ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

བོད་དོན་རྒྱབ་སྐྱོར་བ་ཞིག་ལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་ཆེད་སྐོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༠༦ཉིན་སྤེལ།     བོད་དོན་རྒྱབ་སྐྱོར་བ་དང་བོད་རིག་པའི་མཁས་དབང་སྐུ་ཞབས་ཧ་རེ་སཱི་པིར་ལིན་མཆོག་སྐུ་ཚེ་མ་ཟིན་པར་བཙན་བྱོལ་བོད་ཀྱི་གཞུང་མིན་ཚོགས་ཁག་ལྔ་མཉམ་འབྲེལ་གྱིས་མྱ་ངན་རྗེས་དྲན་ཆེད་སྐོང་བྱས་སོང་།

Tibet-suportTibetan-2017འདི་ཟླའི་ཕྱི་ཚེས་༥ཉིན་གྱི་ཕྱི་དྲོའི་ཚོུད་༤ཐོག ངྷ་ས་ནོར་བུ་གསོལ་མགྲོན་ཁང་དུ་བཙན་བྱོལ་བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་ཁག་ལྔ་མཉམ་འབྲེལ་གྱིས་བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་སྐུ་ཞབསProf Elliot Harri Sperling སྐུ་ཚེ་མ་ཟིན་པར་མྱ་ངན་རྗེས་དྲན་གྱི་འདུ་འཛོམས་ཤིག་བསྐུངས་སོང་། 

དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་སྟེ་ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དང་གཞོན་ནུ་ལྷན་ཚོགས།  དགུ་བཅུ་གསུམ་ཚོགས་པ་དང་བོད་སྨྱུག་ཚོགས་པ།  བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག ཚོགས་ཐོག་ཏུ་རྗེས་དྲན་གཏམ་བཤད་པ་ཚོགས་པ་སོ་སོའི་འགན་འཛིན་དང་འཐུས་ཚབ་ཏུ་ཕེབས་ཡོད་པ་རྣམས་ནི། ཨ་མྱེ་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་བསྟན་འཛིན་འཇིགས་མེད།  དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་སྒྲོན་དཀར་དང་བོད་སྨྱུག་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་བརྩོན་འགྲུས་དང་བོད་རང་དབང་སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་བསྟན་འཛིན་ཚེ་ལྷ། དེ་མིན་ངྷ་སའི་ཉེ་འཁོར་ན་ཡོད་པའི་བོད་ཀྱི་རྩོམ་པ་པོ་དང་བོད་དོན་ཆེད་དོ་སྣང་ཅན། སློབ་ཆེན་སློབ་མ་སོགས་མཉམ་ཞུགས་བྱ་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།
   
སྐབས་འདིའི་སྐོང་ཚོགས་ཀྱི་ཐོག་མར་མྱ་ངན་འདུ་འཛོམས་ཀྱི་མདོ་འཛིན་པ་རྩོམ་པ་པོ་བུ་ཆུང་བསོད་ནམས་ལགས་ཀྱིས་ཚོགས་འདུའི་སྐོར་ངོ་སྤྲོད་དང་སྦྲགས་ནས་སྐུ་གཤེགས་ཁོང་གི་བོད་དོན་དང་འབྲེལ་བའི་མཛད་རྗེས་ཁག་ཅིག་ངོ་སྤྲོད་གནངས་རྗེས་མྱ་ངན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་བྱས་རྗེས། རྩོམ་པ་པོ་ལྷ་བཟང་ཚེ་རིང་ལགས་ཀྱིས་སྐུ་གཤེགས་ཁོང་གི་སྐུ་པར་མདུན་དུ་མཆོད་མེ་ཞལ་ཕྱེ་དང་ཚོགས་བཅར་བ་ཡོངས་སྐུ་བཞེངས་ཐོག་སྐར་མ་གཅིག་གི་རིང་མྱ་ངན་ངག་བཅད་གནང་སོང་།

Tibet-haris Spreling-2017དེ་རྗེས་རྗེས་དྲན་གཏམ་བཤད་པ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་༡༩༧༤ལོར་ཀེ་ལ་ཤ་གསོལ་མགྲོན་ཁང་ནས་ཐོག་མར་སྐུ་ཞབས་ཁོང་དང་མཇལ་ཞིང་ཁོང་གི་སློབ་སྦྱོང་བརྒྱུད་རིམ་དང་།  བོད་ཀྱི་རིག་གཞུང་དང་རྒྱ་གར་རིག་གཞུང་སོགས་ལ་ཇི་ལྟར་སློབ་སྦྱོང་བྱས་མིན་ཐད་ངོ་སྤྲོད་མདོར་བསྡུས་ཤིག་དང་།  ལྷག་པར་དུ་སྐུ་ཞབས་ཁོང་ལ་ཨ་རིའི་ནང་གི་ཆེ་བསྟོད་གཟེངས་རྟགས་ཁག་ཅིག་ཐོབ་ཡོད་པ་སོགས་སྐུ་ཞབས་ཁོང་ནི་ཁ་ཞེ་གཉིས་མེད་ཀྱིས་བོད་ལ་ལྷག་བསམ་དཀར་བའི་ཤེས་ཡོན་པ་འཇོན་ཐང་ཅན་ཞིག་ཡིན་པས། ད་ཐེངས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བ་ཧ་ཅང་བློ་ཕམ་ཡིན་ཚུལ། དེ་མ་ཟད་ཁོང་ལ་འདི་ལྟར་རྗེས་དྲན་བྱེད་དོན་ཡང་བོད་ཀྱི་ལོ་རྒྱུས་ངོས་ནས་ཡོད་པའི་འགྲོ་ལུགས་ཤིག་ཡིན་ཞེས་གསུངས་སོང་།  

