ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ངས་ཁྱོད་ཀྱི་བསམ་ཚུལ་ཤེས་ཆེད་དེབ་ཀློག་གི་ཡོད་པ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༧ཉིན་སྤེལ། ༼དཔེ་གློག་གི་རིན་ཐང་།༽ཞེས་པའི་བརྗོད་གཞིའི་ཐོག་དུས་དབང་དང་སྟབས་བསྟུན་གྱིས་མཐོ་རིམ་སློབ་མའི་གོ་སྒྲིག་བྱས་པའི་བགྲོ་གླེང་ཚོགས་འདུ་ཞིག་སྐོང་སོང་།

རྡོར་གདན། དེ་རིང་དགོང་དྲོའི་ཚོུད་༥།༤༠ཐོག རྒྱ་གར་རྡོར་གདན་གྱི་ཐེ་ཝན་མཆོད་རྟེན་གྱི་མཁྲིས་སུ་བྷ་ན་རཱ་སི་ཧིན་ངྷི་སློབ་ཆེན་གྱི་བོད་རིགས་སློབ་མའི་མཐུན་ཚོགས་དང་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གཉིས་ཀྱི་ངོས་ནས་དུས་དབང་དང་སྟབས་བསྟུན་གྱིས་༼དཔེ་ཀློག་གི་རིན་ཐང་།༽ཞེས་པའི་བགྲོ་གླེང་ཞིག་སྐོང་ཚོགས་བྱས་སོང་།

Tibet-value of reading-2017དེ་ཡང་ཕྱི་ཚེས་༧ཉིན་གྱི་དགོང་དྲོར་བགྲོ་གླེང་གི་སྐུ་མགྲོན་གཙོ་བོ་ཨ་ཚོགས་ཀླུ་མཁར་བྱམས་དང་བསྟན་རྡོར་ (པདྨ་དབྱངས་ཅན་ཕེབས་མ་ཐུབ་པ།)གཉིས་ཀྱིས་དཔེ་ཀློག་སྐོར་ནས་གཏམ་བཤད་དང་། རྒྱ་གར་གྱི་ཡུལ་ཕྱོགས་གང་སར་ཕེབས་པའི་མཐོ་སློབ་དང་ཤེས་ཡོན་ལ་དོ་སྣང་ཅན་གྱི་སེར་སྐྱ་ཕོ་མོ་༡༠༠ལྷག་ཅིག་གིས་སྐབས་འདིའི་བགྲོ་གླེང་གི་ཆ་ཤས་བླངས་སོང་།

ཐོག་མར་འཕྲིན་ལས་འོད་ཟེར་གྱིས་བགྲོ་གླེང་གི་མདོ་འཛིན་དང་གཏམ་བཤད་གནང་མཁན་ངོ་སྤྲོད་བྱས་རྗེས། གཉན་ཐར་གྱིས་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་སྐོར་ནས་བརྗོད་དོན། མཐོ་རིམ་སློབ་མའི་གོ་སྒྲིག་ཚོགས་ཆུང་ནས་ད་ལོའི་དུས་དབང་དང་སྟབས་བསྟུན་སྟེ་ལས་འགུལ་ཁ་ཤས་ཤིག་སྤེལ་བའི་འཆར་གཞི་ཡོད་པའི་ནང་ནས། མཐོ་རིམ་སློབ་མའི་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱི་འབོད་སྒྲ་ཞིག་གི་འོག་གཙོ་བོ་དང་བླངས་ཞབས་ཞུ་བའི་སྒང་ནས་འགྲོ་བཞིན་ཡོད། དེ་རིང་གི་དཔེ་ཀློག་རིན་ཐང་ནི་ལས་འགུལ་གཅིག་ཡིན་པ་དང་། འདིའི་དམིགས་ཡུལ། ༡༈ མཐོ་རིམ་སློབ་མའི་ངོས་ནས་ནུས་པ་ཐོན་ཐུབ་པ། ༢༈ དཔེ་ཀློག་གི་ཕྱོགས་སུ་སྐུལ་མ་གཏོང་བ་བཅས་ཡིན་པས་ན། གཏམ་བཤད་གནང་མཁན་རྣམ་པ་གཉིས་ནི་སྤྱི་ཚོགས་ནང་དུ་དཔེ་ཀློག་སོགས་ཀྱི་སྐོར་ལ་རྒྱུས་མངའ་ཆེ་ཞིང་། མཐོ་རིམ་སློབ་མ་དང་འབྲེལ་བ་ཆགས་ཡོད་པ་ཞིག་ཡིན།  ཞེས་འགྲེལ་བརྗོད་གནང་སོང་།

