དགོངས་ཚུལ།

རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ་འཚོགས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༡༡ཉིན་སྤེལ། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བགྲོ་གླེང་ཞིག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་རྡོར་གདན་དུ་སྐོང་ཚོགས་གནང་སོང་།

Tibet-debate-2017རྡོར་གདན། ཁ་སང་དགོང་དྲོའི་ཚོུད་ལྔ་བའི་ཐོག རྒྱ་གར་རྡོར་ལྡན་གྱི་དུས་དབང་དང་སྟབས་བསྟུན་གྱིས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་བགྲོ་གླེང་ཞིག་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་གོ་སྒྲིག་གནང་སྟེ༼རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ།༽ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་ཁབ་བཞིའི་དབྱངས་གསལ་སོ་བཞི་དང་འབྲེལ་བའི་མི་སྣ་གདན་འདྲེན་གྱིས་བགྲོ་གླེང་ཞིག་སྐོང་སོང་།

གཞན་ཡང་བགྲོ་གླེང་དབུ་འཛུགས་ཀྱི་ཐོག་མར་ཤེ་རབ་ཆོས་འཕེལ་གྱིས་བགྲོ་གླེང་མདོ་འཛིན་དང་། བགྲོ་གླེང་གི་སློབ་སྟོན་གནང་མཁན་གཉན་ཐར་གྱིས་འདི་འདྲིའི་བགྲོ་གླེང་ཞིག་བྱེད་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་བརྗོད་དོན། རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོ་འདིར་མཚོན་ན། བལ་ཡུལ་དང་འབྲུག རྒྱ་གར་གྱི་ལ་དྭགས་དང་མོན། བོད་པ་བཅས་ཏེ། དེང་སང་གི་སྟངས་ལྟར་ན། འཛིན་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་མ་འདྲ་བ་བཞི་ཡི་མི་སྣ་ཡིས་གཏམ་བཤད་བྱེད་ཀྱི་ཡོད་པ་དང་། འདི་ཚང་མས་དབྱངས་གསལ་སོ་བཞིའི་སྦྱོར་བ་ལ་བསྟེན་ནས་ཕན་ཚུན་ལ་གོ་བརྡ་སྤྲོད་པ། བསམ་བློ་གཏོང་བ། མི་ཚེ་ཡི་འཚོ་བ་བསྐྱེད་སྟངས་ཆ་ཚང་ཕ་མེས་ཡང་མེས་ནས་ཡོད་པ་ཞིག་དང་། རྒྱལ་སྤྱིའི་འགྱུར་བ་སོགས་མང་པོ་ཞིག་ལ་བསྟེན་ནས་ང་ཚོ་ཐུན་མོང་ལ་དབང་བའི་སྐད་ཡིག་འདིའི་གནས་སྟངས་ཅུང་ཙམ་ཉམས་དམའ་བའི་སྐབས་སུ། མཐོ་རིམ་སློབ་མའི་ངོས་ནས་འདི་ལྟར་རྒྱལ་ཁབ་བཞི་ཡི་རིག་གཞུང་དང་ཡུལ་སྲོལ་གོམས་གཅིག་པ་རྣམས་ཀྱིས་སོ་སོའི་བསམ་ཚུལ་བརྗེ་རེ་བྱེད་སའི་སྡིངས་ཆ་ཞིག་བསྐྲུན་པ་དང་། སོ་སོའི་སྐད་ཡིག་དང་རིག་གཞུང་ལ་ཞབས་ཞུ། གཞོན་སྐྱེས་རྣམས་ཀྱིས་སོ་སོའི་ཕ་སྐད་ལ་གཅེས་སྐྱོང་བྱས་པའི་ནུས་པར་བསྟེན་རང་ཉིད་ཀྱི་ནུས་པ་མངོན་འདོན་བྱེད་ཐུབ་པའི་གོ་སྐབས་བྱུང་བར་མཐུན་རྐྱེན་སྒྲུབ་ཆེད་ཡིན།
ཕ་སྐད་ནི་སྐད་ཡིག་ནང་གི་གལ་ཆེན་དུ་གྱུར་ཡོད་ཅིང་། རྒྱ་གར་གྱི་ལ་དྭགས་དང་མོན། བལ་ཡུལ་དང་འབྲུག བོད་བཅས་སུ་སྔོན་བྱོན་མཁས་པ་དམ་པ་རྣམས་ཀྱིས་སོ་སོའི་སྐད་ཡིག་གཅེས་འཛིན་བྱེད་དགོས་པར་ཐུགས་ཁུར་གནང་ཡོད་པས་ང་ཚོས་གོ་སྒྲིག་བྱས་པ་ཡིན་ཞེས་གསལ་བརྗོད་གནང་སོང་།

