༧གོང་ས་མཆོག་གི་སྐུ་ཕྱྭར་བུད་མེད་༡༠༠ལྷག་གིས་སྐུ་སྲུང་བྱེད་བཞིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༡ཉིན་སྤེལ། ༧གོང་ས་མཆོག་གི་སྐུ་ཕྱྭར་བུད་མེད་༡༠༠ལྷག་གིས་སྐུ་སྲུང་བྱེད་བཞིན་ཡོད་ཅེས་བུད་མེད་ལྷ་ཚོགས་ཀྱི་ཚོགས་གཙོས་འདི་ག་གསར་འགོད་པའི་དྲི་བར་ལན་གདབ་སོང་།

Tibet-TWA 2017རྡོར་གནད། རྒྱ་གར་རྡོ་རྗེ་གདན་གྱི་དུས་དབང་ཐེངས་༣༤བའི་སྐབས་དང་འབྲེལ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་འགུལ་ག་རེ་སྤེལ་གྱི་ཡོད་མེད་སྐོར་ལ་འདི་ག་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་ཁང་གི་གསར་འགོད་པ་ཆེད་དུ་ཡུལ་དངོས་སུ་བསྐྱོད་དེ་བུད་མེད་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་སུ་བཅར་འདྲི་ཞུས་པ། ཁོ་མོས་བརྗོད་དོན། དུས་དབང་སྐབས་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འགུལ་གལ་ཆེ་ཤོས་ནི། ༧གོང་ས་མཆོག་གི་སྐུ་ཕྱཱའི་ཆེད་བོད་ཀྱི་བུད་མེད་༡༠༠ཡིས་ཕྱག་ལས་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་གང་སར་ཕེབས་པའི་མི་མང་རྣམས་ཀྱིས་ཞལ་ལག་གང་བྱུང་མང་བྱུང་ཟས་ན་སྙུང་བའི་ཉེན་ཁ་འདུག་པས་ན། ང་ཚོས་དམིགས་གསལ་ཐབ་ཚང་ཞིག་གོ་སྒྲིག་བྱས་ཏེ་བོད་ཀྱི་བུད་མེད་༢༠ལྷག་ཅིག་གིས་ཞོགས་པར་བོད་ཇ་དང་ཉིན་གུང་ཞལ་ལག་སྣ་ཁ་གཉིས་ཤིག་བཟོས་ཤིང་། མི་མང་ཆོས་ཞུ་བ་ཡོད་སར་ཞལ་ལག་གོང་ཚད་ཆུང་རུ་བཏང་ནས་བཀྲམས་ཀྱི་ཡོད་ལ། དེ་ཡིས་མི་མང་ལ་ཕན་ཐོག་མི་ཡོང་ངམ་བསམ་གྱི་ཡོད། ང་ཚོ་བུད་མེད་ལྷན་ཚོགས་ཀྱིས་ཚོགས་པ་ངོ་སྤྲོད་དང་བོད་དོན་དང་འབྲེལ་བའི་དེབ་མང་པོ་ཞིག་པར་བསྐྲུན་བྱས་པ་དང་། དེའི་ནང་དུ་དབྱིན་ཇིའི་ཐོག་ཡོད་པ་རྣམས་ཚུར་བོད་ཡིག་ལ་བསྒྱུར་སྟེ་པར་བསྐྲུན་བྱས་པ་སོགས་ཁ་སྣ་འདྲ་མིན་མང་པོ་ཞིག་མི་མང་ལ་རིན་མེད་ཀྱིས་བཀྲམ་སྟེ། བོད་ནས་ཕེབས་མཁན་ཕེབས་མཁན་རྣམས་སུ་བོད་དོན་ཁྱབ་བསྒྲགས་དང་བོད་ཀྱི་གནད་དོན་ཤེས་ཆེད་དུ་ཡིན། ཞེས་དང་།

གཞན་ཡང་ཚོགས་གཙོ་ལགས་ཀྱིས་མུ་མཐུད་དུ་བརྗོད་དོན། ང་ཚོས་ལས་འགུལ་མང་པོ་ཞིག་སྤེལ་ཡོང་དུས་ཚོགས་པར་འགྲོ་སོང་འགྲོ་བ་དང་། དེར་བརྟེན་ཡོང་སྒོ་ཕྲད་སེལ་ཙམ་དགོས་ཀྱི་ཡོད་དུས། ང་ཚོ་རྒྱ་གར་གོན་པའི་བཟོ་གྲྭར་སོང་ནས་ང་ཚོས་གོན་པའི་རྣམ་པ་ཇུས་འགོད་བྱས་ཤིང་། རྒྱུ་སྤུས་བཟང་བའི་སྟོད་ལྭ་མང་པོ་ཞིག་བཟོས་ཏེ་གོང་ཚད་རན་པའི་སྒང་ནས་ཚོང་འགྲེམས་བྱེད་ཀྱི་ཡོད་པ་བཅས་ནི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་བའི་ལས་འགུལ་གཙོ་བོ་དག་ཡིན།  ཞེས་དང་།

