ཤམ་བྷ་ལའི་ཕོ་ཉའི་ངོ་དེབ།

འཛམ་གླིང་མདའ་དཀྲུགས་ཕུ་དཀྲུགས་བཟོ་མཁན་ནི་མི་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༢།༠༥ཉིན་སྤེལ། དེ་རིང་རྒྱལ་བ་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་ཞུས་ཏེ་སྐལ་བ་བཟང་པོ་བྱུང་ཟེར་བ་མིན་པར། ངས་མི་ཚེ་བསྐྱལ་སྟངས་ཤེས་ཀྱི་ཡོད་ཅེས་མུ་མཐུད་དུ་བསམ་བློ་གཏོང་དགོས་རེད། ཅེས་བཀའ་སློབ་སྩལ་སོང་།

Tibet-Kalachakra-2017-རྡོ་རྗེ་གདན། དེ་རིང་ཉིན་གུང་ཚོུད་༡༢།༣༠ཐོག རྡོར་གདན་དུས་དབང་གསུང་ཆོས་ར་བར་བོད་ཀྱི་བླ་ན་མེད་པའི་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དབང་ཐེངས་༣༤པའི་ཉིན་བཞི་བར་དུས་དབང་གི་སྔོན་འགྲོའི་བཀའ་ཆོས་སུ་སྒོམ་རིམ་བར་པ་དང་སྤྱོད་འཇུག་གི་བཤད་ལུང་དབུ་འཛུགས་གནང་སོང་།

དེ་ཡང་༧གོང་ས་མཆོག་དུས་དབང་ར་བའི་གསེར་ཁྲིར་མངའ་གསོལ་མཛད་དེ། ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་ལེགས་སྦྱར་དང་པཱ་ལི། བོད་སྐད་བཅས་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་གསུང་འདོན་གནང་། དེ་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྱི་ནོར་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་སོང་།

དེ་རྗེས་༧གོང་ས་མཆོག་གིས་སྔོན་འགྲོའི་བཀའ་ཆོས་ཀྱི་ཐོག་མར་བཀའ་སློབ་ལམ་སྟོན་ཟབ་རྒྱས་སྩལ་དོན། ཁ་སང་ངོས་ཀྱིས་ཞུས་པ་བཞིན་དུ་ཆོས་ཉན་བཤད་གང་ཡིན་པའི་སྐབས་སུ་ཡང་ཆོས་ཆོས་སུ་སོང་བ་གལ་ཆེན་པོ་དང་། སངས་རྒྱས་པའི་ཆོས་ལས་ཤེར་ཕྱིན་གྱི་དགོངས་པ་ནང་བཞིན་འཆད་འཁྲིད་བྱེད་ཀྱི་ཡིན་དུས། སྐྱབས་འགྲོ་རྨང་གཞི་བྱས་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་ཐོག་པའི་བློ་བཟང་པོ་དང་སྙིང་སྟོབས་ཆེན་པོ་ཞིག་སྐྱེས། ང་ཚོ་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད་ཀྱང་། བདེ་སྐྱིད་མ་ཡོང་བ་ནི་སོ་སོའི་སེམས་རྒྱུད་འདུད་མ་ཐུབ་པས་ལན་པ་རེད་ལ། སེམས་རྒྱུད་བཏུལ་ན་བདེ་སྐྱིད་མ་འདོད་ཀྱང་བདེ་སྐྱིད་ཡོང་གི་རེད། བདེ་སྐྱིད་ནི་ཕྱི་ལ་འདུད་རྒྱུ་མིན་པར་ནང་སེམས་རྒྱུད་འདུད་རྒྱུ་ཡིན་པའི་ཆ་ནས། གཞན་དོན་གྱི་བློ་བཟང་པོ་སྐྱེས་ཤིང་དེ་ནི་བླུན་པོའི་ཨུ་ཚུགས་མིན་པར། ཤེས་རབ་ཀྱི་གྲོགས་དང་བཅས་པའི་གཞན་ཕན་གྱི་བློ་ཞིག་གསུངས་ཀྱི་འདུག་གཱ  

བོད་གངས་ཅན་ལྗོངས་སུ་གསང་སྔགས་ཀྱི་ཆོས་མང་པོ་དར་ཡོད་པ་ནི་ཕྱོགས་གཅིག་ནས་ཡག་པོ་རེད་མོད། དུས་རབས་ཉེར་གཅིག་པའི་སངས་རྒྱས་པའི་ཆོས་པ་བྱེད་དགོས་རེད་ཅེས་ངོས་ནམ་རྒྱུན་བཤད་ཀྱི་ཡོད། རྒྱུ་མཚན་ནི་སྔར་ང་ཚོས་ཞིབ་ཚག་གིས་ཞིབ་འཇུག་མ་བྱས་པར་དད་པ་དང་དག་སྣང་བྱས་ཏེ་འགྲོ་བསྡད་ཀྱི་འདུག ད་ལྟའི་དུས་རབས་ནང་དུ་སྤྱིར་མིའི་ཤེས་ཡོན་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་སུ། དངོས་ཡོད་གནས་ཚུལ་གྱིས་གཞི་ལམ་འབྲས་བུའི་རྣམ་པ་དེར་ཞིབ་འཇུག་ཡང་དག་དང་སློབ་སྦྱོང་བྱས་པའི་ཐབས་ལམ་ཐོག་དཔྱད་ནས་ཐར་བ་ཐོབ་པ་ཞིག་དགོས་པ་གལ་ཆེན་ཡིན་པའི་ཆ་ནས། དུས་དབང་ནི་ཕྱིན་རླབས་ཆེན་པོ་ཞེ་དྲག་རེད་མོད། ལམ་སང་སེམས་སུ་འགྱུར་བ་ཐེབས་རྒྱུ་ནི་ཁེག་པོ་ཡིན་པས། འདིར་མི་མང་པོ་ཞིག་འདུས་པ་ཁྱེད་རང་ཚོར་ཕན་དགོས་པ་རེད། ངོས་ཀྱི་ངོས་ནས་ཀྱང་བསམ་བློ་གཏོང་སྟངས་ཤིག་ལབ་པ་བྱུང་ན་ངོས་ལ་ཡང་བློ་བདེ་བོ་ཞིག་དང་། ཁྱེད་རང་ཚོའི་ངོས་ནས་ཀྱང་ཕན་ཐོག་ཡོད་བསྡད་པ་ཞིག་ཡིན་པས་ན། སྤྱོད་འཇུག་དང་སྒོམ་རིམ་བར་མ་གཉིས་སྦྲགས་ནས་བཤད་དགོས་པ་བསམ་བློར་དྲན་པ་ཡིན།

