ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ངྷ་སའི་བོད་རིག་པ་ཞིབ་འཇུག་པས་ཨེ་ལིའོ་ཊི་སྦེས་ལིང་ལ་མྱ་ངན་ཆེད་སྐོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༠༧ཉིན་སྤེལ། བོད་རིག་པ་ཞིབ་འཇུག་བྱེད་མཁན་གྱི་ཕྱི་རྒྱལ་མགོ་སེར་མང་པོ་ཡོད་པ་རེད་མོད། ཁོང་ལྟ་བུ་དཀོན་པོ་ཡོད་པ་རེད། ཅེས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་གསུངས་སོང་།

Tibet-writers-2017དེ་རིང་སྔ་དྲོའི་ཚོུད་༡༠།༣༠ཐོག  བཞུགས་སྒར་ངྷ་རམ་ས་ལའི་རི་འདབས་སུ་གནས་པའི་བོད་ཀྱི་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ། ངྷ་སར་གནས་སྡོད་རྒྱལ་སྤྱིའི་བོད་རིག་པའི་ཚོགས་མི་རྣམ་པས་བོད་རིག་པའི་མཁས་དབང་ཨེ་ལིའོ་ཊི་སྦེས་ལིང་གློ་བུར་སྐུ་གཤེགས་པར་མྱ་ངན་རྗེས་དྲན་དང་། འབྲེལ་ཡོད་ཀྱིས་ཁོང་གི་སྐོར་ལ་གཏམ་གླེང་གི་ཚོགས་འདུ་ཞིག་སྐོང་སོང་།

དེ་ཡང་གོང་གི་ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་གྱི་སྐུ་མགྲོན་གཙོ་བོ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་གཉིས་གཙོས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་མི་སེར་སྐྱ་ཁྱོན་བསྡོམས་༡༥ལྷག་དང་། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཙོས་དགེ་སློབ་ཡོངས་ཏེ་ཁྱོན་བསྡོམས་མི་༤༠༠ལྷག་ཅིག་གིས་འདས་པོ་དམ་པ་ཁོང་གི་སྐོར་ལ་མྱ་ངན་གུས་འདུད་དང་སྐུ་པར་ཁ་བཏགས་སྒྲོན་སོང་།

Tibet-Monks prays-2017གོང་ཚེས་ཉིན་མྱ་ངན་སྐོང་ཚོགས་ཀྱི་མདོ་འཛིན་པ་གཙང་ཕྲུག་སྟོབས་ལགས་ཀྱིས་སྐུ་གཤེགས་ཁོང་ནི་བོད་ཀྱི་རིག་གཞུང་ཙམ་མ་ཡིན་པར་བོད་ཀྱི་སྐད་ཡིག་འབྲི་ཀློག་ཤེས་པའི་མི་ཞིག་རེད།  ཁོང་ནི་སྔོན་ཆད་སཱ་ར་མཐོ་སློབ་ཏུ་ཕེབས་མྱོང་ཡོད་རེད་ལ། བོད་ཀྱི་ལོ་རྒྱུས་སྐོར་ནས་བོད་ཆེན་པོ་དང་བོད་ཆུང་བ་སོགས་ཀྱི་གཏམ་བཤད་ཀྱང་སྤེལ་མྱོང་བ་རེད།  ན་ནིང་སྟེ་བོད་རིག་པའི་མཁས་པའི་བགྲོ་གླེང་སྐབས་བཅུ་བཞི་བའི་ཐོག་སྐུ་གཤེགས་ཁོང་གིས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་མི་དབང་ཕོ་ལྷ་བའི་སྐོར་ནས་གཏམ་བཤད་སྤེལ་ཞིང་། དེ་ཡིས་ང་ལ་མཚོན་ན་དམིགས་བསལ་བློ་བསྐྱེད་ཆེན་པོ་བྱུང་ཞེས་བརྗོད་སོང་།

Tibet-Pro-Tashi Tsering-2017ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་མཆོག་གིས་དམ་པ་ཁོང་གི་མི་ཚེ་དང་འབྲེལ་བའི་གཏམ་བཤད་གནང་དོན།
སྤྱིར་འདས་པོ་དམ་པ་ཁོང་ནི་ད་ལོ་ཕྱི་ཟླ་༣ཚེས་༡༦ཉིན་ངྷ་སར་ཕེབས་ཏེ་གཏམ་བཤད་གནང་བའི་གྲ་སྒྲིག་བྱས་ཡོད་མོད། འོན་ཀྱང་ཁོང་གི་སྐུ་གཟུགས་ཧ་ཅང་གིས་ཐང་པོ་ཡིན་ཀྱང་། སྙིང་གི་ན་ཚའམ་ཁྲག་ཤེད་ཅིག་མིན་འགྲོ་བསམ་པའི་ངང་གྲོངས་སོང་བ་རེད། ཅེས་དང་།

