བོད་ཀྱི་ངོ་བོ་ནི་རི་བོ་ཧི་མཱ་ལ་ཡའི་སྟེང་དུ་མི་འཇིགས་པར་གནས་ཡོད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༢༢ཉིན་སྤེལ། ཉེ་ལམ་ཨ་རི་ནས་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། གཞོན་སྐྱེས་བཅས་རྒྱ་རིགས་གྲོགས་པོ་རྣམས་ལ་སྣེ་ལེན་གྱི་ལམ་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད་འདུག

K2དེ་ཡང་སྐབས་འདིའི་ལས་འགུལ་ཐོག་ཏུ་གནད་ཡོད་རྒྱ་རིགས་ཁག་ཅིག་ནས་གསུངས་བཤད་གནང་བ་ལས་"བོད་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་ང་ཚོ་རྒྱ་རིགས་ཚོས་སོ་སོའི་ནང་མི་དང་། གྲོགས་པོ། དགའ་ཉེ་བློ་དཀར་རྣམས་ལ་འགྲེལ་བརྗོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ། བོད་མི་རིགས་ལ་དམར་པོའི་དབང་སྒྱུར་གྱིས་རྐྱེན་པས་གོད་ཆགས་ཆེན་པོ་ཕོག་ཡོད་ཀྱང་། བོད་ཀྱི་ཆུ་བོད་ཀྱི་ས། བོད་ཀྱི་རི་དང་ཀླུང་། བོད་ཀྱི་ངོ་བོ་ནི་རི་བོ་ཧི་མཱ་ལ་ཡའི་སྟེང་དུ་མི་འཇིགས་པར་གནས་ཡོད། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག   བོད་ཀྱི་གཞས་དང་བོད་ཀྱི་གླུ་ནི་རྒྱ་རིགས་ཀྱི་གཞས་དང་གླུ་ལས་ཕྱུག་པ་ཡོད། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཐོག་བཟང་སྤྱོད་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན། "ཞེས་བརྗོད་འདུག

འདི་ཟླའི་ཕྱི་ཚེས་༡༧་བྱང་ཨ་རི་སྐུ་ཚབ་དོན་གཅོད་ཁང་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་ནས་Virginia མཐོ་སློབ་ཀྱི་ཚོགས་ཁང་དུ་ཝ་ཤིང་ཀྲོན་ཌི་སི་དང་།  Washington DC མེ་རི་ལན་ཌ།  Maryland  ཝར་ཇི་ནི་ཡར་ Virginia ཞུགས་པའི་རྒྱ་རིགས་ཤེས་ཡོན་ཅན་དང་། རྩོམ་པ་པོ། མང་གཙོ་དོན་གཉེར་བ། གཞོན་སྐྱེས་བཅས་རྒྱ་རིགས་གྲོགས་པོ་རྣམས་ལ་སྣེ་ལེན་གྱི་ལམ་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་གྱི་ལས་འགུལ་ཞིག་སྤེལ།

འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་ཁྲིམས་རྩོད་པ་གྲན་ཀོང་ཁྲན་དང་། Chen Guangcheng   ཞིང་གཤེགས་སྲིད་བློན་ཀྲའོ་ཙེ་ཡང་Zhao Ziyang གི་སློབ་སྟོན་པ་ཡན་ཅ་ཆི། མང་གཙོ་དོན་གཉེར་བ་ཝེ་ཅིང་ཧྲིན།   རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ Matteo Mecacci ལགས་དང་། འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས། རྒྱ་རིགས་ལ་འབྲེལ་ལམ་གནང་མཁན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ལས་རིགས་འདྲ་མིན་གྱི་རྒྱ་བོད་སྐུ་མགྲོན་ལྔ་བཅུ་ལྷག་ཙམ་དང་། ས་གནས་བོད་མི་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་རིག་གཞུང་འཁྲབ་སྟོན་ལ་ཕེབས་འདུག

སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་རྒྱ་རིགས་གྲོགས་པོ་རྣམས་ཀྱིས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་བོད་མི་རིགས་དབར་འབྲེལ་ལམ་ཤུགས་ཆེ་རུ་གཏོང་རྒྱུའི་གལ་ཆེའི་རང་བཞིན་དང་། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་བྱེད་ཕྱོགས་ལས་འཕྲོས་ཏེ་བོད་དོན་དང་འབྲེལ་བའི་སྐོར་ཕྱོགས་ཡོངས་ནས་ངོ་སྤྲོད་སྙིང་བསྡུས་གནང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Matteo Mecacci ལགས་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནམ་མཁའ་བསྟན་འཛིན་ལགས་ནས་ཀྱང་འཚམས་འདྲིའི་གསུང་བཤད་གནང་།

རིག་གཞུང་འཁྲབ་སྟོན་མ་གནང་གོང་གནད་ཡོད་རྒྱ་རིགས་ཁག་ཅིག་ནས་གསུང་བཤད་གནང་སྐབས་བོད་མི་རིགས་ཀྱི་རིག་གཞུང་དང་། བཙན་བྱོལ་གྱི་ལོ་ཟླའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྐྱེ་འགྲོ་ཀུན་ལ་སྨན་པའི་རླབས་ཆེན་གྱི་མཛད་རྗེས་ལ་ཡི་རང་གུས་འདུད་ཤུགས་ཆེ་ཞུས་སོང་བ་དཔེར་ན། གསུང་བཤད་གནང་མཁན་རྒྱ་རིགས་ཚོས་ “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མིའི་དབུ་ཁྲིད་ཡིན་པ་ཙམ་དུ་མ་ཟད། རྒྱ་མི་རིགས་ལ་ལམ་སྟོན་མཛད་མཁན་གྱི་དབུ་ཁྲིད་ཅིག་ཀྱང་ཡིན་པ་དང་། ༸གོང་ས་མཆོག་ཐུགས་ཕམ་བྱུང་ན་ང་ཡང་སེམས་པ་མ་སྐྱིད་ཅིང་། ༸གོང་ས་མཆོག་ཐུགས་དགྱེས་ན། ང་རང་ཡང་དགའ་པོ་ཡོང་བཞིན་འདུག