Tibet-Kalachakra-2017-2ཆོས་ལུགས་མང་ཆེ་བར་རང་གི་སེམས་རྒྱུད་འདུད་དགོས་པ་གཅིག་གྱུར་རེད། དེ་འདུད་ཐབས་ནི་དད་པ་གཙོ་བོ་བྱས་ཏེ་འདུད་པ་གཅིག་དང་། སངས་རྒྱས་པའི་ཆོས་ནི་དམིགས་གསལ་མ་འདྲ་བ་ཞིག་ལ་དད་པ་གཅིག་པུ་མ་ཡིན་པར་ཉོན་མོངས་པའི་གཉེན་པོ་བསྟེན་དགོས་པ་ཞིག འཛམ་གླིང་མི་དུང་ཕྱུར་༧༠ལྷག་ནི་སྡུག་སྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་པ་རེད་མོད། དེའི་ནང་གི་དུང་ཕྱུར་༡༠ལྷག་ཆོས་ལ་དད་པ་མེད་མཁན་རེད། ཡིན་ནའང་། ཚང་མ་མ་ནས་སྐྱེས་པ་དང་མ་ཡི་བྱམས་བརྩེ་འོག་ནས་འཚར་ལོངས་བྱུང་པས། ངོས་ཀྱིས་མཐོང་མྱོང་ཚན་རིག་པས་ཀྱང་ཟླ་ལྔ་ལྷག་ཅན་གྱི་བྱིས་པ་ཞིག་ལ་རྣམ་འགྱུར་འདྲ་མིན་གྱི་པར་རིས་བསྟན་ན་རང་བཞིན་གྱིས་རྣམ་འགྱུར་དེ་བཞིན་སྟོན་པ། བྱམས་བརྩེ་ཡི་རྣམ་འགྱུར་ལ་དགའ་སྣང་དང་སྡུག་པོའི་རྣམ་འགྱུར་ལ་མ་དགའ་བ་སྟོན་གྱི་འདུག ཚན་རིག་པས་མིའི་རང་བཞིན་ལྷན་སྐྱེས་དེ་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པའི་སྡོམ་རྒྱབ་ཡོང་གི་འདུག སྐབས་དེ་དུས་ངོས་ལ་རེ་བ་ཆེན་པོ་བྱུང་སོང་། བྱམས་བརྩེ་ཡི་ས་བོན་ནི་ཡོད་ཡོད་པ་རེད། དེ་ནི་ཆུ་ལུད་དྲོད་བཤེར་གྱིས་འཚར་དགོས་པ་ནང་བཞིན་དུ་ཤེས་ཡོན་ནི་བདེ་སྐྱིད་དང་སེམས་ཀྱི་ཞི་བདེ་ཡི་རྩ་བ་ཡིན་པ། རྒྱུ་དང་དབང་ཆ། ཁ་ཡག་པ་གཅིག་པུ་མ་ཡིན་པར་སེམས་པ་རྣམ་དག་གིས་གྲོགས་དང་གྲོགས་མོ་དངོས་ནས་ཕན་ཚུན་ལ་བློས་འཁེལ་བ་ཞིག་ཡོང་དགོས་པ་ལ་ང་ཚོས་ཀླད་པ་བེད་སྤྱོད་བཏང་སྟེ། ཁོང་ཁྲོ་དང་ཕྲག་དོག་བྱས་ན་སྐྱོན་ཅི་ཡོད་ངོ་སྤྲོད་ཡག་པོ་ཞིག་དང་། ཐར་བ་ཐོབ་པ་དང་སྐྱེས་པ་ཕྱི་མའི་སྐད་ཆ་མ་བཤད་པར་འཛམ་གླིང་མི་དུང་ཕྱུར་༧༠ལྷག་ལ། གནའ་སྔ་མོར་འཛམ་གླིང་གི་གཅིག་གིས་གཅིག་ལ་འབྲེལ་བ་ཞིག་ཡོད་པ་མ་རེད་མོད། དེ་རིང་ཁ་སང་དངོས་པོའི་འཕྲུལ་ཆས་ཡར་རྒྱས་སུ་ཕྱིན་ཡོད་པས་ན། ཧ་ཅང་ཕན་ཚུན་ལྟོས་གྲུབ་ཆགས་ཡོད་པས་འཛམ་གླིང་གོ་ལ་གཅིག་གྱུར་གྱི་རྣམ་པ་གསལ་རུ་འགྲོ་བཞིན་པ་རེད། ང་ཚོའི་བསམ་བློའི་སྟེང་ནས་ང་ཚོ་དང་ཁོ་ཚོ་ཞེས་བསམ་ནས་བསྡད་ན་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མི་འདུག དུད་འགྲོའི་རིགས་ཀྱིས་འཛམ་གླིང་ལ་གནོད་པ་གང་ཡང་བསྐྱད་མེད་པ་དང་འཛམ་གླིང་མདའ་དཀྲུགས་ཕུ་དཀྲུགས་བཟོ་མཁན་ནི་མི་རེད། མིའི་རྣམ་དཔྱོད་ནི་ཉོན་མོངས་ཀྱི་གཞན་དབང་དུ་ཕྱིན་པའི་སྐབས་རྙོག་དྲ་བཟོ་མཁན་དུ་གྱུར་ཏེ། འཛམ་གླིང་སྒང་དུ་ང་ཚོ་དང་ཁོ་ཚོ་ཞེས་ཆོས་ཕྱོགས་དང་མི་རིགས་སོགས་ཀྱི་ཐོག་ནས་དབྱེ་འབྱེད་བྱས་པའི་འབྲས་བུས་མི་མང་པོ་ཞིག་དཀའ་ངལ་ནང་དུ་ལྷུང་བ་རེད། དེ་བས་ང་ཚོས་བཤད་བཞིན་པའི་སེམས་ཅན་ཐམས་ཅད་ཟེར་བ་གང་ལ་ཕྱིན་སོང་། བློ་གཟི་བོའི་ངང་ནས་བལྟས་ན་བྱམས་བརྩེ་ཅན་གྱི་མི་ནི་སྐྱིད་པོ་ཡོད་པ་དང་། བྱམས་བརྩེ་དེ་ཤེས་ཡོན་གྱི་སྒང་ནས་བྱིས་པའི་དུས་ནས་ངོ་སྤྲོད་ཅིག་བྱེད་ཐུབ་ན་མི་རབས་རྗེས་མར་ཏན་ཏན་ཕན་ཐོག་ཡོང་གི་རེད།

ད་སྔ་འཛམ་གླིང་དུ་བདེ་སྐྱིད་ཟེར་ན་མིག་གིས་ལྟད་མོར་ལྟ་བ་དང་རྣ་བས་སྙན་པོ་ཉན་ཡ། ཆང་རག་སོགས་འཐུང་སྟེ་ལུས་ཤེས་ཀྱི་ཚོར་བའི་བདེ་བ་སླེབས་ཀྱི་ཡོད་པ་དང་། དེ་ནི་ཕྲལ་སེལ་ཙམ་རེད་མ་གཏོགས་ཡུན་རིང་པོར་འདུག་གི་མ་རེད། ཡིད་ཤེས་ལ་བསྟེན་ནས་བདེ་སྐྱིད་ཅིག་ཡོང་པ་ཡིན་ན། ཕྱི་ལོག་གི་རྐྱེན་ཅི་འདྲ་ཡོང་ཀྱང་གཅིག་པ་ཡིན་པས་ན་སེམས་ཁམས་རིག་པ་ཧ་ཅང་གིས་གལ་ཆེན་པོ་རེད།