དེ་མིན་ཕྱི་ལོ་༡༠༧༣ལོ་ནས་བཟུང་མཁས་དབང་ཁོང་གིས་ཉེ་བའི་བོད་རིག་པ་དང་རྒྱ་ནག་གི་བོད་རིག་པའི་ཐོག་ཞིབ་འཇུག་བྱས་པ་དང་། མཁས་དབང་ཁོང་ནི་རྒྱ་གར་གྱི་སློབ་ཆེན་གྱི་རམས་འབྱམས་པ་རེད། ༡༩༨༤ལོར་ཨ་རིའི་གཟེངས་རྟགས་ཧ་ཅང་ཆེ་ཤོས་རག་པར་དཀའ་བ་དེ་རག་ཡོད་པ་ཞིག་རེད། ཅེས་དང་།

གཞན་ཡང་ཁོང་ནི་མི་ཁ་རུང་ཁ་ཐུག་དང་འདྲེས་བདེ་བ། ཉམས་ཆུང་བ། འཚུལ་འཆོས་མེད་པར་གཞུང་བཟང་གཤིས་རྒྱུད་བཟང་པ། ཉམས་ཆུང་ལ་ཐུབ་ཚོད་བཏང་བ་ཡིན་ན་དེ་ལ་རྒྱབ་སྐྱོར་བྱེད་པ། ཨ་རིའི་མི་རིགས་དང་རྒྱལ་སྤྱིའི་མི་རིགས། གྲངས་ཉུང་མི་རིགས་གང་ཡིན་ཀྱང་འཛེམ་ཟོན་མེད་པར་རྒྱབ་སྐྱོར་བྱེད་མཁན་ཞིག་རེད། ཅེས་དང་།

Tibet-tragic action-2017ད་དུང་ཁོང་གིས་མུ་མཐུད་དུ་བརྗོད་དོན། བོད་ཀྱི་རྩ་དོན་ཐོག་དམ་པ་ཁོང་གི་ལངས་ཕྱོགས་ནི་རང་བཙན་གཙང་མ་རེད་ལ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནི་བོད་ཡིག་དང་རྒྱ་ཡིག་གཉིས་ཀྱིས་ཉམས་ཞིབ་བྱས་པའི་འབྲས་བུ་ཡིས་ཁོང་གི་ལངས་ཕྱོགས་སུ་འགྱུར་བ་ཡོད་པ་མ་རེད། དམ་པ་ཁོང་གི་དགེ་རྒན་ནི་སྟག་མཚེར་རིན་པོ་ཆེ་ཡིན་ཞིང་། ཁོང་གི་ལངས་ཕྱོགས་ཀྱང་རང་བཙན་གཙང་མ་རེད། དམ་པ་ཁོང་གི་གཤིས་ཀ་ནི་ཧ་ཅང་གིས་དྲན་རྐྱེན་པོ་ཡོད་པ་ཞིག་ཡིན་པས་ན། བོད་རིག་པའི་ཚོགས་ཆེན་གྱི་མཐའ་མའི་གཏམ་བཤད་ནི་ཁོང་གིས་གསུང་དགོས་པར་མི་ཚང་མས་འབོད་སྐུལ་ཞུ་ཡི་རེད། ཅེས་དང་།

དེ་བཞིན་དུ་ཕྱི་ལོ་༡༩༨༧ནས་༢༠༡༤བར་དུ། ཨ་རིའི་གཞུང་དང་སྒེར་གྱི་རང་དབང་ཅན་གྱི་ཚོགས་སྡེ་ཁག་གི་བོད་དང་རྒྱའི་འབྲེལ་བ། རྒྱས་བོད་ལ་དབང་སྒྱུར་བྱེད་སྟངས་དང་རང་དབང་མ་སྤྲད་པ་སོགས་ཀྱི་ཚོགས་འདུའི་ཐོག་དཔང་པོ་དང་ཆ་ཤས་ལེན་གྱི་ཡོད་པ་རེད། འདི་འདྲའི་བོད་རིག་པ་ཞིབ་འཇུག་བྱེད་མཁན་གྱི་ཕྱི་རྒྱལ་མགོ་སེར་མང་པོ་ཡོད་པ་རེད་མོད། ཁོང་ལྟ་བུ་དཀོན་པོ་ཡོད་པ་རེད། ཅེས་དང་།

Tibet-in hall-2017དེར་འཕྲོས་དམ་པ་ཁོང་ལ་བུ་མོ་ཞིག་ཡོད་ཅིང་། ༡༩༨༤འམ་༨༥ཞིག་ལ་དམ་པ་ཁོང་དང་ཁོང་གི་སྐུ་ཟླ། བྱིས་པ་གསུམ་ལྷ་སར་སོང་སྟེ་གཙུག་ལགས་ཁང་དང་པོ་ཏ་ལའི་རྩེ་ལ་སླེབས་དུས། བུ་མོ་ལོ་ཆུང་ཆུང་ལོ་ན་༨ལྷག་ཅན་དེས་"བོད་ཀྱི་བདག་པོ་བོད་མི་ཡིན།"ཞེས་འབོད་ཚིག་སྒྲོག་དུས་བོད་པ་དང་གྲྭ་བ་ཚང་མ་དགའ་ནས་ཀ་ར་སོགས་སྤྲད་ཡོད་པ་དང་། ཡང་ལན་རེར་"བོད་རང་བཙན་གཙང་མ་ཡིན།"ཞེས་སྐད་རྒྱབ་པ་རེད། དབྱིན་ཇིའི་བུ་མོ་ཆུང་ཆུང་ཞིག་གིས་རྒྱ་མིའི་ཉེན་རྟོགས་པ་དང་སོ་བ་ཡོད་སར་འདི་ལྟར་སྐད་རྒྱབ་པ་འདིས། སོ་སོའི་བྱིས་པར་ཡང་འདི་ལྟ་བུའི་བགས་ཆགས་ཤིག་བཞག་ཡོད་པ་མཚོན་གྱི་འདུག ཅེས་དང་

