ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

ངོས་མ་ཤི་བར་དུ་ཆོས་ལུགས་མཐུན་སྒྲིལ་ལས་དོན་བྱེད་ཀྱི་ཡིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༦ཉིན་སྤེལ།
རྡོར་གདན། དེ་རིང་ཉིན་རྒྱབ་དུས་བཀའ་ཆོས་ཀྱི་ཉིན་གཉིས་པའི་གསུང་ཆོས་སྐབས་དང་བསྟུན་དེ། སིག་དང་ཧིན་རྡུ། ཁ་ཆེ། རྗེན་ཆོས་ལུགས་སོགས་ཀྱིས་སིག་གི་ཆོས་དཔོན་གུ་རུ་གྷོ་པིན་སིཀ་མཆོག་སྐུ་གཤེགས་ཏེ་ལོ་ངོ་ ༣༥༠ འཁོར་བའི་རྗེས་དྲན་སྲུང་བརྩི་གནང་སོང་།

Tibet-withHH-2017དེ་ཡང་ཟླ་འདིའི་ཚེས་༥ ཉིན་རྒྱ་གར་བྷེ་ཧར་མངའ་སྡེའི་གྲོང་ཁྱེར་པར་ན་རུ་རྗེས་དྲན་དེ་འཚོགས་ཡོད་པ་དང་། རྒྱ་གར་གྱི་སྲིད་བློན་ཡང་མཛད་སྒོ་དེར་ཕེབས་གནང་ཡོད་འདུག་ལ། ཕྱི་ཚེས་༦ཉིན་གྱི་ཕྱེད་ཡོལ་སྐབས་སུ་རྡོར་གདན་གསུང་ཆོས་ར་བའི་ནང་དུ། གོང་གི་རྗེས་དྲན་དེ་ཆོས་དཔོན་དང་སྐུ་ཚབ་ཁ་ཤས་མཉམ་དུ་སྟབས་ཤིག་འཚོགས་སོང་བ་དང་། ཁོང་ཚོས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གསུང་བཤད་དང་༧གོང་ས་མཆོག་དཔེ་མཚོན་དུ་བཞག་སྟེ་འཛམ་བུ་གླིང་གི་མི་ཚང་མས་བྱམས་དང་བརྩེ་བ་ཉམས་ལེན་བྱེད་དགོས་པ་དང་། དེ་བཞིན། འཛམ་གླིང་གི་མི་ཚང་མས་ཕ་མ་གཅིག་གི་སྤུན་མཆེད་ལྟ་བུའི་འདུ་ཤེས་ཀྱི་ཐོག་ནས་ཕན་ཚུན་ལ་གྲོགས་དང་རོགས་རམ་བྱེད་དགོས་པ་ནི་ཆོས་ལུགས་ཁག་གི་བསླབ་བྱ་གཙོ་བོ་དང་། ཆོས་ལུགས་མི་འདྲ་བ་ཕན་ཚུན་བར་འཆམ་མཐུན་མཉམ་འབྲེལ་དགོས་པའི་སྐོར་ནས་གསུང་བཤད་གང་མང་གནང་སོང་།

Tibet-hh1-2017གཞན་ཡང་༧གོང་ས་མཆོག་གིས་གོང་གི་མཛད་སྒོ་དེ་འབྲེལ་གྱིས་གསུང་བཤད་གནང་དོན།
ཁོང་ཚོའི་མི་སྣ་ཁག་གཅིག་འདིར་གནས་མཆོག་རྡོ་རྗེ་གདན་དུ་ཡོང་རྒྱུ་རེད་ཅེས་གསུངས་སོང་། ངོས་ཀྱིས་དེར་དགའ་བསུ་ཡོད། ཅེས་ཞུས་པ་ཡིན། དེ་རིང་འདིར་མང་ཚོགས་འདུ་འཛོམས་ཐོག་སིག་དང་ཁ་ཆེ། གཅེར་བུ་བ། ཧིན་དུ་བཅས་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པས་གཅིག་གྱུར་ཐོག་བྱམས་བརྩེ་ཞེས་པ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་། འདི་ང་ཚོ་ཚང་མས་སེམས་ལ་འཇོག་དགོས་པ་ཞིག་རེད།