དེ་མིན་ཁོ་མོས་དུས་དབང་ཀྱི་སྐབས་དང་བསྟུན་ནས་ཚོགས་པའི་ངོས་ནས་བོད་དོན་དང་འབྲེལ་བའི་ལས་འགུལ་ག་རེ་སྤེལ་གྱི་ཡོད་མེད་སྐོར་ནས་བརྗོད་དོན། ད་སྔ་ང་ཚོས་དམིགས་གསལ་གྱིས་ཕྱི་ལོག་ཏུ་བོད་དོན་དང་འབྲེལ་བའི་ལས་འགུལ་ཁྱབ་སྤེལ་བྱེད་ཀྱི་མེད་མོད། ང་ཚོས་བླ་རུང་སྒར་གྱི་སྐོར་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་བཟོ་བཞིན་ཡོད་ལ། དེ་ནི་མ་འོངས་པར་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་མིའི་སྐུ་ཚབ་སོགས་སུ་ཕུལ་བའི་འབད་བརྩོན་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབུ་འཁྲིད་དེ་བླ་རུང་སྒར་གཏོར་བཤིགས་གཏོང་བཞིན་པ་བཀག་འོག་བྱེད་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་དང་།

དེ་བཞིན་སྐབས་འདིའི་ལས་འགུལ་སྐོར་ནས་དཀའ་ཆེ་ཤོས་ག་རེ་ཕྲད་ཀྱི་ཡོད་མེད་སྐོར་ནས་བརྗོད་དོན། བོད་ཀྱི་བུད་དང་བླངས་ཞབས་ཞུ་བ་རྣམས་རྒྱ་གར་གྱི་ས་གནས་ཁག་མང་པོ་ཞིག་ནས་སླེབས་ཡོད་པ་དང་། ལམ་སང་རྒྱ་གར་གཞུང་གི་དངུལ་ལ་འགྱུར་བ་ཞིག་ཐེབས་ཏེ་ང་རང་ཚོའི་ཚོགས་པའི་ངོས་ནས་འགྲོ་སོང་ལ་དངུལ་བཏོན་པར་དཀའ་ངལ་ཆེན་པོ་ཞིག་ཕྲད་པ་དང་། གནམ་གཤིས་ཀྱི་འགྱུར་བའི་དབང་གིས་གནམ་གྲུ་དང་མེ་འཁོར་གྱི་དུས་ཚོཅདལ་འགྱུར་བ་བཏང་ནས་ཡོང་དགོས་འཁེལ་བས། བདེ་སྲུང་ལ་ལས་ཀ་བྱེད་མཁན་རྣམས་ཏག་ཏག་ཅིག་མ་འབྱོར་བ་སོགས་ཀྱི་དཀའ་ངལ་གང་འཚམས་བྱུང་སོང་མོད། ད་རེས་ཕྱི་ཚེས་༣༡ལ་ལས་འཆར་ཏག་ཏག་ཅིག་བྱུང་སོང་། ཞེས་དང་།

གསར་འགོད་པས་ད་ལོའི་དུས་དབང་སྐབས་སུ་མི་ག་ཚོད་ཅིག་ལ་ཚོད་དཔག་བྱེད་ཀྱི་ཡོད་མེད་སྐོར་ལ་བཅར་འདྲི་ཞུས་པའི་ལན་དུ། ད་རེས་ཀྱི་དུས་དབང་འདིར་ང་ཚོའི་ངོས་ནས་འབུམ་གཉིས་དང་ཕྱེད་ཀ་ནས་གསུམ་བར་སླེབས་ཀྱི་རེད་བསམ་སོང་མོད་ང་ཚོའི་བསམ་པ་ཞིག་སླེབས་ཐུབ་མི་འདུག་ལ། དེའི་རྒྱུ་མཚན་ནི་རྒྱ་མིས་བོད་ནང་གི་ཆོས་ཞུ་བ་མང་པོ་ཞིག་བཀག་འགོག་དང་ཕྱིར་བསྡུ་བྱས་པ་མ་ཟད། རྒྱ་མི་རིགས་ཡོང་མཁན་རྣམས་ཀྱང་བཀག་འགོག་བྱས་རྐྱེན་རེད་བསམ། དེ་མིན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་ཡོང་གི་ཡོད་པ་དེར་རྒྱ་གར་དངུལ་ལོ་གསར་བརྗེ་སྐབས་དང་བསྟུན་དེ། ཁོང་རང་ཚོ་ལ་ཡང་དཀའ་ངལ་དེ་འཕྲད་ཀྱིས་ཕྱིར་འཐེན་བྱས་པ་མིན་འགྲོ་བསམ་བསམ་ཞིག་རེད། བྱས་ཙང་། ད་ལོའི་དུས་དབང་ཐེངས་༣༤བའི་སྐབས་ཀྱི་ཆོས་ཞུ་བའི་མི་འབོར་ནི་ཕྱི་ལོ་༢༠༡༢ལོའི་ཆོས་ཞུ་བའི་མི་འབོར་ལས་ཉུང་བ་ཡོད་པ་ཞིག་ཏུ་བསམ། ཅེས་ཁོ་མོས་གསར་འགོད་པར་དྲིས་ལན་སྒྲོན་སོང་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།