དེར་བརྟེན་སྤྱིར་བཏང་འཇིག་རྟེན་གྱི་འགྲོ་སྟངས་སུ་མི་བཀའ་དྲིན་ཅན་ལ་དྲན་གསོ་བྱེད་པ་གལ་ཆེན་རེད་ལ། བཟང་ངན་གྱི་དབྱེ་བ་མ་ཤེས་ན་དུད་འགྲོ་ནང་བཞིན་རེད། དེ་བས་ཁོང་གི་དཔྱད་རྩོམ་ལ་ཞིབ་འཇུག་བྱས་ཏེ་རྗེས་དྲན་བྱེད་པ་དང་། དམ་པ་ཁོང་ནང་བཞིན་ཡ་རབས་བཟང་སྤྱོད་ཀྱིས་ཉམས་ཆུང་ལ་འཛེམ་ཟོན་མེད་པར་རྗེས་དྲན་བྱས་ན་དེ་ནི་ཡག་པོ་རེད་དྲན་གྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

Tibet-Pro-Sonam Gyaltsen-2017ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་པོ་མཆོག་གིས་དམ་པ་ཁོང་གི་སྐོར་ནས་བརྗོད་དོན།
ད་རིང་ང་ཚོ་འདིར་འཛོམས་དགོས་པ་ནི་དམ་པ་ཁོང་ལ་རྗེས་དྲན་ཞུ་རྒྱུ་དང་། རྗེས་དྲན་ནི་དྲ་གསོ་ཞེས་པའི་དོན་རེད། ཚོགས་ཁང་འདིའི་ནང་དུ་དམ་པ་ཁོང་ཉིད་ཐེངས་གཉིས་སུ་ཕེབས་མྱོང་ཡོད། ང་ཚོས་ཇི་ལྟར་དྲན་གསོ་བྱེད་དགོས་པར་འདུག ངོ་ཤེས་མཁན་རྣམས་ཀྱིས་ལུས་ངག་གི་འཆར་སྣང་ཞིག་ངང་ནས་དྲན་གསོ་བ་རེད། ཡིན་ནའང་དེ་ནི་དྲན་གསོ་ཡག་ཤོས་ཤིག་མ་རེད། ཁོང་གི་བརྩམས་ཆོས་རྣམས་ཀློག་ནས་དྲན་གསོ་བྱེད་པ་ནི་ཡག་ཤོས་རེད། དེ་བས་དམ་པ་ཁོང་གི་རྩོམ་ཡིག་རྣམས་ཀློག་པ་གལ་ཆེ་ཤོས་རེད། དེའི་ནང་ནས་དམ་པ་ཁོང་གི་ལྟ་ཚུལ་དང་ཕུགས་འདུན། དཔྱད་ཐབས་སོགས་ཆ་ཚང་པ་ཞིག་ཧ་གོ་ཐུབ་ཀྱི་རེད། ཅེས་དང་།

ངས་དམ་པ་ཁོང་དགེན་བཀྲ་ཤིས་ཚེ་རིང་བརྒྱུད་དེ་ངོ་ཤེས་པ་དང་ཧ་ཅང་གིས་འབྲེལ་འདྲེས་ཡོད་པ་ཞིག་མིན། ང་གཉིས་རྒྱུས་ཡོད་དུ་གྱུར་བ་ནི་ཚོགས་འདུ་ཐེངས་ཁ་ཤས་ཤིག་གི་ཐོག་ནས་ཡིན། ཁོང་ནི་བོད་པ་མེད་ས་ནས་བོད་པའི་སྐུ་ཚབ་ཡང་དག་པ་བྱས་ཏེ་བོད་ཀྱི་ཚབ་གཙང་མ་ཞིག་བྱེད་པ་རེད། ད་ལྟའི་བར་དུ་བོད་པའི་ཚོགས་འདུ་གང་ཞིག་ཡིན་ཡང་བོད་ཀྱི་ཚབ་མཚོན་བྱས་ཏེ་བསྡད་ཐུབ་པ་ནི་ང་ཚོས་དྲན་གསོ་བྱེད་དགོས་པ་རེད། དེ་མིན་དམ་པ་ཁོང་གིས་རིག་གཞུང་གི་སྒང་ནས་བོད་ཀྱི་ཚབ་མཚོན་པ། བསམ་བློའི་ཆ་ནས་བོད་པའི་ཚབ་མཚོན་པ། སྐད་ཡིག་གི་སྒང་ནས་བོད་ཀྱི་ཚབ་མཚོན་པ། མ་འོངས་པའི་དམིགས་འདུན་གྱི་ཐོག་ནས་བོད་པའི་ཚབ་མཚོན་བྱེད་ཐུབ་པའི་མི་ཞིག་ཡིན་པ་ནི་བརྗེད་རུང་གི་མ་རེད་ཅེས་འགྲེལ་བརྗོད་གནང་སོང་།


