོད་ཁམས་ཡོངས་ལ་སྐད་གྲགས་ཆེ་བའི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་གྱིས་གོང་རིམ་ལ་སྙན་ཞུ་ཕུལ་ཏེ་ཤེས་རིག་ནོར་གླིང་འཛུགས་བསྐྲུན་བྱས་ཡོད་པ་སོགས་ལ་མིག་དཔེར་བལྟ་དགོས་པ་མང་ཚོགས་ཀྱིས་ཡར་ལ་སྙན་ཞུ་འབུལ་སྟངས་རིགས་ཡིན་ཚུལ་གསུངས།དེ་བཞིན་སློབ་གྲྭ་རང་ངོས་ནས་མཐུན་རྐྱེན་སྦྱར་བའི་དཔེ་ནི།དཔལ་དོན་གྲུབ་རྒྱལ་གྱིས་ཞིབ་འཇུག་སློབ་མར་ཡིག་རྒྱུགས་གཏོང་སྐབས།ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་༡༩༧༩ལོར་སྒྲ་མཚམས་སྦྱོར་ལྔ་བ་ཤེས་ན་སྐད་ཡིག་དང་ལག་འཁྱེར་སོགས་ལ་བཀག་རྒྱ་ཅི་ཡང་བཟོས་མེད་པ་ལྟ་བུ་ཡིན་ཞེས་དཔེ་ཡི་སྒོ་ནས་སྤར་རྒྱས་ཀྱི་ཚན་པ་གསུམ་གསལ་བཤད་བྱས་སོང་།

དཀའ་ངལ་སེལ་ཐབས་ལ་མང་ཚོགས་ཀྱི་སྙན་ཞུ་འབུལ་བའི་ཁོངས་ནས་བྱེད་དགོས་པ་དང་དེ་ལའང་ཝ་ཎ་མཐོ་སློབ་ཀྱི་ཡིག་ཚང་ལ་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་མིང་ཐོག་ནས་གོང་བརྗོད་མཐོ་སློབ་ཁག་གི་འཛིན་ཡིག་རྣམས་ངོས་ལེན་བྱེད་དགོས་པའི་སྙན་ཞུ་འབུལ་དགོས་པ།སྙན་ཞུ་འབུལ་སྐབས་ཀྱང་ཐེངས་གཅིག་ཙམ་མ་ཡིན་པར་བསྟུད་མར་འབུལ་གལ་ཆེ་བ།དཔེར་ན་བོན་གྱི་ཆོས་བརྒྱུད་སྤྱི་འཐུས་སྐོར་ནས་ཁོང་ཚོས་ལོ་༡༧རུང་སྙན་ཞུ་བསྟུད་མར་ཕུལ་ཡོད་པ་དང་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་གཉིས་ཀྱིས་བོད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཐད་ཁྲིམས་བཟོས་པ་སོགས་ཀྱི་གནས་ལུགས་བགྲང་ནས་བརྗོད་བྱུང་།སྙན་ཞུ་འབུལ་ཡུལ་ལའང་སྤྱི་འཐུས་གྲོས་ཚོགས་དང་སྤྱི་ཚོགས་ཁྲོད་ཀྱི་མི་སྣ་གྲགས་ཆེན།བླ་ཆེན་ཁག་ལ་རོགས་སྐྱོར་ཞུ་རྒྱུ་སོགས་བསམ་ཚུལ་བཏོན།

དགའ་ལྡན་ཤར་རྩེ་མཐོ་སློབ་ཁང་གི་སློབ་མ་བྱང་ཆུབ་རབ་བརྟན་ལགས་ཀྱིས་གོང་བཀོད་བརྗོད་གཞིའི་ཐོག་གླེང་དོན།བོད་མི་རིགས་འདིའི་འདས་པའི་བྱུང་རབས་ལོས་རྒྱས་དང་ད་ལྟའི་གནས་སྟངས།མ་འོངས་པའི་ཉེན་ཁ་དང་འཕེལ་འགྲིབ་གང་ལ་བསམ་ནའང་རང་ཉིད་རང་གིས་ངོ་ཤེས་དགོས་པ་ནི་རྩ་བའི་གནད་འགག་ཅིག་ཏུ་མཐོང་ཞེས་གསུངས་པ་དང་།རང་འགན་རང་འཁུར་ལ་ཆོས་དང་རིག་གཞུང་།སྐད་ཡིག་རིག་གནས་དང་ཆབ་སྲིད་དཔལ་འབྱོར་བཅས་ཡར་རྒྱས་དང་གསར་གཏོད་གང་ཅིའི་ཐད་རང་འགན་འཁུར་བ་དེ་ཡིན་ཞེས་གསུངས།དེ་བཞིན་བརྗོད་གཞི་དངོས་ཐོག་བབས་ཏེ་དོན་ཚན་༥ཡི་སྒོ་ནས་གླེང་བ་ལ།དོན་ཚན་དང་པོ་ད་ཡོད་མཐོ་རིམ་སློབ་མ་རྣམས་ཀྱི་ཆེད་མཐོ་སློབ་ཕན་ཚུན་འབྲེལ་ལམ་གལ་ཆེ་ཚུལ་ཞེས་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་ཀྱིན་པའི་སློབ་མ་རྣམས་ལ་སྲོལ་རྒྱུན་རིག་གནས་སློབ་གཉེར་བྱེད་སའི་མཐོ་སློབ་ཁག་གི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་པའི་སྐབས་བསྐྲུན་དགོས་པའི་ཐོག་འབྲེལ་ལམ་འཛིན་དགོས་ཚུལ་དང་ཁོང་ཚོས་ཆོས་ལ་སློབ་གཉེར་བྱེད་དགོས་ཚེ་དགོན་སྡེ་ཁག་ལ་འབྲེལ་བ་བྱེད་དགོས་སྐོར་དང་རིག་གནས་གཞན་ལ་སློབ་གཉེར་བྱེད་འདོད་ཚེ་མཐོ་སློབ་གཞན་དག་ལ་འབྲེལ་བ་བྱེད་གལ་ཆེ་ཚུལ་སོགས་གསུངས།དོན་ཚན་གཉིས་པར་བོད་ཡིག་མཐོ་སློབ་ཁག་ནས་ཚུད་རྒྱུགས་གཏོང་མཁན་གྱི་སློབ་གཉེར་བ་རྣམས་ཀྱི་ཆེད་རྒྱུགས་སྤྲོད་དང་འབྲེལ་བའི་སློབ་གཞི་ཁ་གསལ་ཐོག་སྦྱང་བྱ་གསལ་བཏོན་སྒོ་ནས་དཔེ་དེབ་ཅིག་བཟོ་དགོས་སྐོར་དང་།དོན་ཚན་གསུམ་པར་སྨན་རྩིས་ཁང་སོགས་སྲོལ་རྒྱུན་མཐོ་སློབ་རྣམས་ཀྱི་སློབ་ཞུགས་པའི་ས་མིག་ཉུང་དྲགས་པའི་དཀའ་ངལ་ངོས་འཛིན་ཐོགདེ་དག་གིས་མཐོ་སློབ་རྒྱ་སྐྱེད་སོགས་ཀྱི་ལམ་ནས་མཐུན་འགྱུར་མཁོ་སྤྲོད་གནང་དགོས་ཚུལ་གསུངས།དེ་བཞིན་དོན་ཚན་བཞི་པར་བོད་ཀྱི་རིག་གཞུང་ཆེད་སྦྱོང་སྟི་གནས་ཁང་ཞིག་བསྐྲུན་དགོས་པ་དང་དེ་ཡང་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ཐོག་སྐད་ཡིག་གི་བཀག་རྒྱ་གང་ཡང་མེད་པར་མཐོ་རིམ་སློབ་གཉེར་གནང་ཆོག་པ་ཞིག་མཐུན་རྐྱེན་བསྐྲུན་དགོས་སྐོར་དང་དེ་ལྟ་བུའི་དཔེ་མཚོན་ཡག་ཤོས་ཝ་ཎ་མཐོ་སློབ་ཡིན་སྐོར་གསུངས་ཡོད།དོན་ཚན་ལྔ་པར་སྐད་བསྒྱུར་སྡེ་ཚན་ཞིག་མཁོ་སྒྲུབ་བྱེད་དགོས་སྐོར་ནས་དེ་ལྟར་གནང་བ་ཡིན་ན་མཐོ་རིམ་སློབ་མ་རྣམས་ལ་ལས་ཀ་རག་སླ་བའི་མཐུན་རྐྱེན་ཏུ་འགྲོ་ཡི་རེད་ཅེས་གསུངས་སོང་།

ཤེས་རབ་དགའ་ཚལ་གླིང་གི་སློབ་གཉེར་བ་ངག་དབང་ཚེ་རིང་ལགས་ཀྱིས་གོང་བཀོད་བརྗོད་གཞིར་གསུང་དོན།བོད་ཀྱི་ལོ་རྒྱུས་སོགས་ཆེད་ལས་རང་བཞིན་གྱི་སློབ་ཚན་ཁག་ལ་མཐོ་སློབ་རྣམས་དབར་བགྲོ་གླེང་གོ་སྒྲིག་བྱེད་རྒྱུ་ཤིན་ཏུ་གལ་ཆེན་རང་བཞིན་ཡིན་ཚུལ་དང་།བོད་རིགས་མཐོ་རིམ་སློབ་མ་རྣམས་ཀྱི་འབྲེལ་ལམ་ལའང་ཕན་ཐོག་ཆེན་པོ་འབྱུང་ངེས་ཡིན་སྐོར་གསུངས།ཉེ་འགྲམ་གྱི་མཐོ་སློབ་ཁག་གི་དགེ་རྒན་རྣམས་ཀྱིས་གཏམ་བཤད་གོ་སྒྲིག་འོག་སློབ་གསོ་གོང་འཕེལ་གཏོང་དགོས་དོན།བོད་རིགས་མཐོ་རིམ་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་འདོན་སའི་སྤྱི་ཚོགས་དྲ་ལམ་ཞིག་གསར་འཛུགས་བྱེད་དགོས་དོན་དང་།བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་རྣམས་ཀྱི་གོ་སྒྲིག་འོག་གཟའ་མཇུག་གི་བོད་ཡིག་འཛིན་གྲྭ་འཛུགས་ཐུབ་པའི་རེ་བ་དང་སྐུལ་མ་གནང་ཡོད།

སྒྲོལ་མ་གླིང་གི་བཙན་མས་གོང་བཀོད་བརྗོད་གཞི་ལ་འབྲེལ་ནས་བོད་ཡིག་གལ་ཆེན་ཡིན་ཚུལ་དང་ངེད་ཅག་གིས་ཁ་ནས་བཤད་པ་ཙམ་མ་ཡིན་པར་དངོས་ཡོད་ལག་ལེན་ཐོག་མི་རེ་ངོས་རེ་ནས་འབད་བརྩོན་ངེས་པར་བྱེད་དགོས་སྐོར་གསུང་དོན།སྤྱིར་བོད་ནང་དང་མ་འདྲ་བར་བཙན་བྱོལ་གྱི་སྤྱི་ཚོགས་འདིར་རང་གི་རིག་གནས་ལ་སྦྱོང་བརྩོན་བྱེད་པའི་བདག་དབང་ཡོད་པ་དང་ཁུར་ཡུག་བསྐྲུན་པའི་དབང་ཆ་ལྡན་པས་མཐོ་རིམ་སློབ་གཉེར་བ་རྣམས་ཀྱིས་ནུས་པ་གཅིག་སྒྲིལ་གྱི་སྒོ་ནས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྙན་ཞུ་འབུལ་དགོས་པ་དང་འབད་པ་གང་ཡོད་བྱེད་དགོས་སྐོར་གླེངས་བྱུང་།ལྷག་དོན་མཐོ་སློབ་ཁག་གི་དབར་ལ་འཛིན་ཡིག་ངེས་ལེན་ཡོད་པ་དང་དེ་མིན་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆེད་ཕྱག་རུམ་མཉམ་འདེགས་གནང་དགོས་སྐོར།སློབ་མ་རྐྱང་བ་ཙམ་མ་ཡིན་པར་ནང་གི་ཨ་མ་ལ་སོགས་ཚུད་པའི་སྒེར་གྱི་འགན་འཁུར་བྱེད་ཕྱོགས་ཐད་ཀྱང་གླེང་སློང་བྱས།

སེར་བྱེས་མཐོ་སློབ་ཁང་གི་སློབ་མ་རྣམ་གཉིས་ཀྱིས་བརྗོད་གཞི་འདི་ཉིད་བོད་ཀྱི་རིག་གནས་ཉམས་རྒུད་ཀྱི་འགག་རྩར་ཐུག་ཡོད་པས་དགོངས་པ་བཞེས་དགོས་སྐོར་གསུངས་ཏེ།མཐོ་རིམ་སློབ་གསོའི་མ་ལག་ཅིག་གསར་འཛུགས་བྱེད་པ་ལ་སློབ་ཚན་རྣམས་སོ་སོར་ཕྱེས་ཏེ་ཞིབ་འཇུག་རང་བཞིན་གྱི་ཐོག་བཟོ་དགོས་ཚུལ་གསུངས།བོད་ཀྱི་ཟླུས་གར་དང་ལྷ་རིས་སྒྱུ་རྩལ་སོགས་རིགས་ཚན་སོ་སོར་ཕྱེས་ཐོག་བོད་ཀྱི་མཐོ་རིམ་སློབ་གསོའི་མ་ལག་ཅིག་འཛུགས་བསྐྲུན་གནང་དགོས་པ་དང་བོད་ཡིག་ཐོག་རིག་གནས་ཅི་རིགས་ནང་འདྲེན་བྱས་ཏེ་རང་གི་རིག་གནས་རྒྱ་སྐྱེད་དང་བོད་ཡིག་གི་སྤྱོད་སྒོ་ཇེ་ཡངས་སུ་གཏོང་དགོས་ཚུལ་གསུངས།སྐད་ཡིག་གི་གནས་སྟངས་ཀྱི་ཆ་ནས་བོད་སྐད་ཡིག་ཉིད་རྒྱ་གར་རྒྱལ་ཡོངས་ཀྱིས་ངོས་འཛིན་སྐད་ཡིག་མ་ཡིན་པ་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