༸གོང་ས་མཆོག་བོད་དུ་༸ཞབས་སོར་འཁོད་ཐུབ་པ་ཡིན་ན། བོད་ཀྱི་གནད་དོན་ཐག་གཅོད་ཡོང་རྒྱུ་མ་ཟད། རྒྱ་ནག་གི་གནད་དོན་ཡང་གང་འཚམས་ཐག་གཅོད་ཡོང་རྒྱུ་ཡིན། འཛམ་གླིང་འདིའི་ཐོག་འགྲོ་བ་མིའི་རིགས་ཀྱིས་ལྡོག་ཐབས་མེད་པའི་སྐྱེ་རྒ་ན་འཆིར་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་གནང་ཐུབ་མཁན་དབུ་ཁྲིད་གཅིག་ཁོ་ན་ལས་མེད་པ་ནི་༸གོང་ས་མཆོག་ཡིན།

དེ་རིང་འདིར་རྒྱ་རིགས་མང་པོ་ཞིག་འདུག་པ་༸གོང་ས་མཆོག་གི་རྗེས་འབྲང་པ་ཡིན་སྲིད།   ང་རང་ཡང་༸གོང་ས་མཆོག་གི་རྗེས་འབྲང་པ་ཞིག་ཡིན།   རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི་ཁ་བྲལ་དང་། རང་བཙན་རེད་ཟེར་བ་བདེན་པ་མིན་པ་དང་། བོད་ཀྱི་དངོས་ཡོད་གནས་ཚུལ་གང་ཡིན་པ་རྣམས་ང་ཚོ་རྒྱ་རིགས་ཚོས་སོ་སོའི་ནང་མི་དང་། གྲོགས་པོ། དགའ་ཉེ་བློ་དཀར་རྣམས་ལ་འགྲེལ་བརྗོད་བྱེད་རྒྱུ་ཤིན་ཏུ་གལ་ཆེ། བོད་མི་རིགས་ལ་དམར་པོའི་དབང་སྒྱུར་གྱིས་རྐྱེན་པས་གོད་ཆགས་ཆེན་པོ་ཕོག་ཡོད་ཀྱང་། བོད་ཀྱི་ཆུ་བོད་ཀྱི་ས། བོད་ཀྱི་རི་དང་ཀླུང་། བོད་ཀྱི་ངོ་བོ་ནི་རི་བོ་ཧི་མཱ་ལ་ཡའི་སྟེང་དུ་མི་འཇིགས་པར་གནས་ཡོད། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག   བོད་ཀྱི་གཞས་དང་བོད་ཀྱི་གླུ་ནི་རྒྱ་རིགས་ཀྱི་གཞས་དང་གླུ་ལས་ཕྱུག་པ་ཡོད། ༸གོང་ས་མཆོག་ནི་རྒྱལ་སྤྱིའི་ཐོག་བཟང་སྤྱོད་ལམ་སྟོན་གནང་མཁན་གྱི་དབུ་ཁྲིད་ཅིག་ཡིན། ༸གོང་ས་མཆོག་གི་མཛད་པ་ནི་འཕྲིན་ལས་ནི་འགྲན་ཟླ་བྲལ་བ་ཞིག་ཡིན།   ཁོང་གི་མཛད་རྗེས་རྣམས་ང་ཚོས་ཚིག་གིས་ལམ་ནས་བརྗོད་ཐུབ་ཐབས་མི་འདུག ”  སོགས་གསུངས་ནས་༸གོས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་དང་། བོད་མིའི་ཆིག་སྒྲིལ་དང་སྙིང་སྟོབས། ནང་ཆོས་ཀྱི་རིག་གཞུང་ལ་ཚད་མཐོའི་གདེང་འཇོག་གནང་ཡོད།

ཐེངས་འདིར་རིག་གཞུང་འཁྲབ་སྟོན་གནང་མཁན་ནིའུ་ཡོག་ནས་ཝ་ཤིང་ཀྲོན་དུ་ཆེད་དུ་ཕེབས་པའི་བོད་ཀྱི་ཟློས་གར་ཟུར་པའི་སྒྱུ་རྩལ་བ་མི་གྲངས་བཅུ་བདུན་ནས་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་གཞས་སྣ་གཟིགས་འབུལ་ཞུས་པ་དང་། རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པས་ལས་ཞོར་དུ་སྦྱངས་པའི་རིག་གཞུང་འཁྲབ་སྟོན་གནང་བ་བཅས་ལ་རྒྱ་རིགས་ཚོས་བསྔགས་བརྗོད་དང་ཡིད་སྨོན་ཆེན་པོ་གནང་བ་མ་ཟད། འདི་གའི་རྒྱ་རིགས་འབྲེལ་མཐུད་པར་མ་འོངས་པར་རྒྱ་རིགས་ཡོད་སའི་ས་གནས་གཞན་ལའང་འདི་ལྟ་བུའི་རིག་གཞུང་འཁྲབ་སྟོན་གྱི་ལམ་ནས་བོད་དོན་ངོ་སྤྲོད་གནང་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་འདུག་ཅེས་ཟོལ་མེད་ཐོག་བསམ་འཆར་ཞུ་མཁན་བྱུང་འདུག་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།