Tibet-Manshrig Lobdhuk-2017ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤར་བློ་གྲོས་ལགས་ཀྱིས་དམ་པ་ཁོང་གི་བརྩམས་ཆོས་དང་འབྲེལ་བའི་སྐོར་ནས་བརྗོད་དོན།
དེ་རིང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་ཧ་ལམ་སྐུ་ཚེ་ཧྲིལ་བོ་དཀའ་ལས་བསྐྱོན་མཁན།  དེ་ག་ནང་བཞིན་བོད་དང་བོད་རིག་པའི་སྒང་ལ་གྲུབ་འབྲས་ཆེན་པོ་བཞག་གནང་མཁན་གྱི་མཁས་དབང་ཆེན་པོ་ཞིག་གི་མཛད་རྗེས་དང་འབྲེལ་ནས་ཁོང་ལ་རྗེས་དྲན་བསྔགས་བརྗོད་ཞུ་བར། བོད་རིག་པའི་ཚོགས་མི་དང་དམིགས་བསལ་དེ་གར་ཕེབས་པའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་བོད་ཕྱི་ནང་ན་སྐད་གྲགས་ཆེ་བ་རྒན་བཀྲ་ཤིས་ཚེ་རིང་ལགས་དང་རྒན་ཐུབ་བསྟན་བསམ་འཕེལ་ལགས་གཉིས་ཀྱི་གཙོས་པའི་བོད་རིག་པའི་ཞིབ་འཇུག་གི་ཚོགས་མི་མང་པོ་ཞིག་ཕེབས་ནས་མཛད་རིམ་ཞིག་འགྲོ་བཞིན་པ་རེད།   ང་འདིའི་སྒང་ལ་དམིགས་བསལ་གྱིས་ཞུ་རྒྱུ་གང་ཡང་མི་འདུག  


Tibet-students-2017སྐུ་གཤེགས་ཁོང་ཡིན་ན་ང་ལ་དམིགས་བསལ་གྱིས་འབྲེལ་བ་དང་རྒྱུས་མངའ་དེ་ཙམ་མེད།   ཡིན་ཡང་།  ཁོང་ཐེངས་མང་པོར་མཇལ་མྱོང་ལ་མཐོང་མྱོང་བ་མ་གཏོགས་དམིགས་བསལ་གྱིས་ཁོང་གི་སར་ནས་ལམ་སྟོན་ཞུས་པ་དེ་འདྲ་བྱུང་མ་མྱོང་མོིད། ངའི་བསམ་བློར་ག་རེ་དྲན་གྱི་འདུག་ལབ་ན།  ང་རང་ཡང་དགེ་རྒན་གཅིག་རེད་དེ་བཞིན་སོ་སོའི་མི་ཚེ་སོགས་སོ་སོའི་རིག་གཞུང་དང་སྐད་ཡིག  རིག་གནས་ལེགས་བྱང་དེའི་སྒང་ལ་བཏང་བསྡད་མཁན་ཞིག་རེད།  དེ་བཞིན་དེ་རིང་འཛོམས་བསྡད་པའི་ཚོགས་མི་ཚང་མ་བོད་རིག་པའི་སྒང་གི་དམིགས་བསལ་གྱི་མི་སྣ་ཤ་སྟག་རེད།  དེ་འདྲ་ཡིན་ན་སྐུ་གཤེགས་ཁོང་བོད་རིག་པ་དང་འབྲེལ་ནས་བཀའ་དྲིན་ཆེན་པོ་ཡིན་པ་དེ་དྲན་གསོ་བྱས་ན་བསམས་སོང་།  


