ཨ་རི་ནས་བོད་རྒྱ་གཉིས་འདུ་འཛོམས་ཀྱི་སྐོང་ཚོགས་ཤིག་བྱུང་འདུག
༢༠༡༦།༡༢།༢༢ཉིན་སྤེལ། ཉེ་ལམ་ཨ་རི་རྒྱལ་ཁབ་ལ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུན་མོང་ནས་བོད་རྒྱའི་འབྲེལ་ལམ་ཡར་རྒྱས་ཀྱི་འདུ་འཛོམས་ཤིག་སྐོང་འདུག
དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་གྲོང་ FLUSHING དུ། ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུན་མོང་ནས་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པར་དགའ་བསུ་དང་། བོད་རྒྱའི་འབྲེལ་ལམ་ཡར་རྒྱས་ཀྱི་འདུ་འཛོམས་ཤིག་གྲ་སྒྲིག་གནང་ཡོད་པ་མ་ཟད། སྐབས་དེའི་ཚོགས་ཐོག་ཏུ་རྒྱ་རིགས་མཁས་དབང་དང་རྩོམ་སྒྲིག་པ་ཁ་ཤས་ཀྱིས་"༧གོང་ས་མཆོག་གིས་སྔ་ས་ནས་རྒྱ་བོད་གཉིས་འཆམ་མཐུན་མཉམ་གནས་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་ཡོད་ཀྱང་། ང་ཚོ་རྗེས་ལུས་ཐེབས་པ་རེད། དེར་བརྟེན་ངས་བོད་རིགས་གྲོགས་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན། "ཞེས་བརྗོད་ཡོད་འདུག
འདི་ཟླའི་ཕྱི་ཚེས་༡༦ཉིན་གྱི་དགོང་མོར་ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་དུ་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་ཐུན་མོང་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་རྒྱ་གྲོང་ FLUSHING དུ་བོད་ཀྱི་སྐུ་ཚབ་དོན་གཅོད་གསར་པར་དགའ་བསུ་དང་། རྒྱ་བོད་འབྲེལ་ལམ་ཡར་རྒྱས་ཀྱི་འདུ་འཛོམས་ཤིག་གྲ་སྒྲིག་གནང་ཞིང་། ནིའུ་ཡོག་གྲོང་ཁྱེར་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཤ་མིང་ XIA MING གིས་འདུ་འཛོམས་གཙོ་སྐྱོང་གནང་འདུག
དེ་མིན་དགེ་རྒན་ཆེན་མོ་ཤ་མིན་གྱིས་མགྲོན་འབོད་ལྟར་འདུ་འཛོམས་ལ་ཕེབས་པའི་ཨ་རིའི་སྐུ་ཚབ་དོན་གཅོད་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་དང་། བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་ཚོགས་གཙོ་རྣམས་ལ་འཚམས་འདྲི་དང་འབྲེལ་གསུང་དོན། ང་ཚོ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་ཡིན། དེ་རིང་འདུ་འཛོམས་ཀྱི་དགོས་དོན་གཙོ་བོ་ནི་རྒྱ་བོད་གཉིས་དབར་གྱི་འབྲེལ་ལམ་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་འདུག
གཞན་ཡང་འདུ་འཛོམས་དེར་རྒྱ་རིགས་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་འདུག་པ་དང་། ཆབ་སྲིད་དཔྱད་གཏམ་པ་གྲན་ཕོ་ཁུང་Chen Pokong དང་། ཀོ་ལིམ་སྦི་ཡ་གཙུག་ལག་སློབ་ཆེན་གྱི་མཁས་དབང་ཝང་ཅུན་ཐའོ། Wang Juntao པེ་ཅིང་དཔྱིད་ཀའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧུའུ་ཕིང་Hu Ping སོགས་ནས་སྐབས་དེར་མི་སེམས་འགུལ་བའི་གསུང་བཤད་གནང་དོན། དེ་རིང་དགོང་མོའི་གནམ་གཤིས་གྲང་ངར་ཆེ་ཡང་། ཚོགས་ཁང་ནང་གི་རྣམ་པ་ནི་དཔྱིད་ཀའི་གནམ་གཤིས་ལྟར་དྲོ་སྐྱིད་ལྡན་པའི་ཚོར་སྣང་ལས་དགུན་ཁ་ཡིན་པའི་ཚོར་བ་མི་འདུག ང་ཚོ་ཚང་མ་འདིར་མཉམ་དུ་གནས་ཐུབ་པ་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན། ༸གོང་ས་མཆོག་གིས་སྔ་ས་ནས་རྒྱ་བོད་གཉིས་འཆམ་མཐུན་མཉམ་གནས་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས་ཡོད་ཀྱང་། ང་ཚོ་རྗེས་ལུས་ཐེབས་པ་རེད། དེར་བརྟེན་ངས་བོད་རིགས་གྲོགས་པོ་རྣམས་ལ་དགོངས་སེལ་ཞུ་རྒྱུ་ཡིན། ཞེས་དང་།
ཡང་རྒྱ་རིགས་གཞན་ཞིག་གིས། དེང་སང་བྱང་ཨ་རི་ཙམ་མ་ཟད། ཡུལ་གྲུ་གང་སར་བོད་རྒྱའི་འབྲེལ་ལམ་ཡག་ཏུ་འགྲོ་བཞིན་པ་དང་། བོད་རྒྱ་མི་རིགས་གཉིས་དབར་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་འཛུགས་ཐུབ་པ་བྱུང་ཡོད། དེའི་ཐོག་ནས་༸གོང་ས་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་ལ་རླབས་ཆེན་གྱི་གྲུབ་འབྲས་ཐོན་པ་སྟོན་བཞིན་ཡོད་པས། ང་ཚོས་གོ་སྐབས་འདི་བརྒྱུད་༸གོང་ས་མཆོག་ལ་སེམས་གཏིང་ནས་དགའ་བསུ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས།
སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་སྐབས། རྒྱ་རིགས་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ད་དུང་མུ་མཐུད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་གསུམ་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་གནང་ཡོད།
ནིའུ་ཡོག་གྲོང་ཁྱེར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ SENATOR REV. RUBEN DIZA ལས་ཁུངས་ནས་སྐུ་ཚབ་དོན་གཅོད་ལ་ཆེ་བསྟོད་ཀྱི་ཕྱག་ཁྱེར་དང་། རྒྱ་རིགས་སྙན་ངག་པ་དང་སྒྱུ་རྩལ་བ་ཧོང་ཞང་Huang Xiang ནས་སྙན་ངག་བྲིས་མ་དང་། སྒྱུ་རྩལ་གྱི་རི་མོ་ཕུལ་ནས་བོད་མིའི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེ་མཚོན་པ་གནང་ཞིང་། གྲོང་ཁྱེར་ནིའུ་ཡོག་ནང་ཡོད་པའི་ལྷ་ས་སྐྱིད་སྡུག་གི་སྒྱུ་རྩལ་བ་རྣམས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་གནང་འདུག བོད་ཀྱི་ཐེབས་རྩའི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ཆོས་རྫོང་ལགས་ཀྱིས་ཀྱང་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་བཅས།།
གསར་འགོད་པ་ཆོས་ཉིད།