གོ་བ་མི་ལོག་པར་གསལ་བཤད་འགའ་བྱེད་དགོས་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༠༡།༠༤ཉིན་སྤེལ། བོད་མི་ཆོས་ཞུ་བར་དམ་བསྒྲགས་དང་བཀག་སྡོམ་བྱས་པ་ནི་རྒྱ་ནག་དབུས་གཞུང་དང་ས་གནས་གཞུང་རང་གི་སྲིད་བྱུས་ཡིན་མིན་ཞིབ་ཕྲ་ཞུ་དཀའ་ཡང་། ཧ་ཅང་ཐབས་སྐྱོ་པོ་རེད། ཅེས་དུས་དབང་གོ་སྒྲིག་ཚོགས་གཙོས་བརྗོད་སོང་།

Tibet-Kalachakra-2017རྡོ་རྗེ་གདན་དུ། དེ་རིང་ཕྱི་དྲོའི་ཚོུད་༣།༣༠ཐོག དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཉིས་དུས་དབང་དང་འབྲེལ་ཡོད་ཀྱི་གསར་འགོད་ལྷན་ཚོགས་ཤིག་སྐོང་གནང་སོང་།

དེ་ཡང་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཉིས་དབུ་བཞུགས་ཐོག བཙན་བྱོལ་གཞུང་དང་གཞུང་འབྲེལ་མ་ཡིན་པ། རྒྱ་གར་རྒྱལ་ཁབ་དང་ཕྱི་ཕྱོགས་ཀྱི་རྒྱལ་ཁབ་གང་སར་ཕེབས་པའི་གསར་འགོད་པ་སོགས་མི་གྲངས་༢༠ལྷག་ཅིག་འདུ་འཛོམས་བྱུང་སོང་།

གོང་གི་གསར་འགོད་སྐོང་ཚོགས་ཐོག་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་གིས་གསུང་དོན།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༤པ་རྒྱ་གར་རྡོར་གདན་དུ་དབུ་འཛུགས་མཛད་ནས་སློབ་མ་རྗེས་འཛིན་དང་ས་ཆོག ས་གར་སོགས་གྲུབ་ཟིན་པ་དང་། སང་ཉིན་ཕྱེད་ཡོལ་ནས་སྔོན་འགྲོའི་གསུང་ཆོས་ལ་སྤྱོད་འཇུག་ཆེན་མོ་དང་། སྒོམ་རིམ་བར་མའི་གསུང་ཆོས་བསྩལ་རྗེས་དུས་འཁོར་དབང་ཆེན་གྱི་སྟ་གོན་སོགས་དུས་ཀྱི་འཁོར་ལོའི་དབང་ཆེན་བང་རིམ་བཞིན་འགྲོ་རྒྱུ། དེ་དག་ནི་ངས་རྒྱས་པ་ཞུས་མ་དགོས་པར་ང་ཚོའི་མཛད་རིམ་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གཟིགས་ཐུབ་རྒྱུ་ཡོད་པ་མ་ཟད་ཕྱོགས་གང་སར་ཡོད། ཅེས་དང་།

དེ་རིང་འདིར་དམིགས་བསལ་ཞུ་རྒྱུར། ཐེངས་འདིའི་དུས་དབང་འདི་ནི་བོད་མིའི་སྒྲིག་འཛུགས་དང་ཡོན་བདག་ཉི་ཤུ་རྩ་གྲངས་ཤིག་མཉམ་རུབ་ཀྱིས་གོ་སྒྲིག་ཞུས་ཡོད་པ་དང་དེའི་ཆེད་ཚོགས་ཆུང་ཟུར་འཛུགས་ཞུས་ཡོད། ད་ལྟའི་བར་གྲ་སྒྲིག་ཆ་ཚང་དཀའ་ངལ་མེད་པའི་ཐོག་འཆར་གཞི་ལྟར་ཡག་ཐག་ཆོད་ཕྱིན་ཡོད་ཞུ་རྒྱུ་དང་། ཐེངས་འདིའི་གྲ་སྒྲིག་ཐོག་ཕྱོགས་གང་ས་ནས་གྲ་སྒྲིག་པོ་ཡོང་དགོས་དོན་ནི་རྒྱ་གར་གྱི་མངའ་སྡེ་གཞུང་དང་ས་གནས་རྫོང་ལས་ཁུངས་ནས་མི་ཆའི་མཐུན་རྒྱུར་ཙམ་མིན་པར་འགྲོ་གྲོན་ཕོན་ཆེ་བཏང་ཡོད་པ་ཞུ་རྒྱུ་ཡིན། ཞེས་དང་།

དེ་མིན་ཐེངས་འདིའི་དུས་དབང་ཐོག་བོད་ནས་ཆོས་ཞུ་བ་མང་པོ་ཞིག་ཧ་ཅང་ཕེབས་འདོད་ཡོད་ཀྱང་ཕེབས་ཐུབ་མེད་པ་དང་། ཕེབས་ཐུབ་ཡོད་པ་རྣམས་ཀྱང་དུས་བཀག་བྱས་ཏེ་ཕྱིར་ལོག་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པས། རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་ཡོད་ལུགས་བཤད་ཀྱི་ཡོད་མོད། སོ་སོའི་དད་པ་ཡོད་སའི་བླ་མའི་དྲུང་ནས་ཆོས་ཞུ་རུ་མ་བཅུག་པ་དང་ཁོང་གི་སྐུ་པར་ཉར་མི་ཆོག་འོག ཆོས་དད་རང་དབང་ཡོད་ལུགས་ཤོད་བཞིན་པ་དེ་དྲི་རྟགས་ཀྱི་རང་བཞིན་ཞིག་ཆགས་འདུག བོད་མིར་དམ་བསྒྲགས་དང་བཀག་སྡོམ་བྱེད་རྒྱུ་དེ་དག་རྒྱ་ནག་དབུས་གཞུང་དང་ས་གནས་གཞུང་རང་གི་སྲིད་བྱུས་ཡིན་མིན་ཞིབ་ཕྲ་ཞུས་དཀའ་ཡང་། གང་ལྟར་འདི་ལྟར་བྱེད་རྒྱུ་ནི་ཧ་ཅང་ཐབས་སྐྱོ་པོ་རེད། དེར་ང་ཚོར་ཧ་ཅང་བློ་ཕམ་ཡོད་ཅེས་ཞུ་རྒྱུ་ཡིན། ཞེས་དང་།

དེ་མིན་འབྲེལ་ཡོད་གནས་ཚུལ་མུ་མཐུད་དུ་བརྗོད་དོན། གནད་དོན་གཞན་ཞིག་ནི་རྒྱ་གར་གཞུང་ནས་དངུལ་ལོར་གྱི་ཐོག་དམ་བསྒྲགས་བྱེད་རྒྱུ་སྟབས་འཁེལ་བར་བརྟེན། དུས་དབང་ཚུགས་ཐུབ་མིན་དང་གྲ་མ་འགྲིག་པོ་ཡོང་རྒྱུའི་ཐོག་དྲི་བ་འདྲི་མཁན་དང་དགོངས་ཚུལ་ཡོད་མཁན་བྱུང་ཡོད། དེ་རིང་འདིར་གསལ་པོར་ཞུ་རྒྱུ་ཞིག་ལ་དུས་དབང་འཚོགས་རྒྱུ་དང་གྲ་སྒྲིག་ཞུ་རྒྱུར་དངུལ་ལོར་གྱི་རྐྱེན་པས་དཀའ་ངལ་ཆེ་བ་རིགས་གང་ཡང་བྱུང་མེད། ལས་དོན་ཆ་ཚང་འཆར་གཞིའི་ཐོག་འགྲོ་ཐུབ་པ་བྱུང་ཡོད་ལ། མངའ་སྡེ་གཞུང་ནས་ཆོས་ཞུ་བ་ཚོར་དངུལ་འདོན་རྒྱུའི་མཐུན་རྐྱེན་སྦྱར་ཆེད་དངུལ་ལེན་འཁྲུལ་འཁོར་༢༠་ཟུར་འཛུགས་གནང་བ་ཙམ་མ་ཟད། འཁྲུལ་འཁོར་དེ་དག་གི་ནང་དངུལ་ལོར་འབོལ་པོ་ཡང་འདུག དེར་བརྟེན་དམིགས་བསལ་དཀའ་ངལ་ཆེ་བ་བྱུང་མེད། མི་མང་ངོས་ནས་ཀྱང་དེའི་ཐོག་དཀའ་ངལ་ཡོད་པའི་རྣམ་འགྱུར་ཆེ་བ་ཡོང་གི་མི་འདུག ཅེས་ཞུ་འདོད་བྱུང་། ཞེས་དང་།