་ངོས་འཛིན་བྱས་ཡོད་སྐོར་གླེང་བ་དང་།ཉམས་ཞིབ་ཀྱི་སྐབས་སུ་བརྗོད་གཞི་གཅིག་ལ་ཞིབ་ཕྲའི་མཉམ་ཞིབ་གནང་བ་དང་དེ་ཡང་མཉམ་ཞིབ་ཚད་ལྡན་གནང་དགོས་སྐོར་དང་འབྲེལ་རྒྱལ་སྤྱིའི་ཐོག་ཉམས་ཞིབ་པར་མཐོང་ཆེན་བྱེད་ཀྱིན་པའི་གནས་ཚུལ་སོགས་ངོ་སྤྲོད་བྱས།དེ་ནས་མཐོ་རིམ་སློབ་གསོའི་མ་ལག་འཛུགས་བསྐྲུན་བྱེད་པ་ལ་སློབ་ཚན་རྣམ་གྲངས་མང་པོ་ཞིག་ཚང་དགོས་ཚུལ་དང་གཏན་འཇགས་ཀྱི་འབུམ་རམས་པའི་གནས་ཚད་ལྡན་པའི་སློབ་དཔོན་ཆེན་མོ་དགོས་ཚུལ་སོགས་གསུངས་སོང་།

ཉིན་གསུམ་པ།

སྤྱི་ལོ་༢༠༡༧་སྤྱི་ཟླ་༢་པའི་ཚེས་༡༧་ཉིན་གྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཉིན་གསུམ་པའི་གཏམ་བཤད་གསུམ་པ།
བརྗོད་གཞི།འབུམ་རམས་པའི་མཐུན་རྐྱེན་དང་མདུན་ལམ་སྐོར།
གཏམ་བཤད་པ།སྨན་རིའི་གླིང་དགོན་གྱི་ཤེས་རབ་གྲགས།
ཝཱ་ཎ་མཐོ་སློབ་ཨ་ཏི་ཤ་ཚོམས་ཁང་དུ།
༢༠༡༧།༠༢།༡༧་ཉིན།
ང་ཚོར་འབུམ་རམས་པ་རེ་ཟུང་ལས་མེད་པ་ནི་ཐོག་མའི་མཐུན་རྐྱེན་དང་ཐོན་རྗེས་ཀྱི་ལས་གནས་གཉིས་ཀྱི་སྐུལ་མས་མ་འདང་པ་ཡིན་པས་དེར་ལེགས་བཅོས་དང་སྤུས་ཚད་མཐོ་རུ་གཏོང་ཐབས་ག་རེ་ཡོད་ཅེས་བརྗོད་།དང་པོ།འབུམ་རམས་ཞེས་བའི་ཐ་སྙད་འདི་སྔ་མོའི་དུས་སུ་སྨན་གྱི་གཞུང་ནང་ཐོན་གྱི་ཡོད་ལ།སྲོལ་རིག་འབུམ་བཞི་བ་ལྟ་བུ། phd་ལ་མཁའ་རྨུག་བསམ་གཏན་མཆོག་ནས་འབུམ་རམས་པ་ཞེས་བཏགས་ན་མི་འགྲིག་པ་མེད་ཅེས་གསུངས་འདུག་བརྗོད་།འབུམ་རམས་པ་ལ་ཐོག་མའི་མཐུན་རྐྱེན་ནི་ནང་མིའི་གནས་སྟངས་དང་གཞུང་ཕྱོགས་ནས་མཐུན་རྐྱེན་རྒྱ་ཆེན་པོ་མེད་པ།འཁོར་ཡུག་གི་གནས་སྟངས།མཐུན་རྐྱེན་མཁོ་ཆེད་གླེང་གཞིའི་ཚོགས་པ་ལྟ་བུ་བཟོས་ནས་སྤྱི་ཚོགས་ལ་འབུམ་རམས་པའི་བག་ཆགས་དང་དེའི་གོ་ས་ངོ་སྤྲོད་ཁྱབ་སྒྲགས་དགོས་ཀྱི་འདུགད་དུང་།དེ་དག་ལ་ལས་གནས་གནང་དགོས་ཀྱི་འདུགཝཱ་ཎ་ནས་འབུམ་རམས་པ་ག་ཚོད་ཐོན་ཐུབ་ཀྱི་འདུགག་ཚོད་ལ་ལས་གནས་རག་འདུགའབུམ་རམས་པ་ལ་དེ་དང་རམ་པའི་གླ་ཕོག་དང་གོ་གནས་སྤྲོད་དགོས་ཀྱི་དུགབརྗོད་བྱ་དེ་ཡང་རང་གི་འདོད་ཕྱོགས་དང་འཚམས་པ་ཞིག་ཡིན་དགོས་བ་ཞིག་ངེས་པར་དུ་ཡིན་དགོས་རྒྱུའོ།