ང་ཚོར་མི་གཅིག་གྱུར་གྱི་འདུ་ཤེས་ནི་ཧ་ཅང་གིས་གལ་ཆེན་པོ་རེད། ངོས་རང་རྒྱལ་བ་རིན་པོ་ཆེ་ཡིན། ངོས་ནང་པ་ཡིན། ངོས་བོད་པ་ཡིན། ལྷག་པར་དུ་ངོས་རང་རྒྱལ་བ་རིན་པོ་ཆེ་ཡིན་ཞེས་ཧ་ཅང་རྩ་ཆེན་དུ་བརྩིས་པ་ཡིན་ན། འཛམ་གླིང་དུ་རྒྱལ་བ་རིན་པོ་ཆེ་གཅིག་མ་གཏོགས་མེད་པས་ན། ངོས་འཛམ་གླིང་གི་མི་དུང་ཕྱུར་༧༠ལྷག་ནང་གི་གཅིག་ཡིན་པ་སེམས་སུ་དྲན་ན། གཡས་དང་གཡོན། མདུན་རྒྱབ་གང་ལ་བལྟས་ན་ཡང་གྲོགས་པོ་མང་པོ་འདུག ངོས་རང་འཛམ་གླིང་གི་རྒྱལ་བ་རིན་པོ་ཆེ་ཡིན་བསམ་ནས་བསྡད་ན། གཡས་གཡོན་མདུན་རྒྱབ་གང་ལ་བལྟས་ཀྱང་རྒྱལ་བ་རིན་པོ་ཆེ་ཡོད་པ་མ་རེད། ངོས་རང་གཅིག་པུ་གྲོགས་མེད་ཁེར་རྐྱང་ལ་གྱུར་བ་རེད། དེ་བས་དེ་ནི་གྱོང་རེད། དེ་རིང་འདིར་འདུས་པའི་མི་རིགས་འདྲ་མིན་གྱི་མི་རྣམས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡིས་མི་ཡི་འདུ་ཤེས་གལ་ཆེན་རེད། མི་དང་མིའི་བར་གྱི་བརྩེ་བ་གལ་ཆེན་རེད། རྟག་ཏུ་འཛུམ་ཤིག་ཤིག་བགྱིས་ཟེར་གྱི་འདུག་ཅེས་དྲན་པར་བྱས་ཨ། སྔོན་ལ་ཕར་འཛུམ་ཤིག་ཤིག་བྱས་དང་ཕར་ཕྱོགས་ནས་ཀྱང་ཚུར་འཛུམ་ཤིག་ཤིག་བྱེད་པའི་གོ་སྐབས་བྱུང་བ་རེད།

ངོས་ཀྱིས་རྨི་ལམ་ཚུན་ཆད་ལའང་ནང་པའི་དགེ་སློང་ཞིག་ཡིན་པ་སེམས་སུ་དྲན་གྱིན་ཡོད། བྱམས་བརྩེ་ཡི་བསླབ་བྱ་གནང་མཁན་གྱི་ཆོས་ལུགས་ཚང་མར་དངོས་ནས་སོ་སོའི་ཆོས་ལུགས་དེ་ནི་བསམ་པ་རྣམ་དག་གིས་ལག་ལེན་འཁེལ་བ་ཡིན་ན། གང་ལྟར་སེམས་རྒྱུད་ཐུལ་བར་ཏན་ཏན་ཕན་ཐོག་ཡོད་པ་དང་། འཛམ་གླིང་གི་ཆོས་ལུགས་ཚང་མར་བྱམས་བརྩེ་ཡོད་པ་གཅིག་པ་རེད་འདུག དེ་འབྲེལ་གྱིས་ལྟ་གྲུབ་མ་འདྲ་བ་ཡོད་ཀྱང་བཟོད་པ་དང་ཆོག་ཤེས་ཀྱི་ཉམས་ལེན་བྱེད་པ་གལ་ཆེན་པོ་རེད།

ལྷག་པར་ཁྱེད་རང་ཚོ་རྒྱ་མི་རིགས་ནི་ལོ་རྒྱུས་ཀྱི་ཐོག་ནས་ཀྱང་བོད་རྒྱ་འབྲེལ་བ་ཆེན་པོ་ཡོད་པ་དང་། ཕལ་ཆེར་འཛམ་གླིང་གང་སར་རྒྱ་རིགས་ཡོད་པ་དེར་ནང་པའི་ལྷ་ཁང་ཡོད་པའི་སྲོལ་ཞིག་འདུག་པས། ལོ་རྒྱུས་ཐོག་ནས་ཀྱང་རྒྱ་རིགས་གྲོགས་པོ་ཚོ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཆགས་ཡོད་པ་རེད། ད་སྔ་ཡང་འཛམ་གླིང་དུ་ནང་བའི་ཆོས་བྱེད་མཁན་གྱི་གྲངས་འབོར་མང་ཤོས་ནི་རྒྱ་ནག་ཆགས་ཡོད་པ་རེད་ལ། རྒྱ་ནག་མི་ས་ཡ་༤༠༠ལྷག་ཅིག་བཤད་ཀྱི་འདུག

ངོས་རང་ཆོས་འཆད་རྒྱུ་ཡིན་དུས་བཞུགས་ཁྲིའི་སྟེང་བསྡད་ཡོད་པ་རེད་མ་གཏོགས། ང་ཚོ་ཚང་མ་མི་གཅིག་གྱུར་ཆགས་ཡོད། ང་ཚོ་ཙམ་མ་ཟད་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་བཅུ་ཙམ་ཡོད་པ་ཚང་མ་འགྲོ་བ་མི་གཅིག་པ་རེད། སྐྱེས་སྟངས་དང་མཐར་འཆི་སྟངས་ཀྱང་གཅིག་པ་རེད། གསོན་པའི་རིང་ཆགས་སྡང་རྨོངས་གསུམ་གཙོ་བོར་འགྱུར་པའི་ཉོན་མོངས་དེ་དག་རང་ཆས་སུ་ཡོད། དེ་བཞིན་བྱམས་པ་དང་སྙིང་རྗེ་སྒོམ་རྒྱུའི་ནུས་པ་དེ་ཡང་གཅིག་མཚུངས་སུ་ཡོད།

ངོས་ཀྱིས་གོང་ནས་མར་བཤད་བཞག་པ་དེ་ནི་དྲན་གསོ་བྱས་ཏེ་སེམས་སུ་ཉར་ཐུབ་པ་ཞིག་དང་ཉར་བ་གཅིག་པུ་མིན་པར་ཡང་ཡང་བསམ་བློ་གཏོང་བ་གལ་ཆེན་རེད། ངོས་རང་ལ་ཆ་གཞག་ན། ཚེ་སྔོན་མར་བསོད་ནམས་ཆེན་པོ་བསགས་ཡོད་པའི་མི་ཞིག་རེད་མོད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ནི་ལོ་བཞི་བཅུ་ལྔ་བཅུ་དྲུག་བཅུ་ལ་བསམ་བློ་བཏང་ནས་ཡོང་བ་ཞིག་མ་གཏོགས་ལས་སླ་བོར་ཡོང་གི་མི་འདུག་པས། ཁྱེད་རང་ཚོས་ཀྱང་ཡུན་རིང་བསམ་བློ་བཏང་སྟེ་སེམས་སུ་འགྱུར་བ་ཐེབས་པ་མ་གཏོགས་དག་ག་ཞིག་གིས་རྩ་བ་ཉིད་ནས་ཡོང་གི་མ་རེད། འཁྱུགས་ཤིག་བསམ་བློ་བཏང་སྟེ་ཡོང་ཡ་མི་འདུག་བསམ་ན་ཧ་ཅང་གིས་བྱབ་ཆུང་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་སྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་བསགས་པ་རེད་ཟེར་གྱི་ཡོད་པ་རེད། བྱས་ཙང་དེ་མིན་ང་ཚོས་གདམ་ཀ་བྱེད་ཀྱི་གང་ཡང་མེད། དེ་བས་དེ་རིང་རྒྱལ་བ་རིན་པོ་ཆེའི་མདུན་ནས་ཆོས་འབྲེལ་ཞུས་ཏེ་སྐལ་བ་བཟང་པོ་བྱུང་ཟེར་བ་མིན་པར། ངས་མི་ཚེ་བསྐྱལ་སྟངས་ཤེས་ཀྱི་ཡོད་ཅེས་མུ་མཐུད་དུ་བསམ་བློ་གཏོང་དགོས་རེད། ཅེས་བཀའ་སློབ་ཟབ་ཅིང་རྒྱས་པ་སྩལ་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།