བོད་ཀྱི་ལོ་རྒྱུས་ནང་དགེ་བཤེས་མའི་ལག་ཁྱེར་སྤྲད་རྒྱུ་ད་རེས་བྱུང་བ་རེད།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༦།༡༢།༡༩ཉིན་སྤེལ། དགེ་བཤེས་མའི་ལག་ཁྱེར་སྤྲོད་རྒྱུའི་སྲོལ་གཏོད་ཐུབ་པ་འདི་ནི་ངོས་ཀྱིས་བསྟན་པའི་བྱ་བར་བྱས་རྗེས་དང་ཞབས་འདེགས་ཕྲན་བུ་ཞིག་སྒྲུབ་ཁུལ་ཡིན། ཞེས་བཀའ་སློབ་གནང་འདུག

འདི་ཟླའི་ཕྱི་ཚེས་ ༡༦ ཉིན། ༧གོང་ས་མཆོག་གིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་དགེ་བཤེས་མའི་ཕྱག་ཁྱེར་འབུལ་རྒྱུའི་སྲོལ་གཏོད་མཛད་པའི་སྐོར་བཀའ་སློབ་སྩལ་དོན།  དམིགས་བསལ་ཞིག་ལ་དགེ་བཤེས་མའི་ལག་ཁྱེར་སྤྲད་རྒྱུ་དེ་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ནང་དེ་སྔ་བྱུང་མྱོང་མེད།
ཉེ་བའི་ལོ་རྒྱུས་ནང་དུའང་ཕྱོགས་གཅིག་ནས་ལོ་ཉི་ཤུ་ཙམ་སློབ་སྦྱོང་བྱས་ནས་དགེ་བཤེས་མའི་ལག་ཁྱེར་སྤྲད་རྒྱུ་ད་རེས་བྱུང་བ་རེད། ངོས་ཀྱི་ངོས་ནས་ཆ་བཞག་ན་འདི་བསྟན་པའི་ཞབས་འདེགས་ཡིན་བསམ་པ་དྲན་བཞིན་ཡོད། བར་སྐབས་ཁྱེད་རང་ཚོས་གསན་ཡོད། མ་འོངས་པར་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་རྒྱུ་འདི་མང་ཚོགས་ནང་ནས་བྱ་དགོས་རྒྱུ་ཞིག་ཆགས་ཀྱི་ཡོད། མང་ཚོགས་ནང་ཆོས་ལ་དོ་སྣང་ཧ་ཅང་མེད་པ་དང་ཆོས་དད་མེད་པ་ལྟ་བུ་ཆགས། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཕྱག་སྲོལ་ཐུན་མིན་ཡོད་པ་འདི་མ་ཤེས་པར་ཆོས་ཟེར་དུས་ཆོ་ག་ཕྱག་ལེན་ལྟ་བུ་དང་། འདོན་པ་གདོན་རྒྱུ་ཙམ་དང་། སྨོན་ལམ་བརྒྱག་རྒྱུ་ཙམ་ལ་ལྷག་པ་ཡིན་ན།  དེང་སྐབས་ཉི་ཧོང་དུ་ཆ་བཞག་ན་རྩ་བའི་ཡུལ་དེ་ནང་པའི་ལུང་པ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལ་སོགས་པར་སྨོན་ལམ་བརྒྱག་རྒྱུ་ཡོང་གི་ཡོད་ཀྱང་། དགོན་པ་ཚོར་སློབ་གཉེར་མེད་སྟབས་མཐོང་བརླག་འགྲོ་གི་འདུག

དེང་སྐབས་ཉི་ཧོང་ནང་ཆོས་དད་ཡོད་མཁན་ཚོས་དགོན་པ་ཟེར་དུས་ཞབས་བརྟན་སྒྲུབ་ནས་འབུལ་བ་སྡུད་མཁན་ལྟ་བུ་མ་གཏོགས་གཞན་ཤེས་ཡོན་མེད་པ་དང་། ནང་ཆོས་ངོ་སྤྲོད་བྱ་རྒྱུའི་སློབ་ཁྲིད་མེད་པར་བརྟེན་མཐོང་བརླག་འགྲོ་གི་འདུག གང་ལྟར་མང་ཚོགས་ནང་སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་དང་། ཤེས་ནས་དད་པ་ཐོབ་པར་སློབ་སྦྱོང་བྱེད་དགོས་རེད་མ་གཏོགས་ཕ་མེས་ངག་རྒྱུན་ལྟ་བུ་བྱས་ནས་འདོན་པ་གདོན་རྒྱུ་དང་གཟུངས་སྔགས་བགྲང་རྒྱུ་གཅིག་པུའི་འདང་རྒྱུ་མེད་པ་གསལ་པོ་རེད། དགེ་སློང་མ་བཟོ་རྒྱུར་ངོས་ལ་དབང་ཆ་མེད། འདུལ་བ་འཛིན་པ་ཚོས་གོ་བསྡུར་གནང་ནས་ཐག་གཅོད་བྱེད་རྒྱུ་ཞིག་རེད།

བར་སྐབས་ང་ཚོ་ཐེངས་མང་པོ་གོ་བསྡུར་བྱས་པ་རེད། རྒྱའི་གདུལ་བ་འཛིན་པ་དེ་འདྲ་དང་། དེ་བཞིན་འབར་མ་སོགས་ཀྱི་འདུལ་བ་འཛིན་པ་ཚོ་དང་ང་ཚོ་ཚོགས་ནས་གོ་བསྡུར་བྱེད་རྒྱུ་ཐེངས་ཁ་ཤས་བྱུང་བ་རེད། འོན་ཀྱང་ཐག་ཆོད་པ་ཞིག་གང་ཡང་ཡོང་གི་མི་འདུག ངོས་ཀྱིས་ཐག་གཅོད་ཐུབ་རྒྱུ་ག་རེ་ཡོད་པ་རེད་ཅེ་ན། བཙུན་མའི་དགོན་པ་ཚོ་དཔེ་ཆ་ལྟ་དགོས་རེད། ཅེས་ཕལ་ཆེར་ལོ་བཞི་བཅུ་ལྷག་གོང་ནས་ལབ་ནས་ད་ཆ་དགེ་བཤེས་མ་ཐོན་ཡོང་རྒྱུ་ཞིག་བྱུང་བ་རེད། ད་རེས་ལག་ཁྱེར་སྤྲད་རྒྱུ་འདི་ལྟར་རེད། འདི་ངོས་ཀྱི་བསྟན་པའི་ཞབས་འདེགས་ཡིན་བསམ་པ་ཞིག་དང་ངོས་ཀྱིས་བྱས་རྗེས་ཡིན་བསམ་པ་དྲན་བཞིན་ཡོད། ཅེས་བཀའ་སློབ་སྩལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།