དེ་ནས་ཁོང་གི་རོགས་པས།འབུམ་རམས་པའི་མཐུན་རྐྱེན་དེ་ལ།དགེ་རྒན་གྱི་མཐུན་རྐྱེན་དང་ཁོར་ཡུག་གི་མཐུན་རྐྱེན་གཉིས།ད་དུང་།དཔལ་འབྱོར་གྱི་མཐུན་རྐྱེན།དགེ་རྒན་ནི་ནང་བསྟན་དང་མི་ཆོས་འཇིག་རྟེན་གང་གི་ཆ་ནས་ཀྱང་ཧ་ཅང་གལ་ཆེ་བ་དང་།བླ་མ་དང་དགེ་རྒན་ནི་གནས་གཅིག་དང་།གཞུང་ལུགས་ཀྱི་ཐོག་བཤད་ནའང་།མི་འདྲ་བ་བཅུ་དང་བཅུ་དྲུག་གསུང་ཚུལ་ཡོད་།དགེ་རྒན་ཤེས་ཚད་མཐོ་ཡང་།སློབ་མ་ཡང་སྦྱོང་བརྩོན་ཅན་ཞིག་ཡིན་དགོས་བ།འབུམ་རམས་པ་ལ་དཔེ་མཛོད་དང་དྲྭ་རྒྱའི་ཁོར་ཡུག་ནི་ཧ་ཅང་གལ་ཆེན་ཡིན།དཔལ་འབྱོར་གྱི་ཆ་ནས་དགེ་རྒན་གྱི་གླ་ཆའི་སྤུས་ཚད་མཐོར་གཏོང་དགོས་བ་དེ་ཡང་ཧ་ཅང་གལ་ཆེ་འདུག

སྤྱི་ལོ་༢༠༡༧་སྤྱི་ཟླ་༢་པའི་ཚེས་༡༧་ཉིན་གྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཉིན་གསུམ་པའི་གཏམ་བཤད་བཞི་པ།
བརྗོད་གཞི།འབུམ་རམས་པའི་མཐུན་རྐྱེན་དང་མདུན་ལམ་སྐོར།
གཏམ་བཤད་པ།ཏཱ་ལའི་བླ་མ་མཐོ་སློབ་ནས།
ཝཱ་ཎ་མཐོ་སློབ་ཨ་ཏི་ཤ་ཚོམས་ཁང་དུ།
༢༠༡༧།༠༢།༡༧་ཉིན།
ཚོགས་ཆེན་འདི་ལ་ཕྱོགས་ཡོངས་ཀྱི་མཐོ་སློབ་༢༣་དང་སློབ་མའི་གྲངས་༡༠༠་ལྷག་གིས་ཉིན་བདུན་རིང་བརྗོད་གཞིའི་ཁ་ཤས་ཤིག་ལ་བགྲོ་གླེང་བྱེད་བཞིན་པ་དང་།དེ་རང་གི་ཉིན་གསུམ་པའི་བརྗོད་གཞི་ནི་ཁ་ཤས་འབུམ་རམས་པའི་མཐུན་རྐྱེན་དང་མདུན་ལམ་སྐོར་ཞེས་བ་དེའི་སྟེང་ལ་ཏཱ་ལའི་མཐོ་སློབ་ཀྱི་སློབ་མའི་འཐུས་མི་ནས་གསུངས་དོན།བོད་ཕྲུག་ཁྱིམ་བདེས་གཅེས་གཅོང་བྱས་པའི་འབུམ་རམས་པ་༡༢་ཡོད་ཀྱང་གཅིག་ལ་གསལ་ཁ་མེད་པས།ཁ་གསལ་ཡོད་པ་ནི་ཁྱོན་བསྡོམས་༡༡་འདུགབོད་ཕྲུག་ཁྱིམ་སྡེ་ནས་ལོ་གཅིག་ལ་དཔལ་འབྱོར་སྒོར་སྟོང་ཕྲག་བདུན་ཅུ་དང་།ཤེས་རིག་ལས་ཁུངས་ནས་༧༥་རེད་།ངས་ཞིབ་དུ་དཔྱད་ན་ཁྱོན་བསྡོམས་ལོ་གཅིག་ལ་རྒྱ་སྒོར་འབུམ་གཉིས་ལྷག་འགྲོ་བཞིན་ཡོད་པ་རེད་།གཞུང་གི་གཏན་འབེལ་བྱས་པའི་རོགས་དངུལ་དེས་འབུམ་རམས་པའི་སློབ་ཕྲུག་ལ་འདང་གི་མེད་པ་གསལ་བོ་རེད་།དེའི་རྐྱེན་གྱིས་སོ་སོའི་ངོས་ནས་ཀྱང་ཐབས་ཤེས་འཐེན་དགོས་ཀྱི་འདུགདོན་ལ་མཐོ་རིམ་སློབ་མའི་ཞིབ་འཇུག་ཚོགས་ཆུང་ལྟ་བུ་བརྒྱུད་ནས་དོ་དངོས་ཉམས་ཐག་གང་ཡིན་པར་ཉམ་ཞིབ་བྱེད་དགོས་ཀྱི་འདུགབོད་པའི་སློབ་ཕྲུག་ཁྲོད་འབུམ་རམས་པ་སློབ་ཐོན་བྱུང་བ་དང་བོད་མིའི་སྒྲིག་འཛུགས་ནས་འབུམ་རམ་པའི་ལས་ཀ་གཉེར་མཁན་ནི་ཀུན་མཆོག་བརྩོན་འགྲུས་དཔལ་འབྱོར་ལས་ཁུངས་ཀྱི་ལས་མི་དང་།རིག་འཛིན་རྡོ་རྗེ་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་མི།ངག་དབང་རབ་རྒྱས་ཁྲིམས་ཞིབ་ལྷན་ཁང་གི་ལས་མི།བོུ་ཚེ་རིང་༧གོང་ས་ཏཱ་ལའི་མཐོ་སློབ་ཀྱི་སློབ་དཔོན།པད་མ་དབྱངས་ཅན༧གོང་ས་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་ལས་མི་སོགས་འདུགབོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁྲོད་འབུམ་རམས་པ་འདི་འདྲ་ཉུང་དྲག་པའི་རྒྱུ་རྐྱེད་ནི།ལ་ལས་བོད་གཞུང་ནས་འདི་ལ་ལས་མིག་མེད་ཚུལ་གསུངས་འདུགརྒྱུ་གར་ནང་དུ་འབུམ་རམས་པ་དང་འཚམས་པའི་གླ་ཕོག་སྤྲད་ཀྱི་འདུགསྤྱི་ཚོགས་དང་རང་གཞུང་སྒྲིག་འཛུགས་ཀྱི་དམིགས་འོག་ལ་གནས་བཞིན་པའི་འབུམ་རམས་པ་ཚོ་འདོད་པ་ཁེངས་ཀྱི་མིན་འདུགསྤྱི་ཚོགས་ཀྱིས་འབུམ་རམས་པ་བེད་སྤྱོད་མི་བྱེད་པ་དང་བྱེད་མ་ཐུབ་ཡང་ན་དེ་ཉར་མ་ཐུབ་སོགས་ཀྱིས་འབུམ་རམས་པ་རྣམས་ཕྱིར་ཡུལ་འགྲོ་དགོས་བྱུང་དང་འབྱུང་གི་ཡོད་པ་རེད་།ང་ཚོས་འབུམ་རམས་པའི་འཁོར་ཡུག་ཅིག་གསར་དུ་འཛུགས་རྒྱུ་ལས་གང་ཡོད་པའི་ཝཱ་ཎ་དང་ཏཱ་ལའི་བླ་མ་མཐོ་སློབ་སོགས་སུ་ཡོད་པའི་ཁྱབ་ཁུངས་དེ་ཁྱབ་ཆེ་རུ་གཏོང་བ་ཡིན་ན་རེ་བ་ཡོད་བསྡད་པ་ཞིག་རེད་།ངས་གོ་ཐོས་ལ་ཝཱ་ཎ་མཐོ་སློབ་ནས་ལོ་འདིའི་སྤྱི་ཟླ་བདུན་པ་དང་བརྒྱུད་པ་དང་རིག་གནས་སྦྱང་སའི་ཆེས་མཐོའི་འབུམ་རམས་དང་ཨ་ཅ་རྱའི་རིག་གནས་སྡེ་ཚན་ཞིག་འཛུགས་ཀྱིན་འདུགཨ་ཅ་རྱ་དང་འབུམ་རམས་པའི་སྡེ་ཚན་འདི་ལ་ལག་འཁྱེར་ཡོད་མཁན་ཚད་ལྡན་ཡོད་མཁན་གྱི་ཕྱི་ཡོང་སློབ་མ་ལའང་གོ་སྐབས་ལེགས་པོ་ཡོད་ཚུལ་སྒྲིག་གཞིའི་ནང་གསུངས་འདུག

སྤྱི་ལོ་༢༠༡༧་སྤྱི་ཟླ་༢་པའི་ཚེས་༡༧་ཉིན་གྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཉིན་གསུམ་པའི་གཏམ་བཤད་ལྔ་བ།
བརྗོད་གཞི།འབུམ་རམས་པའི་སྐོར།
གཏམ་བཤད་པ།  རྣམ་རྒྱལ་གྲྭ་ཚང་གི་འཐུས་མི།
ཝཱ་ཎ་མཐོ་སློབ་ཨ་ཏི་ཤ་ཚོམས་ཁང་དུ་།
༢༠༡༧།༠༢།༡༧་ཉིན།
འབུམ་རམས་པ་ནི་ཕྱི་ལོག་གི་PHDནས་ཐོན་པ་ཞིག་རེད་།ཕྱིའི་ཤེས་རིག་གི་སྡིང་ཆ་ཁྲོད་ནས་ཚད་མཐོ་ཤས་ཤིག་རེད་།བོད་པའི་སྤྱི་ཚོགས་ནས་དེ་ལ་ར་གསལ་བོ་ཞིག་འཕྲོད་མི་འདུགམཁའ་རྨུག་བསམ་གཏམ་ལགས་ཀྱིས་བོད་པའི་འབུམ་རམས་པ་ནི་ཕྱི་རྒྱལ་གྱི་PHD་ལ་བསྒྱར་ན་འགྲིག་འདུག་ཚུལ་གསུངས་ཡོད་།ལོ་བདུ་བཅུ་བའི་ནང་དུ་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བའི་རྐྱེན་གྱིས་མཐོ་སློབ་ལ་འགྲིམ་མ་ཐུབ་པ་ཧ་ཅང་མང་དང་ཨ་མ་ཚོའི་སེམས་སུའང་སློམ་མ་ནི་ཡིག་རྨོངས་སེལ་མཁན་ཙམ་དང་དེ་ལས་སོ་ཙའི་ཚོང་ལས་ཞུགས་ན་ལེགས་ཚུལ་གྱི་བསམ་བློ་འདུ་ཤེས་འདུགད་དུང་།ང་ཚོ་ལ་འབུམ་རམས་ཉུང་གྲགས་པ་ནི་ནུབ་ཕྱོགས་སྤྱི་ཚོགས་དང་འབྲེལ་ཟབ་ཉུང་བའི་རྐྱེན་གྱིས་སོ།ད་དུང་།བྱིས་པ་ལ་སློབ་གསོ་བཟང་པོ་བརྒྱག་མ་ཐུབ་པའི་རྐྱེན་གྱིས་འཚར་ལུངས་ཡག་པོ་བྱུང་མ་ཐུབ་པ་རེད་།གཞི་རིམ་ཤེས་ཡོན་གནས་ཚད་གཙོ་བོ་ཡིན་པ་དང་དེ་ལས་འབུམ་རམས་པ་ལེགས་པོ་ཐོན་ཐུབ་པའི་འབྲས་བུ་བཟང་བོ་ཡོད་།མཐུན་རྐྱེན་སྦྱོར་དགོས་པ་ནི་གལ་ཆེན་པོ་ཡིན་པས་ད་དུང་བོད་གཞུང་ནས་བརྒྱ་ཆ་༧༥་ལས་ལྷག་པ་ཞིག་མཐུན་རྐྱེན་སྦྱར་ཐུབ་པའི་རེ་བ་ཞུ་དགོས་ཀྱི་འདུགགཞི་རིམ་དགེ་རྒན་ཚོ་ངེས་པར་དུ་ཆེད་ལས་ཅན་འབུམ་རམས་དག་ཡིན་དགོས།དེ་ལྟར་བྱུང་བ་ཡིན་ན་འབུམ་རམས་པ་ལ་སློབ་མཐར་ཕྱིན་རྗེས་འགྲོ་སའི་ས་མིག་ཅིག་རག་པ་རེད་།དེ་བཞིན་དུ་དགོན་སྡེའི་འཛིན་གྲྭ་ཡིན་ནའང་དཔེར་ན་དབུ་མ་འཛིན་གྲྭ་ལྟ་བུ་ལ་ངེས་པར་དུ་དབུ་མ་ཆེད་ལས་པས་སློབ་ཁྲིད་བྱེད་དགོས་ཀྱི་འདུགདོན་གྱིས་འབུམ་རམས་པ་ལ་དེ་དང་འཚམས་པའི་ས་མིག་དང་མཐུན་རྐྱེན་སྦྱར་བ་དང་འབུམ་རམས་པའི་ས་མིག་གི་སྡེ་ཚན་རྒྱ་ཆེར་གཏོང་རྒྱུ་དེ་ཧ་ཅང་གལ་ཆེའོ།ལོ་གཅིག་ལ་བོད་མི་རེ་རེས་སྒོར་རྒྱ་རེད་གནང་ནས་དེ་ལ་ཐེབ་རྩ་ཚོགས་པ་ཞིག་བཙུགས་ཐུབ་པ་ཡིན་ན་ངོ་མ་རླབས་ཆེན་རེད་།

 

ཉིན་བཞི་བ།

སྤྱི་ལོ་༢༠༡༧ལོའི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་ཉིན་བཞི་བའི་གཏམ་བཤད་དང་པོ།
བརྗོད་གཞི།   གཞི་གོང་འོག་གི་དགེ་རྒན་ཚོའི་སྤུས་ཚད་མཐོར་འདེགས་བྱེད་ཐབས།
གཏམ་བཤད་པ།   སཱ་ར་མཐོ་སློབ་ནས།
ཝཱ་ཎ་ཨ་ཏི་ཤའི་ཚོམས་ཁང་ནས།
༢༠༡༧།༠༢།༡༨
བརྡ་ཆད་།    དགེ་རྒན།   མཐོར་འདེགས།
སྤྱི་ལོ་༢༠༡༧་ལོའི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་༡༡་གྱི་གོ་སྒྲིག་ཚོགས་ཆུང་བྷི་ཎ་རཱ་སི་ཧིན་དྷི་སློབ་ཆེན་གྱི་བོད་རིགས་རྣམས་ཀྱིས་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་རིགས་ཀྱི་གནས་བབ་དང་ཆབ་སྲིད་ཀྱི་འཁོར་ཕྱོགས་དང་དེ་ལ་ཕན་པའི་བརྗོད་གཞི་འགའ་འདེམས་ནས་ད་ལྟའི་ཚོགས་ཆེན་གྱི་ཉིན་བདུན་གྱི་རིང་གླེང་དང་གླེང་མུས་ཡིན་ལ།དེ་རིང་གི་གླེང་གཞིར་གྱུར་བའི་བརྗོད་གཞི་ནི་གཞི་རིམ་གོང་འོག་གི་དགེ་རྒན་གྱི་སྤུས་ཚད་མཐོར་འདེགས་ཀྱི་སྐོར་ཡིན།
