དགོངས་ཚུལ།

དབུ་མའི་ལམ་གྱི་དགོས་པ་དམིགས་ཡུལ་གསལ་བོ་ཤེས་དགོས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༣ཉིན་སྤེལ། ༧རྒྱལ་བ་རིན་པོ་ཆེའི་རླབས་ཆེ་བའི་དགོངས་གཞི་ནི་ཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོག་ཆེན་པོ་ཡིན་པ་གསལ་བོ་ཤེས་དགོས།  ཅེས་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཤིག་གིས་གསུངས་སོང་།

Tibet-midle way-2017རྡོར་གདན། དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་མི་༡༥ཡོད་པའི་ནང་གི་ཚེ་རིང་ཚེ་བརྟན་ལགས་སུ་འདི་ག་གསར་འགོད་པ་ཆེད་བཅར་གྱིས་དུས་དབང་སྐབས་དང་བསྟུན་སྟེ།  ཚོགས་པའི་ངོས་ནས་ལས་འགུལ་མ་འདྲ་བ་ག་རེ་སྤེལ་གྱི་མེད་སྐོར་ལ་བཅར་འདྲི་ཞུས་དོན།

རྒྱུན་ལས་ཚེ་རིང་ཚེ་བརྟན་ལགས་ཀྱིས་དུས་དབང་སྐབས་དང་བསྟུན་ཏེ་ལས་འགུལ་ག་རེ་སྤེལ་གྱི་ཡོད་མེད་སྐོར་ནས་བརྗོད་དོན། ན་ནིང་ཕྱི་ལོ་༢༠༡༦ལོ་ནས་རྒྱ་ཆེའི་མང་ཚོགས་སུ་མཚན་རྟགས་བསྡུ་རུབ་གྱི་འཆར་གཞི་ཡོད་པ་ལྟར་དུ། མཚན་རྟགས་བསྡུ་རུབ་གྱིས་ཕྱོགས་གཅིག་ནས་མང་ཚོགས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་མཚོན་བྱེད་ཁུངས་བསྐྱེད་བྱེད་པ་དང་། གཉིས་ནས་མཚན་རྟགས་འདི་ཡིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བོ་སྟོན་པ། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་མཉམ་དུ་བོད་རྒྱ་འབྲེལ་མོད་མྱུར་དུ་ཡོང་ཆེད་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་སོགས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ལྡི་ལིར་རྟེན་གཞི་བྱས་པའི་གཞུང་ཚབ་ཁག་ལ་ངོ་བཤུས་ཡིག་ཆ་ཕུལ་ཐུབ་པའི་འཆར་གཞི་སྔོན་མ་ནས་ཡོད་མོད། ན་ནིང་དུས་འཁོར་དབང་ཆེན་ཚོགས་མ་ཐུབ་པ་ཡིན་ཙང་། ད་ལོའི་དུས་དབང་སྐབས་སུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད། ཅེས་དང་།

གཞན་ཡང་ཁོང་གིས་མུ་མཐུད་དུ་མཚན་རྟགས་བསྡུ་རུབ་སྐོར་ནས་བརྗོད་དོན།  མཚན་རྟགས་བསྡུ་རུབ་བྱས་ཏེ་ལོ་གཅིག་ལྷག་འགྲོ་ཡི་ཡོད་པ་དང་གཞིས་ཆགས་ཁག་ནས་བསྡུ་རུབ་བྱས་ཀྱང་། མང་པོ་ཞིག་བསྡུ་རུབ་བྱུང་མེད་པས་ན་ད་ལོའི་དུས་དབང་གི་སྐབས་དང་བསྟུན་ནས་གང་ཐུབ་པ་ཞིག་བསྡུ་རུབ་བྱས་ཏེ། འདི་ལོའི་ཕྱི་ཟླ་༣པའི་སུམ་ཅུའི་དུས་དྲན་དང་སྟབས་བསྟུན་ང་ཚོས་ཡར་ཕུལ་ཐུབ་བྱེད་ཀྱི་ཡིན། ཞེས་དང་།

དེ་མིན་ཁོང་གིས་ཡར་ཕུལ་བའི་ཡིག་ཆར་དོན་ཚན་ག་ཚོད་ཡོད་པའི་སྐོར་ནས་བརྗོད་དོན། ང་ཚོས་མ་འོངས་ཕུལ་དགོས་པའི་ཡིག་ཆའི་ནང་དུ་དོན་ཚན་ལྔ་ཡོད་པ་དང་།  དེ་ད་སྔ་རག་ཟིན་ཙམ་ཡིན་ལ། མ་འོངས་ཕུལ་གྲུབ་ཡོད་སྐབས་སུ་དོན་ཚན་ལྔ་ལ་འགྱུར་བ་མེད་མོད། ནང་དུ་དོན་དག་ཁ་སྣོན་དགོས་མིན་གྱི་བསམ་བློ་གཏོང་བ་ཡིན། ཞེས་དང་།