Tibet-tibetan Student-2017དེའི་རྗེས་སུ་ཤེས་རིག་བཀའ་བློན་མཆོག་གིས་བགྲོ་གླེང་དབུ་འབྱེད་དང་འབྲེལ་བཀའ་སློབ་ལམ་སྟོན་གནང་དོན། མཐོ་རིམ་ངོས་ནས་རྒྱལ་སྤྱིའི་ཀ་ཁ་ག་ངའི་བགྲོ་གླེང་ཐེངས་དང་པོར་འདི་འདྲ་ཞིག་གོ་སྒྲིག་གནང་བར་ང་རང་ངོས་ནས་ཧ་ཅང་གིས་དགའ་སྤྲོ་སྐྱེས་སོང་། ངས་ནམ་རྒྱུན་སྐད་ཡིག་ནི་བོད་ཀྱི་བླ་སྲོག་དང་ཡ་རབས་བཟང་སྤྱོད་ནི་བོད་མིའི་ཟུང་ཁྲག་རེད་བཤད་ཀྱི་ཡོད། འདབ་ཕྱོགས་གཉིས་ལྡན་ཞེས་པ་ལས་གཅིག་ནི་ང་ཚོའི་སྐད་ཡིག་དང་རིག་གཞུང་འདི་ཡིན་པ་དང་། ང་ཚོ་ཤེས་རིག་ལས་ཁུངས་སུ་འགན་ཡོད་པས་ཆེད་མངགས་མཁས་པ་གདན་འདྲེན་གྱིས་སློབ་མ་རྣམས་སུ་བཀའ་སློབ་གནང་གི་བཅུག་པ་སོགས་གང་འཚམས་ཀྱིས་འབད་བརྩོན་ཞིག་བྱེད་ཀྱི་ཡོད། ད་སྔ་ང་ཚོའི་བོད་ཀྱི་སྐད་ཡིག་ལ་གཞོན་སྐྱེས་ཚོས་དོ་སྣང་བྱེད་པ་ཤུགས་ཆེ་རུ་འགྲོ་ཡི་འདུག ང་ཚོའི་སྐད་ཡིག་གི་ཉེན་ཁ་ཆེ་ཤོས་ནི་ལོ་གཞོན་ཚོས་དོ་སྣང་མ་བྱས་ན་སྐད་ཡིག་འཇིག་ཉེན་འདུག་པ་དེ་དང་། བོད་ནང་དུ་ཆབ་སྲིད་ཀྱི་དབང་བསྒྱུར་འོག་གནོན་ཤུགས་སྤྲད་ཀྱི་ཡོད་པས་ན། ང་ཚོ་ཕྱི་ལོག་ནས་དོ་སྣང་ཤུགས་ཆེན་མ་བྱས་ན། བོད་ཕྱི་ནང་གཉིས་ཀར་སྐད་ཡིག་ཉམས་པའི་ཉེན་ཁ་ཞིག་འདུག སྐད་ཡིག་གསོན་པ་ལ་སྐད་ཡིག་བེད་སྤྱོད་གཏོང་བ་གལ་ཆེན་པོ་རེད།  ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

དེ་ཡང་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་བཙན་བྱོལ་གཞུང་གི་ཤེས་རིག་བཀའ་མཆོག་གིས་དབུ་འབྱེད་དང་། རྒྱལ་ཁབ་བཞི་ནས་ཕེབས་པའི་བགྲོ་གླེང་མཁན་བཞི་སྟེ། བལ་ཡུལ་གྱི་ཉིན་ཆུང་གདུང་སྲས་ཨོ་རྒྱན་རྒྱལ་མཚན་དང་ལ་དྭགས་མཚན་ཉིད་སློབ་གྲྭའི་སློབ་དཔོན་འཇམ་དབྱངས་རྒྱལ་མཚན། སྨོན་ལམ་བརྡ་འཕྲིན་ཁང་གི་འཇུ་བསྟན་སྐྱོང་། འབྲུག་རྒྱལ་ཁབ་གྱི་འབྲུག་རྣམ་རྒྱལ། མོན་དགེ་བཤེས་ངག་དབང་ནོར་བུ་བཅས་རེ་རེར་ཡིས་སྐར་མ་བཅོ་ལྔ་ཡི་གོ་སྐབས་སྤྲད་དེ་གོང་གི་བརྗོད་གཞིའི་ཐོག་ཀ་ཁ་ག་ངའི་བགྲོ་གླེང་གལ་ཆེན་ཡིན་པ་དང་། སོ་སོའི་ལུང་པའི་ནང་དུ་སྐད་ཡིག་ཡར་རྒྱས་སུ་གཏོང་བར་ཐབས་ཅི་ཡོད་བྱས་ཏེ་ད་སྔ་གང་འཚམས་ཡར་རྒྱས་སུ་སོང་ཡོད་པ། ལྷག་པར་དུ་སོ་སོའི་ཁ་སྐད་ཀྱི་མང་ཚིག་མང་པོ་ཞིག་ཡོད་ཀྱང་ཡིག་ཐོག་ལ་འཇོག་པར་འབད་ཀྱིན་པ། སྐད་ཡིག་སྦྱོང་བར་ཟུར་འཛུགས་འཛིན་གྲྭ་སོགས་བཙུགས་ཏེ་འབད་བརྩོན་ཇི་ཡོད་གནང་གི་ཡོད་སྐོར་གྱི་གཏམ་བཤད་ལྷུག་པོར་གནང་སོང་།