Tibet-prays-2017གང་ཡིན་ཟེར་ན།  རྣམ་པ་ཚོ་ཚང་མ་རྒྱུས་ཡོད་པ་རེད།   རྩ་བའི་ཆ་ནས་བོད་ལབ་དུས་ང་ཚོ་ཚང་མའི་སེམས་སུ་ཐག་ཉེ་བོ་འདྲ་རེད།   ང་ཚོས་ཞིབ་འཇུག་གི་ཁྱབ་ཁོངས་ནས་བོད་ལབ་དུས་ཧ་ཅང་རྙོག་འཛིང་ཆེན་པོ་ཞིག་རེད།    བོད་ལབ་དུས་ཁོ་རང་གི་ངོ་བོ་ཞེ་དྲག་གསལ་བོ་མེད་པ།  དེ་བཞིན་ཧ་ཅང་དཀའ་ལས་ཅན། རྙོག་འཛིང་གི་རྣམ་པ་ཅན་ཞིག་རེད།  དེ་བཞིན་བོད་ཀྱི་སྣོད་བཅུད་གཉིས་ཀ་ལ་འགྲེལ་བཤད་མང་པོ་དང་གོ་བ་ལོག་པ་མང་པོ་ཞིག་རེད།  དེ་ཡོད་པའི་རྒྱུ་མཚན་ང་ཚོས་ད་ལྟ་རྒྱ་གར་དང་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་པ་ཙམ་མིན་པར་བོད་རང་གི་ལོ་རྒྱུས་དང་རིག་གནས་སྒང་ལ་བལྟས་ཡོང་ན།  བོད་མི་རིགས་ཀྱི་འབྱུང་ཁུངས། བོད་ཀྱི་རྒྱལ་རབས་ཀྱི་ཁུངས།   བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས།   བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས།   བོད་ཀྱིོ་ས་ཁོངས་དང་ས་བབ་ཆ་ཚང་ཧ་ཅང་རྩོད་པ་དང་ཀླན་ཀ་ཆེ་ས་ཞིག་རེད།   


དེའི་རྒྱབ་ལོག་ལ་བསམ་བློ་བཏང་ན་གནད་དོན་གཉིས་འདུག    གཅིག་དེ་ང་ཚོའི་ད་ལྟ་བར་གྱི་ཆོས་ལུགས་ཀྱི་དད་མོས་དབང་གིས་ཡང་ན་ཆོས་ལུགས་ཀྱི་ཞེན་ཁོག་གི་དབང་གིས།    ཡང་ན་ཆོས་ལུགས་ཀྱི་ཤུགས་རྐྱེན་གྱི་དབང་གིས་དེ་འདྲའི་འགྲེལ་བཤད་རྒྱག་གི་ཡོད་པ་རེད།  གཅིག་ཤོས་དེ་ཆབ་སྲིད་ཀྱི་ཁེ་ཕན། ཆབ་སྲིད་ཀྱི་འཐབ་རྩོད།  ཆབ་སྲིད་ཀྱི་རྙོག་འཛིང་ཆེ་བ་དེ་འདྲའི་འགྲེལ་བཤད་རྒྱག་གི་ཡོད་ཙང་།  བོད་ཀྱི་ངོ་བོ་དང་རིག་གནས་ཧ་ལམ་སྣོད་བཅུད་གཉིས་ཀ་དེ་འདྲའི་རྙོག་འཛིང་ཚ་བོ་ཞིག་ཆགས་བསྡད་ཡོད་པས་མི་ཞིག་གིས་ཧ་ལམ་བོད་ཀྱི་ངོ་བོ་ཆ་ཚང་མཐོང་མི་ཐུབ་པ།  འགྲེལ་བཤད་རྒྱག་མི་ཐུབ་པ།  བོད་ཆ་ཚང་ཤེས་རྟོགས་མི་ཐུབ་པའི་དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་ལྷག་སོང་བ་རེད།    


སྐབས་དེ་འདྲ་ཞིག་ལ་གོང་དུ་རྒན་སྟོབས་ལགས་ཀྱིས་གསུངས་པ་བཞིན་རྒྱལ་སྤྱི་བོད་རིག་པའི་ཚོགས་ཆེན་དང་པོ་འཚོགས་པ་ནས་བཟུང་།  བོད་ཅེས་པ་དེ་ཞིབ་འཇུག་གི་ཁོར་ཡུག་ཆེན་པོ་ཞིག་དང་རྒྱལ་སྤྱིའི་ཤེས་ཡོན་གྱི་སྡིངས་ཆ་ཆེན་པོ་ཞིག་གི་ནང་ལོག་དང་།  ལྷག་པར་ནུབ་ཕྱོགས་དེང་རབས་ཞིབ་འཇུག་གི་སྡེ་ཚན་ཆེན་པོ་ཞིག་གི་ནང་ལོག་ཏུ་ཚད་གཞི་མཐོ་བོ་ཞིག་ཏུ་སྤར་སོང་བ་རེད།  སོང་ཙང་།    ང་ཚོའི་ལོ་རྒྱུས་ནང་དུ་བོད་ཀྱི་གནས་བབ་ལ་མ་འོངས་པའི་བོད་ཀྱི་གནས་སྟངས་མང་པོ་ཞིག་གི་སྒང་ནས་བལྟས་པ་ཡིན་ན། ཧ་ལམ་སྐུ་གཤེགས་མཁས་དབང་ཁོང་གིས་གཙོས་པའི་རྒྱལ་སྤྱི་བོད་རིག་པའི་ནུབ་ཕྱོགས་མཁས་པ་དེ་ཚོ་ཚང་མ་ང་ཚོ་བོད་པ་ཆ་ཚང་མཐོང་ཐུབ་པའི་མེ་ལོང་དང་བོད་པ་ཆ་ཚང་མཐོང་ཐུབ་པའི་མིག་ཅིག་རེད།   ཡིན་ཙང་།  མཁས་དབང་ཁོ་ཚོ་ལ་ང་ཚོས་ག་དུས་ཡིན་ན་སེམས་ནས་བོད་ཀྱི་མིག་དང་མེ་ལོང་འདྲ་བོ།  དེ་འདྲ་གཅིག་ལ་བལྟ་དགོས་པ་དང་གཙི་དགོས་པ། དྲན་དགོས་པ་གལ་ཆེན་པོ་ཞིག་རེད།