ད་ལྟའི་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་སུ་དགེ་རྒན་ལ་མཐོང་ཆེན་མེད་པ་དང་དེ་ནི་ལས་མེད་ལས་ཞོར་ཞིག་ཡིན་པ་ནི་ད་ལྟའི་སྤྱི་ཚོགས་ཀྱི་བོད་མའི་བསམ་བློ་དང་ལྟ་ཚུལ་རེད་འདུག
གཞི་རིམ་སློབ་གསོའི་སྐོར་གྱི་ལྟ་ཚུལ་དེ་ལ་གཞི་རིམ་སློབ་གསོའི་གལ་གནད་དང་དཀའ་གནད།གལ་གནད་ནི་སློབ་མ་ལ་དུས་ཡུན་གྱི་ཆ་ནས་ལོ་བཅུ་གཉིས་དང་གོ་རིམ་གྱི་ཆ་ནས་ཤེས་ཡོན་གྱི་རྨང་གཞི་འཇོག་ནུས་བ།བསམ་བློའི་སྨིན་ཚད་ཀྱི་ཆ་ནས་འཚར་ལོངས་འབྱུང་འི་སྐབས།དཀའ་ནད་ནི་བྱིས་པའི་སེམས་ཁམས་རིག་པའི་ཆ་ནས་དཀའ་ངལ།ཡུལ་དུས་ཀྱི་ཆ་ནས་གཞན་ཡུལ་དུ་ལྷག་ཡོད་པའི་དཀའ་ངལ།དགེ་རྒན་གྱི་དམིགས་ཡུལ་ལ་བརྟན་པོ་དག་པ་མེད་པ་དང་།གཞི་རིམ་གྱི་དགེ་རྒན་ཚོ་ལ་མི་ཚེའི་ནང་དགེ་རྒན་ཡག་པོ་བྱེད་རྒྱུའི་བསམ་བློ་དང་ལྟ་བ་བརྟན་པོ་མེད་པ།བོད་ཀྱི་གཞི་རིམ་དགེ་རྒན་གྱི་སྤུས་ཚད་དང་།དེ་ཇེ་ལེགས་གཏོང་ཕྱོགས་དཀྱུས་གཅིག་ཏུ་བཤད་ན།དེ་ལ་ལ་རྒྱ་གཙོ་བོར་མི་འཛིན་ཅིང་སློབ་གསོ་ལ་རྒྱལ་མཚམས་མི་འཇོག་པ་དང་།ཀུན་སྤྱོད་དང་ཆོས་ལུགས་དབུས་ལ་མི་འཇོག་པར་བྱིས་པའི་དགའ་ཕྱོགས་གཙིགས་འཛིན་བྱེད་པ།དགེ་རྒན་དབུས་བཞག་ལས་སློབ་མ་དབུས་འཇོག་བྱ་རྒྱུ།ཡོད་ཚད་དགེ་རྒན་ཁོ་ན་ལ་མི་བསྟེན་པར་སློབ་མ་ལ་དཔེ་ཀློབ་ཀྱི་གོམ་གཞིས་སྦྱར་རྒྱུ།ཆེས་གཙོ་ཆེ་བ་ནི་བྱིས་པའི་སེམས་ཁམས་ལ།སློབ་སྦྱོང་ནི་སྤྲོ་སྣང་ཅན་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན།དེ་ལྟར་བྱས་ཚེ།ཆེད་ལས་རང་བཞིན་ལ་སྤྲོ་སྣང་འོང་བ་རེད་།
དཀའ་ངལ་འདི་སེལ་ཕྱིར་དགེ་རྒན་ཚོས་སློབ་ཁྲིད་མ་བྱེད་གོང་ཚང་འཛོམས་ཀྱིས་སློབ་ཁྲིད་ལ་དཔྱད་བསྡུར་བྱེད་པ་དང་།དགེ་རྒན་དེ་དག་ལ་དེ་ལས་ཚད་མཐོ་བའི་སློབ་སྟོན་པ་ཞིག་མཁོ་སྤྲོད་བྱས་ནས་ཉིན་རེའི་སློབ་ཁྲིད་དེ་སློབ་མའི་སེམས་ཁུངས་སུ་འཇོག་དགོས།སློབ་ཁྲིད་ཀྱི་སྐབས་དགེ་རྒན་གཞན་ཞིག་ཟུར་ཉན་ལ་དགོས་བ་སྟེ་དེ་ནི་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེའི་སློབ་ཁྲིད་ཀྱི་གྲ་སྒྲིག་ལེགས་པོ་ཡོང་ཆེད་ཡིན།དེ་ཡང་ཕྱོགས་གཞན་ཞིག་ནས་དགེ་རྒན་ནི་རིག་གཅིག་རྐང་འཛིན་ཅན་ཞིག་ཡིན་དགོས།  ཞེས་གནས་ཚུལ་མཁོ་འདོན་བྱས་སོང་།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།