མཐར་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས་ཀྱི་འགན་འཛིན་བློ་བཟང་ཕུན་ཚོགས་ཀྱིས་མཇུག་བསྡོམས་གསུང་བཤད་དོན།
དུས་བཟང་པོ་དུས་དབང་སྐབས་དང་ས་བཟང་པོ་རྡོར་རྗེ་གདན། རྒྱལ་ཁབ་བཞིིའི་དབྱངས་གསལ་དང་འབྲེལ་བའི་གཏམ་བཤད་གནང་མཁན་གྱི་བགྲོ་གླེང་གོ་སྒྲིག་འདི་ནི་སྐལ་བ་མ་གཏོང་པར་དུ་ང་ཚོའི་རྒྱལ་རབས་ནང་དུ་གསལ་གྱི་ལེར་འདུག་གི་རེད། ངས་ཧི་མ་ལའི་རི་རྒྱུད་ཀྱི་ཚབ་བྱས་ཏེ་རྒྱ་གར་རྒྱལ་ས་ལྡི་ལི་ཡི་སྲིད་འཛིན་དང་ཤེས་རིག་བཀའ་བློན་སོགས་སུ་འབྲེལ་འདྲེས་མང་པོ་ཞིག་བྱེད་ཀྱི་ཡོད་ལ། སྐབས་དེར་ངས་ནམ་རྒྱུན་ཁོང་ཚོར་བཤད་ཀྱི་ཡོད། ང་ཚོ་ཧི་མ་ལའི་རི་རྒྱུད་རྒྱ་གར་ལ་སྲུང་སྐྱོབ་བྱས་ཏེ་བསྡད་ཡོད། ང་ཚོའི་སྐད་ཀྱི་སྒྲ་གདངས་མ་འདྲ་བ་མ་གཏོགས་ཡི་གེ་ནི་བོད་ཡིག་རང་ཡིན། ༧རྒྱལ་བ་རིན་པོ་ཆེ་ཡིས་བོད་ཀྱི་ཆོས་འདི་འཛམ་གླིང་དུ་དར་ཁྱབ་ལ་བཏང་བ་ཚང་མ་བཀའ་འགྱུར་བསྟན་འགྱུར་ནང་དུ་ཡོང་བ་རེད། དེ་བས་རྒྱ་གར་གྱི་རིག་གཞུང་སྲུང་སྐྱོབ་ནང་དུ་བྷོ་ཊི་སྐད་ཡིག་འཇོག་པར་འབད་བརྩོན་བྱས་ཏེ་ལོ་༢༠ལྷག་འགྲོ་ཡི་ཡོད་པ་དང་།  ཁྱོད་ཚོར་མི་རྒན་པ་ཞིག་གིས་མར་བཀའ་གནང་བ་མ་ཡིན་པར་སློབ་ཕྲུག་ངོས་ནས་མ་བརྐོས་དང་བླངས་ཀྱིས་འདི་འདྲ་ཞིག་འགོ་བཙུགས་པ་ནི་ཧ་ཅང་གིས་ཡག་པོ་རེད། དེང་སང་འདི་འདྲ་ཚོགས་པར་དངུལ་གྱི་འགྲོ་སོང་དགོས་ཀྱི་ཡོད་པས་ན། ངས་ཁྱོད་ཚོར་ཧིན་སྒོར་འབུམ་གསུམ་ཕུལ་བ་ཡིན། བགྲོ་ཐེངས་རྗེས་མ་དེ་ལྡི་ལི་ནས་ཚོགས་པ་ཡིན་ན་ངས་གོ་སྒྲིག་བྱེད་རོགས་བྱེད་ངེས་ཡིན། ཞེས་མཇུག་བསྡོམས་གནང་སོང་།

མཐར་གསུངང་བཤད་གནང་མཁན་དང་དང་བླངས་སློབ་མར་ཕྱག་ཁྱེར།  སྐུ་མགྲོན་གཙོ་བོ་རྣམས་དང་མཉམ་དུ་པར་སྒྲོན་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༣༢༠༡༧༡༡༤༤
ཆོག་པ་ཁང༌།
བགྲོ་གླེང་འདིའི་བརྙན་ཐུང་ག་འདྲ་བྱས་ནས་རག་ཐུབ་བམ།



བརྗོད་གཞི་གཞན་ཁག་ལ་གཟིགས།