དེ་བཞིན་བསྟན་འཛིན་འཇིགས་མེད་ལགས་ཀྱིས་ཀྱང་༢༠༡༡ལོར་ཨ་རིའི་རྒྱལ་ས་ནེའུ་ཡོག་ནས་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་ནས་ཐོག་མར་སྐུ་ཞབས་ཁོང་དང་མཇལ་ཞིང་། ཁོང་ནི་གཏམ་བཤད་སྤེལ་སྐབས་གནས་ལུགས་དང་རྒྱུ་མཚན།  ལོ་རྒྱུས་སོགས་ལ་ཁུངས་ཞིབ་མོར་གཏུགས་ནས་སྐད་ཆ་བཤད་མཁན་ཞིག་རེད་ལ། ལོ་རྒྱུས་སོགས་ལ་སློབ་སྦྱོང་གཏིང་ཟབ་བྱས་ཡོད་པའི་མི་ཞིག་ཀྱང་རེད།  ད་དུང་ཁོང་གི་ཁྱད་ཆོས་གཞན་ཞིག་ནི་གནས་བབ་གང་དང་འཕྲད་ཀྱང་དྲང་བདེན་གྱི་ལམ་ལ་འགྲོ་ཐུབ་པའི་མི་རྣམ་དཔྱོད་ཅན་ཞིག་ཡིན་པའི་བག་ཆགས་བཞག་སོང་།  ཡིན་ཡང་ད་ལམ་ཁོང་གི་སྐུ་ཚེ་མ་ཟིན་པ་ནི་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་སོང་།  
 བོད་སྨྱུག་ཚོགས་ཀྱི་སྐུ་ཚབ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ང་རང་རྩོམ་པ་པོ་ཞིག་དང་བོད་པ་ཞིག་ཡིན་པའི་ངོས་ནས་གནས་ཚུལ་འདི་ནི་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་རེད།   ཁོང་ནི་ལོ་མང་རིང་བོད་ཀྱི་རིག་གཞུང་དང་ཆབ་སྲིད་གཉིས་ཐད་ལ་ནུས་པ་འདོན་མཁན་དང་གྲུབ་འབྲས་ཀྱང་ཆེན་པོ་བླངས་ཡོད་པའི་མི་ཞིག་རེད།   དེ་བས་ཁོང་ནི་ང་ལ་མཚོན་ན་ལོ་ཚོད་དང་ཤེས་ཡོན་གྱི་ངོས་སོགས་ནས་ཁོང་ནི་ང་ཡི་དགེ་རྒན་དང་ང་ཡི་མཁས་དབང་ཞིག་ཡིན་ཞེས་གསུངས་སོང་།  

རྣམ་རྒྱལ་སྒྲོན་དཀར་ལགས་ཀྱིས་ང་རང་སྐུ་ཞབས་ཁོང་ལ་དངོས་སུ་འཕྲད་མྱོང་མེད་ཀྱང་ཁོང་ནི་དངོས་གནས་རིང་བོད་དོན་གྱི་ཆེད་དུ་གོང་དུ་གསུངས་པ་བཞིན་ལོ་མང་རིང་ལངས་ཕྱོགས་འགྱུར་མེད་ཀྱིས་ཧ་ཅང་སྐུ་ལུས་བསྐྱོན་མཁན་གྱི་མི་སྣ་རླབས་ཆེན་ཞིག་རེད་ལ་ཕྱི་ནང་ཤེས་ཡོན་འཛོམས་པའི་མི་གཞུང་དྲང་ཞིག་ཀྱང་རེད།  དེ་བཞིན་དེ་རིང་འདི་ནས་ཁོང་གི་གསུང་དུམ་ཞིག་སྒྲོག་སྦྱང་ཞུ་ཆོག་པ་གྱིས་ཞེས་སྐུ་གཤེགས་ཁོང་གིས་གསུངས་པའི་གསུང་དུམ་ཞིག་དབྱིན་ཡིག་ནང་སྒྲོག་སྦྱང་བྱས་སོང་།  

Tibet-Offer Khatak-2017དེའི་འཕྲོར་ཚེ་བསྟན་ཚེ་ལྷ་ལགས་ཀྱིས་དབྱིན་ཡིག་ནང་སྐུ་གཤེགས་ཁོང་ནི་བོད་དོན་དང་འགྲོ་བ་ཐོབ་ཐང་སོགས་གཙིགས་སུ་འཛིན་པའི་མི་ཞིག་རེད།  མ་ཟད་ཁོང་འདི་ལྟར་གློ་བུར་དུ་སྟབས་མ་ལེགས་པ་ནི་བོད་དང་ང་ཡི་གྱོད་གུད་ཆེན་པོ་ཞིག་རེད་ཅེས་གཏམ་བཤད་སྤེལ་སོང་།   དེ་རྗེས་ཚོགས་ཞུགས་མི་མང་ལ་རྗེས་དྲན་གྱི་གཏམ་བཤད་རྒྱུའི་གོ་སྐབས་གནང་བཞིན་ཀླུ་མཁར་བྱམས་དང་ལྷ་བཟང་ཚེ་རིང་སོགས་ཀྱིས་སྐུ་གཤེགས་ཁོང་གི་སྐོར་ནས་རྗེས་དྲན་གཏམ་བཤད་སྤེལ་རྗེས། རིམ་བཞིན་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྐུ་གཤེགས་ཁོང་གི་སྐུ་པར་མདུན་དུ་ཁ་བཏགས་རེ་རེ་ཕུལ་ཞོར་མྱ་ངན་ཚོགས་འདུ་མཇུག་གྲུབ་བྱུང་སོང་བ་བཅས།།

གསར་འགོད་པ།  བསྟན་འཛིན་ཆོས་གྲགས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།