  ཧ་ལམ་ཁྱོད་ཚོས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་གི་ཐོག་ནས་རྒྱུས་ཡོད་མཁན་ཞིག་ཡིན་ན་གསལ་བོ་མཁྱེན་གྱི་རེད།    དེ་བཞིན་སྐུ་གཤེགས་ཁོང་གཙོས་པའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དེ་ཚོས་ད་ལྟ་བར་དུ་ཞིབ་འཇུག་གི་ཁོར་ཡུག  ཞིབ་འཇུག་གི་ཆ་རྐྱེན།  ཞིབ་འཇུག་རང་གི་རིག་པས་ང་ཚོ་བོད་པར་ཕན་ཐོག་ཆེན་པོ་ཞིག་བྱུང་ཡོད་པ་རེད།  

  Tibet-sara hall-2017ང་ཚོའི་སྔོན་གྱི་བོད་པས་ཞིབ་འཇུག་བྱེད་སྟངས་དེ་ཆོས་ལུགས་སམ་སྲོལ་རྒྱུན་གྱི་དགག་བཞག་སྤོང་གསུམ་རང་གིས་འགྲོ་དགོས་པ་འདྲ་བོ་ཞིག་རེད།  ད་ལྟའི་ཞིབ་འཇུག་གི་འགྲོ་སྟངས་དེ་སྐད་ཡིག་ཡིན་པ་ཡིན་ན་ཧ་ཅང་ཁྱབ་ཁོངས་མང་པོ་ཞིག་རེད་ལ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཀྱང་དེ་འདྲ་རེད།  ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ལེགས་སྦྱར་སྐད་དང་ནུབ་ཕྱོགས་སྐད་ཡིག  དེ་བཞིན་ཤར་ཕྱོགས་སྐད་ཡིག་ཆེ་ཁག་ཆ་ཚང་ནང་ལོག་ཡོད་པ་རེད།    སྔོན་མ་ང་ཚོ་བོད་ཀྱི་ཞིབ་འཇུག་གི་རྒྱུ་ཆ་ཡིན་ན་སངས་རྒྱས་བཀའ་དང་ལུང་།  འཇམ་དཔལ་རྩ་བརྒྱུད་སོགས་ཀྱི་ལུང་དྲངས་རྒྱུ་དེ་རེད།    དེའི་བར་ནས་བོད་ཀྱི་དམངས་སྲོལ་དང་དམངས་ཀྱི་ངག་རྒྱུན་གྱི་གླུ་དང་སྒྲུང་སོགས་ལ་གཞི་བཅོལ་བ་ཞིག་རེད།  དེའི་བར་ཞིག་ནས་ང་ཚོ་ཏུན་ཧོང་ཡིག་ཆ་སོགས་གང་ལ་གང་འཚམས་ཀྱིས་རྒྱ་བསྐྱེད་ཕྱིན་ཡོད་པ་རེད།  ད་ལྟ་ཡིན་ན་ཁོང་ཚོའི་ཞིབ་འཇུག་གི་ཚད་གཞི་དེ་བོད་ཀྱི་གནའ་རབས་ཀྱི་ཧ་ལམ་རྡོ་ཆས་གསར་མ་དང་རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་གནའ་རྫས་ནས་བཟུང།  དེའི་རྒྱུ་ཆ། དེའི་རི་མོ།  དེའི་རྒྱུ་རྩལ། དེའི་ལག་རྩལ་ནས་བཟུང་ཧ་ལས་པའི་ཞིབ་འཇུག་གི་རྒྱུ་ཆ་སོགས་ཚད་གཞི་མཐོ་བོ་ཞིག་ལ་སྤར་ཟིན་པ་ཞིག་རེད།

Tibet-be light-2017ད་ལྟའི་རིག་ལམ་གྱི་ཆ་ནས་ཡིན་ན།  དཔེར་ན། ལོ་རྒྱུས་ལས་ས་རྒྱུས་རིག་པ།  མི་རིགས་རིག་པ།  སྤྱི་ཚོགས་རིག་པ།  རིགས་རྒྱུད་རིག་པ།  གནའ་རྫས་རིག་པ་ཆ་ཚང་འབྲེལ་བསྡད་པའི་ཞིབ་འཇུག་གི་རིག་པ་ཞིག་ལ་འགྲོ་བཞིན་པ་རེད།  སོང་ཙང་།  དེ་ཚང་མ་ང་ཚོས་ནམ་རྒྱུན་བཤད་བསྡད་པའི་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཞེས་བཤད་བསྡད་པའི་སྒང་ནས་བལྟས་ན། ཁོང་ཚོའི་བྱས་རྗེས་དང་གྲུབ་འབྲས་ཧ་ཅང་རྒྱ་ཆེན་པོ་ཞིག་རེད།  

