༧གོང་ས་མཆོག་རྡོར་གདན་དུ་ཞབས་སོར་བདེ་བར་བཀོད་སོང་།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༩ཉིན་སྤེལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་གསར་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་རྡོར་གདན་གནང་བར་ཞབས་སོར་བདེ་བ་འཁོད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་མཛད་འཕྲིན་ཁག་བཀའ་དྲིན་ཆེ་བསྐྱང་རྗེས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་མི་དད་ལྡན་ཁག་གིས་ཇི་ལྟར་གསོལ་བ་བཏབ་པར་ཐུགས་བཞེས་གནང་བའི་མཛད་འཕྲིན་བསྐྱང་ནས་འདི་ཟླའི་ཕྱི་ཚེས་༢༨ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བར་བཀོད་ཡོད་འདུག
དེ་ཡང་བཙན་བྱོལ་གཞུང་དཔལ་ལྡན་བཀའ་ཤག་གི་ངོས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་ཕྱི་ཟླ་དང་པོའི་ཚེས་ ༣ ནས་ ༡༤ བར་གནང་རྒྱུར་གཏན་འཁེལ་ཡོད་ཀྱང་། རྗེས་སུ་ཟླ་དང་པོའི་ཚེས་ ༢ ནས་ ༤ བར་༸གོང་ས་མཆོག་དབུ་བཞུགས་འོག་རྣམ་རྒྱལ་གྲྭ་ཚང་གི་མཁན་བླ་གྲྭ་སོགས་ཀྱིས་ས་ཆོག་དང་རྡུལ་མཚོན་གྱི་དཀྱིལ་འཁོར་འབྲི་བཞེངས་སོགས་གནང་རྒྱུ་དང་།  ཚེས་ ༥ ནས་ ༨ ཉིན་བཅས་ཉིན་གྲངས་ལྔའི་རིང་སྔོན་འགྲོའི་གསུང་ཆོས་ལ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་བའི་གསུང་ཆོས་བསྩལ་རྒྱུ།   ཚེས་ ༩ ཉིན་རྣམ་རྒྱལ་གྲྭ་ཚང་གིས་དུས་འཁོར་གྱི་མཆོད་གར་དང།    ཚེས་ ༡༠ ནས་ ༡༣ བར་དུས་འཁོར་དབང་ཆེན་གྱི་དབང་གི་སྟ་གོན་དང་། དབང་དངོས་དཀྱིལ་འཁོར་དུ་ཞུགས་པ་ནས་གོང་མ་གོང་ཆེན་རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བཀའ་དྲིན་བསྩལ་རྒྱུ།    ཚེས་ ༡༤ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཡིན་འདུག ཅེས་སྐུ་སྒེར་དྲ་བའི་ཐོག་སྐུ་ཉིད་ཀྱི་མཛད་རིམ་སྤེལ་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།