དེ་བཞིན་ཁོང་གིས་ད་སྔ་མཚན་རྟགས་ག་ཚོད་ཅིག་ལག་སོན་བྱུང་ཡོད་པ་དང་། བཙན་བྱོལ་མི་མང་གི་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་ག་ཚོད་ཅིག་བྱུང་ཡོད་པའི་སྐོར་ནས་བརྗོད་དོན། ད་སྔ་མཚན་རྟགས་ཉིས་སྟོང་ལྷག་ཅིག་ལག་སོན་བྱུང་བ་དང་། མི་མང་གིས་དབུ་མའི་ལམ་གྱི་སྐྱབ་སྐྱོར་ཚད་མཐོ་བོ་ཡིན་པ་ནི་འདས་པའི་བྱུང་རིམ་ཐོག་གསལ་བོ་ཡིན་པ་འབྲེལ། ཕྱི་ལོ་༡༩༧ཟླ་༠༩ཚེས་༡༨ཉིན། སྤྱི་འཐུས་གྲོས་ཚོགས་སུ་སྤྱི་མོས་ཀྱིས་དབུ་མའི་ལམ་ལ་གྲོས་ཆོད་གཏན་འབེབས་བྱུང་བ། ཕྱི་ལོ་༢༠༠༨ལོའི་བོད་ནང་གི་ཛ་དྲག་གནས་ཚུལ་བྱུང་བའི་སྐབས་སུ་ང་ཚོས་དམིགས་གསལ་གྱི་ཚོགས་ཆེན་འཚོགས་སྟེ། ༧རྒྱལ་བ་རིན་པོ་ཆེིའི་ལམ་སྟོན་ལ་ཤར་བསྐྱོད་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བརྒྱ་ཆ་ཚད་མཐོར་སོང་བ། ང་ཚོའི་ངོས་ནས་བརྒྱ་ཆའི་གྲངས་འབོར་གཅིག་གཅིག་གཉིས་གཉིས་བྱས་ཏེ་ལབ་དཀའ་ཡང་། སྤྱིར་བཏང་བརྒྱ་ཆའི་ཚད་མཐོ་བོ་རེད། ཡིན་ནའང་། མི་མང་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་བརྒྱ་ཆ་ཚད་མཐོ་བོ་ཡིན་པ་ནི། མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་ཡི་ལམ་སྟོན་ཡིན་པར་ཡིད་ཆེས་བྱེད་མཁན་ཁག་གཅིག་དང་། མང་པོ་ཞིག་གིས་གནས་ཚུལ་ཆ་ཚང་ཞིག་རྒྱུ་མཚན་ཤེས་པའི་ཐོག་ནས་ཡོད་པ། ཁ་ཤས་ཤིག་གིས་རྒྱུ་མཚན་གསལ་བོ་ཤེས་དང་མ་ཤེས་པ་བཅས་ཡོད་པ་དང་། སྤྱི་བཏང་མང་ཚོགས་ནང་དུ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ། ལྷག་པར་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཁག་དང་རྒྱ་རིགས་སོགས་སུ་དབུ་མའི་ལམ་གྱི་དགོས་པ་དམིགས་ཡུལ་གསལ་བོ་བཟོ་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་ལ། དབུ་མའི་ལམ་གྱི་རྒྱུ་མཚན་གསལ་བོ་ཤེས་པའི་ཐོག་རྒྱབ་སྐྱོར་གནང་ཐུབ་པར་འབད་བརྩོན་ཞུ་བཞིན་ཡོད་པའིི་ལས་འགུལ་འདི་ནི་འགྲོ་བཞིན་པ་ཡིན། ཞེས་དང་།

ད་དུང་ཁོང་གིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་སྐབས་སུ་དཀའ་ངལ་ག་རེ་ཕྲད་ཀྱི་ཡོད་མེད་སྐོར་ནས་བརྗོད་དོན། དཀའ་ཆེན་པོ་བྱུང་གི་མེད། ཅུང་ཙམ་རེ་བྱུང་གི་འདུག རྒྱུ་མཚན་ནི་ང་ཚོའི་བོད་ནི་འདས་པའི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཞིག་ཡིན་པ་དང་། ད་སྔ་ཡིན་ནའང་ཚང་མར་བོད་རང་བཙན་དགོས་པའི་འདོད་པ་དང་སེམས་ཚོར་ཤུགས་ཆེན་པོ་ཡོད་པ་རེད། གྲུབ་བྱེད་ཀྱི་ཐབས་ལམ་དེ་གྲུབ་དང་མ་འགྲུབ་པའི་གཏིང་ཟབ་བསམ་བློ་ཞིག་སླེབས་མ་ཐུབ་པ་ཡིན་ཙང་། སྐབས་རེར་དབུ་མའི་ལམ་གྱི་འགྲེལ་བཤད་བྱེད་དུས་བགྲོ་གླེང་ལྷུག་པོ་བྱེད་དགོས་པའི་གནས་ཚུལ་ཡོང་གི་འདུག ང་ཚོས་ཕྲལ་ཕུགས་རྒྱང་གསུམ་ལ་བསམ་བློ་གཏོང་པ་དང་འཛམ་གླིང་གི་རྒྱབ་སྐྱོར་ལ་ལྟ་དགོས། ང་ཚོས་འདས་པའི་ལོ་རྒྱུས་གཅིག་པུ་ཤེས་ནས་ཕན་ཐོག་གི་མེད་པ་དང་། དེ་བས་ང་ཚོས་༧རྒྱལ་བ་རིན་པོ་ཆེའི་རླབས་ཆེ་བའི་དགོངས་གཞི་ནི་ཕྲལ་ཕུགས་རྒྱང་གསུམ་ལ་ཕན་ཐོག་ཆེན་པོ་ཡིན་པ་གསལ་བོ་ཤེས་དགོས།  བསམ་ཚུལ་ཅུང་ཙམ་རེ་སླེབས་ཀྱི་འདུག་ལ། བསམ་ཚུལ་དེ་འདྲ་དགོས་པ་ཞིག་ཀྱང་ཡིན་པས་ན། ཁྱད་པར་ཅི་ཡང་མི་འདུག ཅེས་དབུ་མའི་ལམ་ལས་འགུལ་ཁང་གི་རྒྱུན་ལས་ཚེ་རིང་ཚེ་བརྟན་ལགས་ཀྱིས་བཅར་ལན་རྒྱབ་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།