ད་དུང་མི་མང་ཆོས་ཞུ་བ་ཡོངས་སུ་དམིགས་བསལ་འབོད་སྐུལ་དོན་ཚན་གསུམ་ཞུས་དོན།
Tibet-Kalachakra-2017-༡༽ ང་ཚོས་གང་ས་ཅི་བདེ་ནས་གྲ་སྒྲིག་རྒྱ་ཆེ་ཞུས་ཡོད། གུར་དང་ཤིང་ཁང་སོགས་མང་པོ་གྲ་སྒྲིག་ཞུས་ཡོད་པ་མ་ཟད། དེ་ཚོའི་ནང་གློག་དེ་དག་གྲ་རྒྱས་པོ་བཙུགས་ཡོད་སྟབས། དེ་ཚོའི་ནང་མེ་སྐྱོན་གྱི་ཉེན་ཁ་ཡོད། དེ་བཞིན་བྷི་ཧར་མངའ་སྡེ་གཞུང་ནས་ཀྱང་འདས་པའི་ཉམས་མྱོང་ལ་གཟིགས་ཏེ་ཉེན་ཁ་ཡོད་ལུགས་བཀའ་གསལ་ཕེབས་པ་ལྟར། ང་ཚོ་ངོས་ནས་མཐུན་རྐྱེན་གང་ཐུབ་སྦྱར་ཡོད་ཀྱང་མི་མང་མི་རེ་ངོ་རེ་ནས་དེ་དོན་དོགས་ཟོན་དང་སྤྱང་གྲུང་གནང་རྒྱུ་གལ་ཆེན་པོ་ཡིན།
༢༽མང་ཚོགས་ཁྲོད་གཏམ་འཆལ་དང་དཀྲོག་གཏམ། དཀྲུག་ཤིང་སོགས་ཀྱི་སྐད་ཆ་གང་ཙམ་འཐོན་བཞིན་ཡོད་སྟབས། མི་མང་རྣམས་དབུ་མ་འཁོར་བར་ལམ་སེང་ཡིད་ཆེས་མ་གནང་བར་བརྟག་དཔྱད་གནང་རྒྱུ་གལ་ཆེན་པོ་རེད། ལྷག་པར་ཆེད་དུ་གཉེར་ནས་དཀྲོག་གཏམ་རིགས་བཟོ་མཁན་དོགས་གཞི་ཡོད་ན་འབྲེལ་ཡོད་ལས་ཁུངས་སོ་སོའི་ལས་བྱེད་ལ་སྙན་སེང་ཞུ་རྒྱུ་གལ་ཆེན་པོ་རེད། གང་ལ་ཞེ་ན། སྐུ་ཕྱྭའི་སྲུང་སྐྱོབ་དང་མི་མང་གི་བདེ་འཇགས་ཀྱི་འགན་ནི་ང་ཚོ་ཚང་མར་འཁྲི་ཡོད་སྟབས་ཚང་མས་སྐུ་སྲུང་གི་འགན་འཁུར་ཐུབ་ན་ཡག་པོ་འདུག ཅེས་འབོད་སྐུལ་འཕར་མ་ཞིག་ཞུ་རྒྱུ་ཡིན།
༣༽ དུས་འཁོར་དབང་ཆེན་གྱི་རིང་ཀུན་མདུན་གྱི་སྐུ་ཚེ་ཚེ་སྒྲུབ་དང་ཆོས་ཞུ་བ་རང་ཉིད་ཀྱི་ཚོགས་བསོད་ནམས་གསོག་ཆེད་སོ་སོའི་ངོས་ནས་དཀར་སྐྱོང་གནང་རོགས། ཞེས་ཞུ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་རྗེས་གསར་འགོད་པ་ཁག་ཅིག་གིས་དྲི་བ་དྲིས་པའི་དྲིན་ལན་བརྗོད་དོན། སྔོན་མ་༢༠༡༢ལོར་འབུམ་གཉིས་ཤིག་གསུངས་བསྡད་པ་བཞིན། ད་ལོ་འབུམ་གཉིས་ཆ་བཞག་སྟེ་འབུམ་གསུམ་ཞིག་མི་ཡོང་ངམ་བསམ། ད་སྔ་ཞུ་ཚོད་ཐུག་གི་མི་འདུག་མོད། ད་རུང་ཉིན་ཁ་ཤས་ཡོད་པ་རེད་ལ། ཆོས་ཞུ་བ་མང་རུ་མང་རུ་འགྲོ་ཡིན་འདུག ཡིན་ནའང་། སྔོན་མ་ཡོང་དགོས་བསམ་བསམ་ཚང་མ་ཕེབས་ཐུབ་ཀྱི་མེད་པ་གསལ་བོ་རེད། དངུལ་ལོའི་དཀའ་ངལ་གྱིས་ཕལ་ཆེར་ཕེབས་ཐུབ་ཀྱི་མེད་མཁན་ཚང་མ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་རྣམས་མིན་ནམ་བསམ། བདེ་སྲུང་ལས་ཁུངས་ཀྱི་ཕེབས་ཐོ་གཞིར་གཞག་བྱས་ན། རྒྱལ་ཁབ་༨༠ལྷག་ཡིན་པའི་གྲངས་ཀར་ཁྱད་པར་ཞེ་དྲག་འགྲོ་ཡི་མ་རེད། ཅེས་གསར་འགོད་པའི་དྲི་བར་ལན་རྒྱབ་སོང་པ་བཅས།།

གསར་འགོད་པ་ཆོས་ཉིད་ཀྱིས་རྡོར་གདན་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།