Tibet-valu of reading-2017དེའི་རྗེས་སུ་བསྟན་རྡོར་ལགས་ཀྱིས་དཔེ་ཀློག་གི་རིན་ཐང་སྐོར་ནས་བརྗོད་དོན། ཐོག་མར་ཁོང་གིས་མི་མང་ནང་དུ་དཔེ་དེབ་ག་ཚོད་ཀློག་ཡོད་མེད་ལ་ལག་པ་ཡར་བསྒྲེངས་སུ་བཅུག་པ་དང་སྦྲགས། གངས་སྐྱིད་དཔེ་མཛོད་ཁང་དུ་སོང་ན་ནང་དུ་དེབ་ཀློག་མཁན་ནི་དབྱིན་ཇི་ཁ་ཤས་ཤིག་ཡོད་པ་རེད། ཡིན་ནའང་། བོད་པ་རྣམས་ཀྱིས་དཔེ་མཛོད་ཁང་ལ་སྐོར་བ་རྒྱབ་ནས་བསྡད་འདུག ང་ཚོའི་བོད་པ་དེབ་ཀློག་གོམས་གཤིས་སྐྱོ་བོ་རེད། འདི་དག་ནི་ཕྱོགས་གཅིག་ནས་ང་ཚོར་མཐུན་རྐྱེན་མེད་པའི་སྐྱོན་དང་། གཞན་ང་ཚོ་ཆབ་སྲིད་ཀྱི་དཀའ་རྙོག་ནང་དུ་ཚུད་པའི་དཀའ་ངལ་གྱིས་ང་ཚོའི་སྤྱི་ཚོགས་སུ་དེབ་ཀློག་མཁན་ཉུང་དྲག་པའི་དཀའ་ངལ་འདུག སྤྱི་ཚོགས་ཁ་ཤས་སུ་ལོ་༢༥ཐོན་ན་ཧ་ལམ་དེབ་༢༠༠ནས་༥༠༠བར་ལོག་ཀློག་ཡོད་ས་རེད། སྐབས་དེར་མི་དེའི་དེབ་༥༠༠ཡི་སྒེའུ་ཁུང་ནས་ལྟ་ཡི་ཡོད་པ་དང་། ང་ཚོ་དེབ་གཅིག་མ་གཏོགས་ཀློག་མ་མྱོང་མཁན་ཞིག་གིས་ཁང་པ་སྒེའུ་ཁུང་གཅིག་མ་གཏོགས་མེད་མཁན་ཞིག་གི་ནང་བསྡད་ཡོད་པ་རེད། ང་རང་སྒེར་ལ་མཚོན་ན་སྐད་ཡིག་གང་ཞིག་ནས་དེབ་ཀློག་ཀྱང་ནང་དོན་གཙོ་བོ་རེད་བསམ། སྤྱིར་ཀི་དེབ་ཀློག་མཁན་དང་དེབ་འབྲི་མཁན་ནི་ཚོགས་པ་སྒྲིག་འཛུགས་ཁག་ལ་ཐུག་གི་ཡོད་པ་དང་། ང་ཚོས་མཐུན་འགྱུར་མ་བསྐྲུན་ན་བཀའ་སློབ་གནང་བ་གཅིག་པུས་སུ་གང་ཞིག་གིས་ཀྱང་ཉན་གྱི་མ་རེད། ཁ་ཤས་ཀྱིས་ང་ཚོར་ས་ཡ་དྲུག་མ་གཏོགས་མེད་པས་ན། ང་ཚོའི་རྩོམ་རིགས་དང་སྒྱུ་སྩལ་གྱི་ཚད་མཐོ་ནི་ཨ་རི་ནང་བཞིན་ཡོང་སྲིད་ཀྱི་མ་རེད་ལབ་མཁན་འདུག ཡིན་ནའང་མི་འབོར་གཅིག་པུས་ཆ་ཚང་ཐག་ཆོད་པ་ཞིག་མ་རེད། མི་འབོར་ས་ཡ་བརྒྱད་དགུ་ཡས་མས་ཀྱི་ཅིག་སྤྱི་མཐུན་རྒྱལ་ཁབ་ཀྱིས་དེབ་ཚད་ལྡན་མང་པོ་བཏོན་གྱི་འདུག དེ་བས་ང་ཚོས་ཤུགས་རྒྱབ་པ་ཡིན་ན་ང་ཚོའི་སྤྱི་ཚོགས་འདི་ལོ་༡༥ནས་༢༠ནང་དུ་ས་གནམ་གྱི་ཁྱད་པར་འགྲོ་སྲིད་ཀྱི་རེད། ཅེས་ལམ་སྟོན་གནང་སོང་།

ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་དེབ་ཀློག་གི་རིན་ཐང་སྐོར་ནས་བརྗོད་དོན། ང་རང་མཐོ་རིམ་སློབ་མའི་ཚོགས་འདི་ཁ་ཤས་སུ་སོང་མྱོང་ལ། འདིར་མཐོ་རིམ་སློབ་མ་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོ་ཡིན་པར་བྲིས་ཡོད་པ་འདི་ལ་དོག་པ་ཅི་ཡང་ཡོད་པ་མ་རེད། དེ་བས་རྣམ་པ་ཚོ་མ་འོངས་པར་ང་ཚོའི་རྒྱལ་ཁབ་འདིའི་སྒྲོམ་གཞི་ཆགས་ཀྱི་ཡོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་དར་དང་མ་དར་བའི་ཚད་གཞི་ནི་ཡིག་ཐོག་གི་རིག་གཞུང་ཡོད་མེད་ལ་བཤད་ཀྱི་ཡོད་པ་རེད། སུ་ཡིས་དེབ་མང་ཤོས་ཀློག་འདུག་པ་དེར་ང་རང་ཧང་སང་གི་མི་འདུག དེབ་ཀློག་ནས་རྒྱུད་ལ་ག་རེ་འབྱོར་བ་དེ་གལ་ཆེན་རེད། མདོར་བསྡུས་ན་འགྲོ་བ་མིའི་རིགས་ལ་དགོས་མཁོ་གཉིས་ཡོད། ༡ གཟུགས་པོ་གསོ་བར་ཁ་ལག ༢ བསམ་བློ་གསོ་བར་དེབ། དེབ་ཀློག་པའི་དམིགས་ཡུལ་ནི་སོ་སོ་ལ་བསྒྱུར་བཅོས་གཏོང་བ་དང་མ་ཤེས་པ་ཁ་གསབ་གཏོང་བ་རེད། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཞེས་པ་བཞིན་དུ། དེབ་ཞིག་བཏོན་པར་ཧ་ཅང་གི་གཟབ་གཟབ་བྱེད་དགོས། དེ་ནི་ཡིག་ཐོག་གི་གད་སྙིགས་བཟོ་ཆེད་མ་ཡིན་ལ།  འཛམ་གླིང་དུ་དེབ་དགོས་ཀྱི་ཡོད་ན།  བོད་མི་རིགས་ནི་དེབ་ཀྱི་གྲངས་འབོར་ཐོག་སྐྱོ་བོ་མ་རེད། རྒྱུ་སྤུས་ཐོག་ནས་སྐྱོ་བོ་རེད། འཇིག་རྟེན་གྱི་བྱ་དངོས་ནི་འགྱུར་བ་གཉིས་ཀྱི་སྒང་ནས་འགྲོ་བཞིན་ཡོད། ༡ གཅིག་གྲངས་འབོར་གྱི་འགྱུར་བ། ༢ སྒྱུ་སྤུས་ཀྱི་འགྱུར་བ། འཇིག་རྟེན་གྱི་ཤེས་བྱ་སྦྱངས་ནས་འཛམ་གླིང་ལ་འགྱུར་བ་མ་སོང་ན་དེབ་ཀློག་ནས་ཅི་ཞིག་བྱེད་ངེས་ཡིན། ངས་ཁྱོད་ཀྱི་བསམ་ཚུལ་ཤེས་ཆེད་དེབ་ཀློག་གི་ཡོད་པ་རེད་མ་གཏོགས། ངའི་བསམ་ཚུལ་ལ་ལྷན་པ་རྒྱག་ཆེད་དུ་དེབ་ཀློག་ན་ཡར་རྒྱས་སུ་འགྲོ་བ་མ་རེད།  ཅེས་ལམ་སྟོན་བྱས་སོང་།

མཐར་ཐུགས་རྗེས་ལེགས་འབུལ་དང་བགྲོ་གླེང་གཏམ་བཤད་གནང་མཁན་གཉིས་སུ་ལག་སྐྱེས་ཕུལ་ནས་བགྲོ་གླེང་ཡོངས་སུ་མཇུག་གྲུབ་བྱུང་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།