Tibet-hhh-2017ལོ་ངོ་ ༢༠༠༠ ལྷག་རིང་འགོར་བའི་གནས་ཁྱད་པར་ཅན་འདིར་ཆོས་བརྒྱུད་གཙོ་བོ་ཁ་ཤས་ཀྱི་དབུ་འཁྲིད་ཕེབས་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་།  དེ་རིང་འདིར་ཆོས་བརྒྱུད་མི་འདྲ་བ་མང་པོ་འཛོམས་ཡོད་པ་དང་། ཁྱེད་རང་ཚོའི་མདུན་དུ་ངས་ཞུ་རྒྱུ་ཞིག་ལ་གང་ལྟར་ངོས་མ་ཤི་བར་དུ་ཆོས་ལུགས་མཐུན་སྒྲིལ་ཡོང་བ་ཞིག་དང་། མཐུན་པོ་ཟེར་བ་དེ་ཁེ་པོ་སྙན་པོ་བཤད་པ་ཙམ་མ་ཡིན་པར། གཅིག་གིས་གཅིག་ལ་ཕན་ཐོགས་དང་རོགས་པ་བྱེད་དགོས་པ་གསུངས་པ་གཅིག་གྱུར་ཆགས་ཀྱི་འདུག དེ་འདྲ་ཡིན་དུས། ལས་དོན་འདི་ང་རང་གི་ངོས་ནས་མ་ཤི་བར་དུ་བྱེད་ཀྱི་ཡིན། ཞེས་དང་།

Tibet-HH DalaiLama-2017རྒྱ་གར་རང་གི་ནང་ལྟ་གྲུབ་མི་འདྲ་བའི་ཆོས་བརྒྱུད་མང་པོ་ཞིག་འཕགས་པའི་ཡུལ་འདིར་ལོ་སྟོང་ཕྲག་གསུམ་ལྷག་ནས་བྱུང་ཡོད་ཅིང་། རིམ་པས་རྒྱ་གར་གྱི་ཕྱི་ལོག་ནས་ཛོ་ར་ཛུ་དིན་དང་། ཇིའུ། ཡེ་ཤུ།  ཁ་ཆེའི་ཆོས་ལུགས་རྒྱ་གར་ནང་སླེབས་ཡོད་མོད། དེང་འཛམ་གླིང་འདིའི་སྟེང་ལྟ་སྐབས་རྒྱ་གར་ནི་ཆོས་ལུགས་གཙོ་ཆེ་བ་ཚང་མ་ཡོད་པའི་ལུང་པ་ཞིག་ཆགས་ཡོད། འོན་ཀྱང་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་ཡོང་བཞིན་ཡོད། རྙོག་གྲ་ཕྲན་བུ་ཡོང་སྲིད་པ་རེད། མི་དུང་ཕྱུར་བཅུ་ལྷག་ཡོད་པའི་ལུང་པའི་ནང་། ནང་པའི་ཆོས་སྐད་ལ་བཤད་ན་རྒྱ་གར་གྱི་མི་ཚང་མ་བྱང་ཆུབ་སེམས་པ་མིན་པ་དང་ཉོན་མོངས་དུག་གསུམ་གྱི་གཞན་དབང་དུ་ཡོད་པ་གཅིག་པ་རེད།

ཕྱོགས་གཅིག་ནས་རྒྱ་གར་ནང་ད་དུང་མུ་མཐུད་ནས་ཆོས་བརྒྱུད་འདྲ་མིན་དབར་མཛའ་མཐུན་ཡོད་པ་དེ་མུ་མཐུད་ནས་སྲ་བརྟན་ཡོང་ཆེད་དང་། འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པ་ཞིག་བྱེད་དགོས། དེར་བརྟེན་རྣམ་པ་ཚོ་ཚང་མས་འཛམ་གླིང་འདིའི་སྟེང་གི་མི་དུང་ཕྱུར་བདུན་བཅུ་ལྷག་ཡོད་པ་དེ་དག་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་བསྒྲུབ་རྒྱུ་གཅིག་ནི། ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས། ཚང་མས་དེ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཅེས་བཀའ་སློབ་ལམ་སྟོན་ཟབ་གནང་སོང་།

དེ་མིན་གོང་གི་ལེ་ཚན་གྲུབ་རྗེས་བོད་མིའི་སྒྲིག་འཛུགས་དང་མགོ་ལོག་ཁང་གསར་ད་རེས་ཀྱི་དུས་དབང་ཐེངས་༣༤པའི་སྦྱིན་བདག་རྣམ་པས་བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་རྗེས་སྤྱོད་འཇུག་ལེའུ་དང་པོའི་གསུང་ཆོས་འཕྲོ་སྐྱོང་མཛད་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།