ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

དུས་དབང་ཐེངས་༣༤པ་བཀྲ་ཤིས་བདེ་ལེགས་པའི་ངང་མཇུག་གྲུབ་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༣ཉིན་སྤེལ།  རྒྱ་གར་རྡོ་རྗེ་གདན་ནས་དུས་དབང་ཐེངས་༥པ་དང་ཁྱོན་དུས་དབང་ཐེངས་༣༤པ་ནི་བཀྲ་ཤིས་བདེ་ལེགས་ངང་མཇུག་གྲུབ་ལེགས་པར་བྱུང་སོང་།

རྡོར་གདན། འདི་ལོའི་ཕྱི་ཚེས་༠༢ནས་ད་རེས་ཕྱི་ཚེས་༡༤བར་དུ།  བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་༧སྐུ་ཕྲེང་བཅུ་བཞི་བ་མཆོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དུས་འཁོར་དབང་ཆེན་ཐེངས་༣༤པ་གནས་མཆོག་རྡོ་རྗེ་གདན་དུ་གསུང་བར་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་དུ་༧རྒྱལ་བའི་དབང་བོ་མཆོག་གིས་བཀའ་བཞེས་བཟང་པོ་ཐོབ་པ་ལྟར་དུ།   གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོའི་བྱང་ཕྱོགས་སུ་ཐེངས་འདིའི་དུས་དབང་གི་ཆོས་ར་རྒྱབ་ཡོད་པ་དང་།  རང་རིགས་ཀྱི་མགོ་བླ་མ་དང་བར་དཔོན་པོ། བར་སེར་སྐྱ་མི་མང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་མཁན་གྱི་མི་རིགས་འདྲ་མིན་བཅས་དད་ལྡན་ཆོས་ཞུ་བའི་གྲངས་འབོར་ནི་འབུམ་༢ཙམ་ཡོད་འདུག

གཞན་ཡང་མི་མང་གི་འདུ་འཛི་རབ་ཏུ་རྒོལ་ཞིང་ས་རྡུལ་གྱི་སྨུག་པ་ཡོངས་སུ་འཐིབས་ལ། དུས་དབང་གི་ཆོས་རའི་གཡས་གཡོན་མདུན་རྒྱབ་ནི་བོད་ཀྱི་རིག་གཞུང་དང་འབྲེལ་བ། བོད་ཀྱི་རྩ་དོན་དང་འབྲེལ་བ། ཚོང་ལས་འབྲེལ་བའི་ལས་ལ་བྲེལ་ཞིང་།  མཆོད་རྟེན་ཆེན་མོའི་སྒོ་ཆེན་གྱི་མདུན་དུ་བོད་ཀྱི་གཞོན་ནུ་ལྡན་ཚོགས་ཀྱིས་རྒྱང་སྒྲགས་ཁང་བཙུགས་པའི་སྒྲ་ཡིས་རྒྱང་གྲགས་གཅིག་གཉིས་ཤིག་ཁྱབ་འདུག  དད་ལྡན་ཆོས་ཞུ་བའི་སྡོད་ས་ཆེ་ཤོས་ནི་མ་གྷ་ངྷ་མཐོ་སློབ་མཁྲིས་ཀྱི་སྡོད་གུར་ཡིན་པ་དང་། དེར་མི་ཆིག་ཁྲི་ལྷག་གི་འཆར་གཞི་བཀོད་ཅིང་ད་སྔ་བརྒྱ་ཆའི་༨༠ཁེངས་པར་གསུང་། གཞན་ནི་ཆུ་ནེ་རན་ཛའི་མཁྲིས་བཙན་བྱོལ་གྱི་སྣེ་ལེན་ཁང་གི་གོ་སྒྲོག་འོག་སྡོད་གུར་རྒྱབ་ཅིང་། མི་དྲུག་སྟོང་ལྷག་གི་འཆར་གཞི་ཡིན་མ་འདྲ་ལེ། གང་ལྟར་སྣེ་ལེན་ཁང་གི་འགན་འཛིན་གྱིས་བོད་ནས་ཕེབས་པའི་མི་མང་གི་བདེ་འཇགས་ཆེད་དུ་བཅར་འདྲི་དང་ལེན་བྱས་མ་སོང་། གསུམ་པ་ནི་རྒྱལ་དབང་ཀརྨ་པ་པའི་དགོན་པ་ནང་དང་དེའི་མཁྲིས་སུ་སྡོད་གུར་རྒྱབ་ཡོད་ལ། དེ་རུ་མ་ཁྲི་ལྷག་གིས་འཆར་གཞི་ཡིན་པ་འདྲ། གཞན་ཡང་རྙིང་མ་བའི་དགོན་པར་སེ་འབྲས་དགའ་གསུམ་གྱི་གྲྭ་བ་རྣམས་བཞུགས་ཤིང་། དེ་མིན་འབྱོར་ལྡན་དང་ཚོགས་པ་ཁག་གི་མི་ཡིས་མཆོད་རྟེན་ཆེན་པོ་དང་ཆོས་རར་བར་ཐག་ཤིན་ཏུ་ཉེ་བའི་མགྲོན་ཁང་གཙོས་ཁང་བ་སོགས་གླས་ཡོད་པ་བཅས་ད་ལོར་དད་ལྡན་ཆོས་ཞུ་བ་འབུམ་༢ཙམ་ཡོད་པར་འདུག

དེ་ཡང་ཕྱི་ཚེས་༡༡ཉིན་གྱི་ཕྱེ་ཡོལ་ལ། ༧གོང་ས་རྒྱལ་བའི་དབང་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་དང་། རང་རིགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སེར་སྐྱ་ཆོས་ཞུ་བ་འབུམ་༢་བརྒལ་བ་འདུ་འཛོམས་ཐོག རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་བྱང་ཕྱོགས་སུ་དུས་འཁོར་དབང་ཆེན་ཐེངས་ ༣༤ བཀའ་དབང་དངོས་གཞི་དབུ་འཛུགས་དང་ཕྱི་ཚེས་༡༣ཉིན་གྱི་ཕྱེ་ཡོལ་ལ་དུས་དབང་གི་མཇུག་ལེགས་པར་གྲུབ་ཅིང་། ཕྱི་ཚེས་༡༤ཉིན་གྱི་སྔ་དྲོའི་ཚོུད་༧པའི་ཐོག  སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བསྩལ་རྗེས། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་གྲུབ་པ་དང་སྦྲགས། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་རྩིས་ཁྲ་སྙན་སྒྲོན་ཞུས་སོང་། དེ་མིན་རྡོར་གདན་བྷེ་ཧ་རིས་ཀྱི་མངའ་སྡེ་དཔོན་པོ་ཕེབས་ཏེ་མཛད་སྒོ་སྟབས་བདེ་ཞིག་གིས་ད་ལོའི་ཟླ་འདིའི་ཉིན་༡༣རིང་གི་དུས་དབང་གི་མཛད་རིམ་ཡོངས་བཀྲ་ཤིས་པའི་བདེ་ལེགས་ངང་མཇུག་གྲུབ་སོང་བ་དང་།
མཐར་ཕྱི་ཚེས་ ༡༢ ཉིན་གྲྭ་བཙུན་རྣམ་པ་དང་། ཕྱི་ཚེས་ ༡༣ ཉིན་ཧི་མཱ་ལ་ཡའི་མི་རིགས། དེ་བཞིན་ཕྱི་ཚེས་ ༡༤ ནས་ ༡༦ བར་མི་མང་ཡོངས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཞུར་གཏང་དང་གཏོང་བཞིན་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱི་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།