ཞིབ་འཇུག་གི་ཁྱབ་ཁོངས་སྒང་ནས་བལྟས་པ་ཡིན་ན། བོད་རིག་པ་དེ་ཧ་ཅང་རྣམ་གྲངས་མང་པོ་ཞིག་རེད།  ལྷག་པར་དུ་འདས་པའི་གནས་ཚུལ་འདྲ་ཡིན་ན།  དེའི་འབྱུང་ཁུངས། ཡང་ན་དེའི་བརྒྱུད་རིམ།  ཡང་ན་དེའི་འཕེལ་རྒྱས་འདྲ་བོ།  ཡང་ན་ད་ལྟའི་གནས་བབ་འདྲ་བོ་།   ཡང་ན་འབྱུང་ངེས་པ་དང་འོང་ངེས་པའི་མ་འོངས་པ་ཆ་ཚང་ཞིག་དགོས་ངེས་རེད། དཔེར་ན། ལོ་སྔོན་མའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་སྒང་ནས་བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་བྱས་པ་ཡིན་ན།  བོད་ཀྱི་སྐད་བརྡ། བོད་ཀྱི་ཐ་སྙད།  འདིའི་སྒང་གི་བརྡ་སྤྲོད། དེ་བཞིན་སྐད་ཡིག་ཁོ་རང་གི་རིག་ལམ་ཧ་ལས་པའི་ཞིབ་ཚགས་པོ་རེད།  བོད་པ་ཞིག་ཡིན་ན་འདི་ནས་ཧ་ལས་པའི་སློབ་སྦྱོང་ཡག་པོ་རེག་ཡོད་པ་རེད།   

དེ་བཞིན་སྔོན་མ་ང་ཚོས་བོད་ཀྱི་སྐད་ཡིག་ལ་ཞིབ་འཇུག་འདྲ་བྱེད་ན། དབུས་དང་གཙང་། མདོ་སྟོད་སྨད། མངའ་རིས་སོགས་དེའི་བར་གྱི་སྐད་ཆ་ཞིག་རེད།   ད་ལྟའི་རྒྱལ་སྤྱིའི་བོད་རིག་པའི་ཉེ་ཆར་གྱི་ཚོགས་འདུའི་སྒང་ནས་བོད་སྐད་ཡིག་དེ་རྒྱལ་ཁབ་བདུན་གྱི་མ་སྐད་སྒང་ནས་ཞིབ་འཇུག་བྱེད་ཡུལ་ཞིག་རེད།   ཁ་ཤས་རིག་གཞུང་སྐད་ཡིག  ཁ་ཤས་ཆོས་ལུགས་སྐད་ཡིག  ཁ་ཤས་རང་གི་ཡུལ་སྲོལ་ཐོག་མ་ནས་བཟུང་མ་སྐད་ཆགས་བསྡད་ཡོད་པའི་ནང་ནས་རྒྱལ་ཁབ་བདུན་གྱི་མ་སྐད་ཡིན་པའི་སྐད་ཡིག་གི་ཁྱབ་ཁོངས་ཤིག་ནས་ཞིབ་འཇུག་བྱེད་བཞིན་ཡོད་རེད།  དེ་བཞིན་སྐད་ཡིག་གི་དཀར་ཆག་དང་སྐད་ཡིག་གི་ས་ཁྲ་ལ་སོགས་པ་བཟོས་བཞག་ཡོད་པ་རེད།   ཁོང་ཚོས་དེ་ལྟར་བལྟས་ཡོང་དུས་རྒྱལ་ཁབ་བདུན་གྱི་མ་སྐད་ཡིན་པའི་བོད་སྐད་ནི་ཨེ་ཤ་ཡའི་ནང་ནས་སྐད་ཡིག་ཆེ་ཤོས་ཤིག་ལ་ཆགས་ཡོད་པ་རེད།  སོང་ཙང་།  བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་དང་རྣམ་གྲངས་དེ་ཧ་ལས་པའི་རྒྱ་ཆེན་པོ་ཞིག་རེད།  འདས་པ་ནས་ད་ལྟ།  ད་ལྟ་ནས་འབྱུང་འགྱུར་ལ་ཁ་ཕྱོགས་བསྡད་ཡོད་པའི་དེ་འདྲའི་གནས་སྟངས་ཚད་གཞི་མཐོ་བོ་ཞིག་ལ་སྤར་ཡོད་ཙང་།  ཁོ་ཚོའི་བཀའ་དྲིན་ཧ་ལས་པའི་ཆེན་པོ་རེད་བསམས་བཞིན་ཡོད།  

དེ་བཞིན་ཞིབ་འཇུག་གི་ཁོར་ཡུག  ཞིབ་འཇུག་གི་མི་སྣ་ཡིན་ན་ཧ་ལས་པའི་རྒྱ་བསྐྱེད་ཆེན་པོ་བཏང་ཡོད་པ་རེད།  ཁོ་ཚོས་ཞིབ་འཇུག་གི་ཁོར་ཡུག་དེ་ཤར་ཕྱོགས་ནས་ནུབ་ཕྱོགས་སུ་སྤར་བ་དང་།  ནུབ་ཕྱོགས་ནས་ཀྱང་གཙུག་ལག་སློབ་གྲྭ་དང་ཞིབ་འཇུག་སྡེ་ཁག་ནང་དུ་སྤར་ཡོད་པ་རེད།    དེ་བས་ཀྱང་ཆེད་མཁས་མི་སྣ་མང་པོ་ཚོགས་འདུའི་སྒང་ལ་ཕེབས་ཐུབ་པ།  ཉེ་ཆར་ཚོགས་པའི་ཞིབ་འཇུག་ཚོགས་འདུའི་སྒང་དུ་རྩོམ་ཡིག་དངོས་སུ་འབྱོར་བསྡད་པ་བཞི་བརྒྱ་དགུ་བཅུ་གོ་དགུ་ཡོད་པ་རེད།    དེ་དག་བོད་པ་མ་ཡིན་པར་ནུབ་ཕྱོགས་པའི་འབུམ་རམས་པ་དང་ཡང་ན་འབུམ་རམས་པ་འདོན་བཞིན་པའི་མི་སྣ།   ཡང་ན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཁོ་ན་ཡིན་པ་རེད།  ཡིན་ཙང་།  དེ་ལྟར་བལྟས་འོང་ན་ཞིབ་འཇུག་གི་མི་སྣའི་ཁོར་ཡུག་ཧ་ལས་པའི་ཚད་གཞི་མཐོ་བོ་ཞིག་ཏུ་སླེབས་བསྡད་ཡོད་པ་རེད།

ང་ཚོར་བོད་པར་མཚོན་ན་རྒྱ་གར་ནང་ལོག་ལ་ད་ལྟ་ཡིན་ན་ཡང་འབུམ་རམས་པ་བཙུགས་ཐུབ་ཡོད་པ་མ་རེད།    ཁོ་ཚོའི་བོད་རིག་པ་དེ་དེ་འདྲའི་མཐོ་བོ་ཞིག་ཏུ་སླེབས་ཚར་རེད།  སོང་ཙང་།  ཁོ་ཚོའི་བྱས་རྗེས་དེ་ཆུང་ཆུང་མ་ཡིན་པ་དང་ཆེན་པོ་ཞིག་ཡིན་པ་ཚོར་དགོས་པ་དང་།  སྐུ་གཤེགས་ཁོང་བོད་རིག་པའི་མཁས་དབང་ཡིན་པ་དང་བོད་རིག་པ་དེ་བོད་ལ་ཇི་ཙམ་བཀའ་དྲིན་ཆེན་མིན།  བོད་རིག་པའི་གནས་ཚད་སྒང་ནས་ད་ལྟའི་བར་དུ་སླེབས་མིན་དེ་དག་ཤེས་པའི་ཐོག་ནས་སྐུ་གཤེགས་དམ་པ་ཁོང་བོད་དང་བོད་མི་ཡོངས་ལ་བཀའ་དྲིན་ཧ་ཅང་ཆེན་པོ་རེད།  དེ་བཞིན་བསྐྱར་དུ་དེ་རིང་འདིར་ཕེབས་པའི་བོད་རིག་པའི་ཚོགས་མི་རྣམ་པ་དང་རྒན་བཀྲ་ཤིས་ཚེ་རིང་། རྒན་ཐུབ་བསྟན་བསམའཕེལ།  དེ་བཞིན་སཱ་ར་མཐོ་སློབ་དང་འབྲེལ་ཡོད་རྣམས་ཀྱིས་འདི་ལྟར་མྱ་ངན་རྗེས་དྲན་གྱི་འདུ་འཛོམས་གོ་སྒྲིག་གནང་བར་སེམས་འགུལ་ཐེབས་པ་དང་ང་རང་་སྒེར་གྱིས་ངོས་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།  

མཐར་མདོ་འཛིན་པ་གཙང་ཕྲུག་སྟོགས་ལགས་ཀྱིས་སྐོང་ཚོགས་འདིའི་ལས་འཆར་རིམ་བཞིན་སྒྲོག་སྤེལ་དང་འབྲེལ་ཡོད་མཇུག་གཏམ་བྱས་ཤིང་། དེ་མིན་འདས་པོ་དམ་པ་ཁོང་ལ་ས་རཱ་མཐོ་སློབ་ཀྱི་སློབ་མ་གསུམ་གྱིས་སོ་སོ་རང་ཉིད་ཀྱིས་སྙན་ངག་ཆེད་བརྩམས་ཀྱིས་གྱེར་འདོན་གནང་རྗེས་དམ་པ་ཁོང་གི་སྐུ་པར་ཁ་བཏགས་སྒྲོན་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད་དང་བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།